ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལོ་རྒྱུས། >> སྨྲང་རབས་ལོ་རྒྱུས། >> གཡུང་དྲུང་སེམས་མའི་འདུ་ཚོགས།
གཡུང་དྲུང་སེམས་མའི་འདུ་ཚོགས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སྨན་རིའི་དགེ་བཤེས་ཉི་ཟླ་འོད་ཟེར་རྒྱལ་མཚན།] [ཟླ་ཚེས། 10-10-22] [ཀློག་གྲངས། ]

(བོན་བསྟན་ཉམས་ལེན་ལས་བྱུང་བའི་བུ་མེད་གྲགས་ཅན་འགའ་ཞིག་གི་སྐོར།)

 

         དེ་ཡང་ལུང་ལས། "དེས་ན་འཕགས་པའི་གང་ཟག་དང་བྱང་ཆུབ་སེམས་དཔའ་གང་ན་ཡོད་མི་ཤེས་པས་ཐམས་ཅད་ལ་དག་སྣང་སྦྱང༌། 1" ཞེས་པའི་གསུང་དུམ་དེ་ཕྲན་ལྟ་བུས་ལུང་འདྲེན་འོས་མིན་མ་ཤེས་ཀྱང༌། དྲན་ཤེས་མནལ་དུ་ཕེབས་པའི་གང་ཟག་ཞིག་གིས་དཔྱད་ཚེ་གཏིང་ཟབ་པའི་ལུང་གི་སྙིང་བཅུད་ཞིག་ཡིན་པ་ཐེ་མི་ཚོམ།
    དེའང་གཞན་སྡེའི་འདུལ་བའི་ལས་ཆོག་འགའ་ཞིག་ལས། "གངས་རྀའི་ལྗོངས་འདིར་བུ་མེད་བསྙེན་རྫོགས་བྱེད་མི་རུང༌།" ཞེས་སོགས་གསུངས་པའི་དགོངས་དོན་ཇི་ལྟར་ཡིན་དཔོག་མ་ནུས་ཀྱང༌། རང་ལུགས་ལ་སྟོན་པ་སངས་རྒྱས་ཀྱིས་ཕོ་མོ་ལ་རིས་སུ་མེད་པར། "འཁོར་བའི་སེམས་ཅན་ཕོ་དང་མོ། མཐོ་རིས་ཐར་པའི་གནས་འདོད་ན། ཕོ་རྣམས་ཁྲི་གདན་ཆེན་པོ་སྤོངས། མོ་རྣམས་རླ་གབ་ཆེན་པོ་སྤོངས།" སོགས་ཀྱིས་མཚོན་མི་ཡི་མཚན་ཉིད་ཚང་བའི་ཕོ་མོ་གང་དང་གང་ལའང་སོ་སོ་ཐར་པའི་རྟེན་དུ་རུང་བ་གསུངས་པ་དང༌། དེ་དག་གི་རྗེས་འཇུག་གངས་ཅན་ལྗོངས་འདིར་བསླབ་པ་གསུམ་གྱིས་བརྒྱན་པའི་གྲུབ་ཐོབ་མ་ཇི་སྙེད་གཅིག་བྱོན་ཡོད་པ་འདི་དག་སྐོར་ད་ལན་བཤད་བྱ་གཙོ་བོར་བཟུང་ནས་ཅུང་ཞིག་གླེང་བར་འདོད།
     དེའང་མི་ལོ་ཆིག་ཁྲིའི་ཡར་སྔོན་སྟོན་པ་ཞལ་བཞུགས་པའི་གནས་སྐབས་སུ་གཡུང་དྲུང་སེམས་མ་གྲངས་མེད་བྱོན་ཡོད་པ་སྨྲོས་མེད་ཡིན་ལ། ཁྱད་པར་སྟོན་པ་རང་གི་སྲས་གཤེན་ཟ་ནེའུ་ཆེན་དང་ནེའུ་ཆུང་གཉིས། ཧོས་དང་བ་ཡིད་རིང་གི་སྲས་མོ་ཧོས་ཟ་རྒྱལ་མེད་མ་དང༌། དཔོ་རྒྱལ་འབར་བའི་སྒྲོན་མེའི་སྲས་མོ་དཔོ་ཟ་ཐང་མོ། ཀོང་རྗེ་དཀར་པོའི་སྲས་མོ་ཀོང་ཟ་འཕྲུལ་ལྕམ་སོགས་སོ་ཐར་གྱི་སྒོར་ཞུགས་པ་ཤ་སྟག་ཡིན་ལ། དེའང་དྲང་སྲོང་དང་གཙང་གཙུག དགེ་བསྙེན་ཅི་རིགས་པར་གནས་ཡོད་པར་གསུངས་2པ་འདི་དག་ལ་གཞིག་ཚེ་སོ་ཐར་གྱི་རྟེན་ཅན་གྲངས་མི་ཉུང་བ་ཞིག་བུ་མེད་ཀྱི་ལུས་རྟེན་ལ་བརྟེན་ནས་སངས་རྒྱས་ཡོད་པར་ངེས་ལ། ད་དུང་མོ་ལུས་གསང་སྔགས་ཀྱི་དཔེར་ན་རྒྱལ་ཡུམ་བཟང་ཟ་རིང་བཙུན་ 3 སོགས་གསང་སྔགས་མ་རྒྱུད་ཀྱི་བོན་ལ་མཁས་པའི་གོ་འཕང་བརྙེས་པའང་གྲངས་མང་བྱུང་ཡོད།

༼བོན་མོ་རྫུ་འཕྲུལ་མ་དགུ།༽

     ཕྱིས་མི་ལོ་༼ཕྱི་ལོའི་སྔོན་གྱི་༡༥༦༡༩༽ཡས་མས་སུ་རྟག་གཟིགས་ནས་ཞང་བོད་ཡུལ་དུ་གཡུང་དྲུང་བོན་གྱི་བསྟན་པ་དར་རྒྱས་སུ་བྱུང་བ་ནས་བཟུང༌། གསང་སྔགས་དང་སེམས་ཕྱོགས་ལ་མཁས་ཤིང་གྲུབ་པ་དང་ལྡན་པ། རྫུ་འཕྲུལ་ཐོག་ཆགས་མེད་པ་བོན་མོ་རྫུ་འཕྲུལ་མ་དགུ་ 4 སོགས། གྲུབ་པའི་རྟགས་ནི་བསམ་གྱིས་མི་ཁྱབ་པ་མངའ་སྟེ། ནམ་མཁའི་ཁམས་སུ་འཇའ་སྤྲིན་དང་འགྲོགས་ཏེ་སྐུ་ལུས་སྤྲུལ་བསྒྱུར་ནུས་པ་དང༌། ཁྱུང་དང་བྱ་རྒོད་སོགས་ལ་སྤྲུལ་ཏེ་འཕུར་ནུས་པ་དང༌། མི་དང་མི་མིན་ལ་སོགས་ལ་བོན་འཆད་ནུས་པའི་གྲུབ་ཐོབ་མ་ཤ་སྟག་ཡིན་པ་གསུངས་པ་འདི་དག་ལ་དཔྱད་ཞིབ་ཡང་དག་བགྱི་ཚེ་སྤྱིར་ཞང་བོད་ཀྱི་ཡུལ་གྲུ་འདིར་བུ་མེད་བྱས་རྗེས་ཅན་ཕེབས་པ་ཉུང་ཉུང་མིན། ལྷག་པར་ཕྱི་ལོའི་དུས་རབས་བརྒྱད་པའི་ནང་སྟེ་ ༧༤༩ བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བོན་བསྣུབས་སྐབས་སུའང༌། ཁྱད་པར་འཕགས་པའི་བོན་མོ་བཅུ་གཉིས་ 5 ཙམ་བཞུགས་ཡོད་པའི་ལོ་རྒྱུས་འདི་དག་ལ་ད་དུང་དཔྱད་ཞིབ་མུ་མཐུད་གནང་ན་ལོ་རྒྱུས་ཀྱི་བརྙན་ཕྲིན་གསར་པ་ཞིག་མཐོང་ཐུབ་པར་ངེས།
དེ་བཞིན་ཕྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་ལ་དགོངས་མཛོད་རི་ཁྲོད་ཆེན་པོ་ ༡༠༣༦ ༡༠༩༦ ཡི་སློབ་མ་ལའང༌། རི་སྒོམ་སུམ་བརྒྱ་དང་གྲུབ་ཐོབ་ང་བརྒྱད་བྱུང་བའི་ནང་ནས་བོན་མོ་གྲུབ་པ་དང་ལྡན་པ། འོ་ཡུག་སྒོ་ལུང་གི་ཇོ་མོ་རྒྱལ་མོ་དང༌། འོ་ཡུག་གི་བཙུན་མ་དར་སྒྲོན་ཞུ་བ་དགོངས་མཛོད་རི་ཁྲོད་ཆེན་པོའི་བཀའ་བབས་ཀྱི་སློབ་མའི་གྲལ། ཀློང་སྒོམ་མངོན་དུ་གྱུར་ཞིང་རིག་པ་དམར་ཐག་ཆོད་པ་དེ་འདྲ་ཡང་བྱུང་འའདུག

༼གཉན་མོ་བཀྲ་ཤིས།༽

       ཡང་དུས་རབས་བཅུ་གསུམ་པའི་ནང་ལ་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བོན་ལ་མངའ་བརྙེས་པའི་བོན་མོ་འའགའ་ཞིག་བྱུང་འདུག་པ་མཚན་ཙམ་ཞུས་ན། དོལ་པོ་ཕྱོགས་སུ་ཡ་ངལ་སྟོན་པ་ཤེས་རབ་རྒྱལ་མཚན་གྱི་གསང་ཡུམ་གཉན་མོ་བཀྲ་ཤིས་ཞུ་བ་གསང་སྔགས་ཀྱི་བོན་ལ་གྲུབ་པ་ཐོབ་པ་ཞིག་བྱུང་འདུག དེའང་འདུལ་བ་གླིང་གྲགས་ལས། "ལ་སྟོད་གློ་བོའི་ས་སྟོད་དུ། ཡ་ངལ་གདུང་ལ་འབུམ་རྗེའི་མཚན།" །ཞེས་པའི་ལུང་ཟིན་གྱི་སྐྱེས་བུ། ཞང་ཞུང་སྙན་རྒྱུད་ཀྱི་རྣལ་འབྱོར་ཆེན་པོ། གློ་དོལ་འབྲོག་གསུམ་ཁུལ་དུ་བསྟན་པའི་སྲོལ་འབྱེད་གཅིག་པུ། ཡང་སྟོན་དམ་པ་འབུམ་རྗེས་གསང་སྔགས་འཕྲིན་ལས་ཀྱི་བོན་སྡེ་མང་པོ་གྲུབ་ཐོབ་མ་འདི་ཉིད་ 6 ལས་ཞུས་ཤིང༌། ལྷག་པར་དམ་པ་འབུམ་རྗེ་རང་གི་སྨིན་བྱེད་ཀྱི་ཡུམ་ཡང་འདི་ཉིད་ཡིན། ད་དུང་དམ་པ་འབུམ་རྗེའི་ཞལ་སློབ་གྲངས་མང་འཕེལ་བའི་ནང་ནས། གྲུབ་པ་ཐོབ་པའི་བོན་མོ་ཡང་བདུན་ཙམ་བྱུང་བར་བཤད་པས་ 7 སྤྱིར་ཡ་ངལ་གྱི་བླ་རྒྱུད་ཁག་ཏུ་བོན་མོ་གྲུབ་བརྙེས་མང་པོ་བྱུང་ཡོད་པར་སྣང༌།

༼ཡ་ངལ་དྲང་སྲོང་མ་སེམས་ཉིད་གསལ།༽

       ཡང་ཕྱི་ལོའི་དུས་རབས་བཅུ་གཉིས་དང་བཅུ་གསུམ་ཡས་མས་མཚམས་སུ་ཕེབས་པའི་ཡ་ངལ་གྱི་རྒྱུད་པ་བོན་མོ་ཡ་ངལ་དྲང་སྲོང་མ་ཞེས། ཡབ་ཡ་ངལ་གྱི་རྒྱུད་པ་ཡང་སྟོན་བཀྲ་ཤིས་རྒྱལ་མཚན་ནམ་འགྲོ་མགོན་ཀླུ་བྲག་པ་ 8 ལ་སྲས་གསུམ་འཁྲུངས་པའི་བར་པ་ཡིན་ལ། འགྲོ་དོན་ཀྱང་དགུང་ལོ་བཅུ་བདུན་ནས་མཁན་པོ་ཀླུ་བྲག་པའི་མདུན་ནས་རབ་བྱུང་ཞུས་ཏེ། 9 ཤར་ལྷོ་ནུབ་བྱང་གི་རྒྱ་མཚམས་དང༌། གློ་དོལ་སྟོད་ཕྱོགས་སོགས་ལ་སྙན་པའི་གྲགས་པ་ཤིན་ཏུ་འབར་ཞིང༌། མཐར་དགུང་ལོ་དྲུག་བཅུ་རེ་བཞི་པར་སྐུ་ལུས་ཐང་གསུམ་སྤྲུགས་ཏེ་སྒྲ་འོད་དང་བཅས་མངོན་སངས་རྒྱས་པའི་ལོ་རྒྱུས་བཤད་སྲོལ་ཡོད།

༼དབུ་ཟ་རིན་གསལ༽

        ཡང་ཕྱི་ལོའི་དུས་རབས་བཅོ་ལྔ་པའི་ནང་བྱུང་བའི་དབུ་ཟ་རིན་གསལ་ 10 ཞེས་པ་ཞིག་བྱུང་འདུག་ལ། འདི་ཉིད་ཀྱི་ལོ་རྒྱུས་དང་རྣམ་ཐར་སོགས་ནི་ཕྲན་གྱིས་མ་མཇལ་ཡང༌། གཅོད་ཀྱི་གདམ་ཁྲིད་རིགས་མང་པོ་ཞིག་སྙན་རྒྱུད་བྱུང་ 11 འདུག་པར་མ་ཟད། ཁོང་གི་བར་དོའི་འཁྲུལ་སྣང་སྐོར་གསུང་པོད་རྒྱས་པ་ཞིག་མཇལ་བྱུང་བ་འདི་དག་ལ་ཞིབ་དཔྱད་ཞུས་སྐབས་བྱང་ཆུབ་སེམས་མ་བསམ་བཞིན་དུ་མི་ཡུལ་དུ་བྱོན་པ་ཞིག་ནི་ཡིན་པར་སྙམས།

༼རྗེ་བཙུན་ཚུལ་ཁྲིམས་དོན་གསལ།༽

         ཡང་ཕྱི་ལོའི་དུས་རབས་བཅུ་དགུ་བའི་ནང་དུ་བྱོན་པའི་རྗེ་བཚུན་ཚུལ་ཁྲིམས་དོན་གསལ་ནི། དམུ་རིགས་གཤེན་གྱི་གདུང་ལས་གྲོལ་ཏེ། དེའང་གངས་ཅན་ལྗོངས་འདིར་རྒྱལ་བ་གཤེན་རབ་མི་བོའི་སྲས་ཀོང་ཚ་གཡུང་དྲུང་དབང་ལྡན་གྱི་གདུང་རྒྱུད་ལས་བྱུང་བའི་གཤེན་གྱི་གདུང་རྒྱུད་ཆེན་མོ་གཉིས་སུ་གྱེས་ཤིང༌། དེའང་དར་ལྡིང་གཤེན་ཚང་དང༌། སྐྱིད་གཤོང་གཤེན་ཚང་གཉིས་སུ་བྱུང་བའི་ཕྱི་མ་སྐྱིད་གཤོང་གཤེན་ཚང་གི་དམུ་གཤེན་ཚེ་དབང་རྣམ་རྒྱལ་ལ་སྲས་གསུམ་བྱུང༌། ཐ་ཆུང་གཤེན་བསྟན་འཛིན་བཀྲ་ཤིས་ལ་སྲས་མོ་གཅིག་ལས་མ་བྱུང་བས་དེ་ཉིད་འདི་སྟེ། བསླབ་གསུམ་སོ་ཐར་གྱིས་བརྒྱན་ཞིང༌། མངོས་ཤེས་གྲུབ་རྩལ་དང་ལྡན་པ། བསྟན་འགྲོའི་དོན་དུ་མཛད་པ་རླབས་ཆེན་གནང་བའི་ལོ་རྒྱུས་ཡོད།

༼མཁའ་འགྲོ་བདེ་ཆེན་དབང་མོ༽

      ཡང་ཕྱི་ལོའི་དུས་རབས་བཅུ་དགུ་བའི་ནང་སྟེ་ ༡༨༦༨ ལོར་སྐུ་འཁྲུངས་པའི་མཁའ་འགྲོ་བདེ་ཆེན་དབང་མོ་ནི། ཤར་རྫ་འཇའ་ལུས་པས། "དབྱིངས་ཡུམ་ཀུན་བཟང་མ་གཅིག་ཀྱེ་མ་འོད། སྐལ་པ་བཟང་མོ་བཟང་ཟ་རིང་བཙུན་ཆེ། ཀུན་གྲལ་ཅོ་ཟ་ཡུམ་ཆེན་མཚོ་རྒྱལ་མ།" 12 །སོགས་ཀྱིས་བསྟོད་ཡུལ་དུ་བཀུར་བ་གྲུབ་པའི་དབང་ཕྱུག་ཆེན་མོ་འདི་ཉིད། ཡུལ་གངས་ཅན་མདོ་སྨད་ཉག་རོང་ཤོད་ཆེན་དུ་མའི་གཙོ་གྱུར་ལྷང་ལྷང་བྲག་དཀར་ནོར་བུའི་འདབ་ཞོལ་དུ། རུས་ནི་དེ་གའི་ཡུལ་གྱིས་ཆེ་བདོག་ཨ་སྐར་གྱི་རྒྱུད་པ་ཡབ་བཀྲ་ཤིས་དོན་གྲུབ་དང༌། ཡུམ་སྒྲོལ་མ་མཚོ་རྒྱལ་གཉིས་ལ་སྲས་ལྕམ་གྲལ་བརྒྱད་བལྟམས་པའི་ཆེ་འོག་ཏུ་རྣམ་བྱུང་ཞེས་པ་ས་ཕོ་འབྲུག་ལ་སྐུ་འཁྲུངས། ཆུང་ནས་ཉམས་སྣང་དང་མཁའ་འགྲོའྀ་ཚོགས་གྲལ་དུ་ཡང་ཡང་ཕེབས་པའི་གཟིགས་སྣང་དུ་མ་ཤར། དགུང་ལོ་བཅོ་བརྒྱད་ལ་ཕ་མ་དང་ཞང་པོ་སོགས་ཀྱིས་སྐུ་དབང་གིས་ཀ༔ཐོག་ཞེས་པའི་ས་ཆར་ཁྱིམ་ཐབས་སུ་རྫོངས། འོན་ཀྱང་སྐུ་ལུས་ལ་བསྙུངས་གཞི་ཆེན་པོ་བྱུང་བ་དང༌། གྲུབ་དབང་ཉག་རོང་གཏེར་ཆེན་གསང་སྔགས་གླིང་པ་ ༡༨༦༤ ་ཡིས་གཏེར་གྱི་ཁ་བྱང་གསང་ཡིག་རྡོ་སྒྲོམ་ཆེན་མོའི་ཞལ་འབྱེད་པ་ལ་འདི་ཉིད་ཀྱི་དབུ་སྐྲ་དགོས་སྐོར་གྱི་བཀའ་བབས་པ་ལྟར། མདོར་ན་དགུང་ལོ་ཉེར་ལྔ་ལ་ཁྱིམ་འཛིན་གྱི་འཚབ་ཏུ་རང་གི་སྤུན་མཆེད་བཏང་སྟཻ་འའདི་ཉིད་གཏེར་ཆེན་གྱི་གཏེར་གྲོགས་སུ་ཁྲི་བཞེངས་གནང་འདུག དེ་རྗེས་རང་གཞན་བན་བོན་གཉིས་ཀའི་གྲུབ་ཆེན་དུ་མར་བརྟེན་ཏེ། ལྷག་པར་ཤར་རྫའི་བྱ་བྲལ་བ་མཆོག་རྣམས་ཀྱིས་གཙོས་མཁས་གྲུབ་མང་པོའི་མདུན་ནས་གདམས་ངག་ཟབ་ཁྲིད་ཞུས། ཁྱད་པར་དགུང་ལོ་ཞེ་གཅིག་ཐོག་ལྷ་ལྡན་སོགས་ལ་ཕེབས་ཞོར། གྲུབ་པའི་ཁྱུ་མཆོག་ཆེན་པོ་སྤ་སྟོན་ཉི་མ་འབུམ་གསལ་ ༡༨༥༤ དང་མཇལ་སྐབས་ཀྱང༌། ཁོང་གིས་ཉྀད་ཀྱི་གོང་དུ་ཁྲི་བཞེངས་ཏེ་བཞུགས་གསོལ་གནང་ 13 བའི་ལོ་རྒྱུས་གསུངས་ཀྱི་ཡོད། དེ་སྐབས་རྒྱལ་བ་གཉིས་པའི་གདན་ས་བ་ྋསྐུ་མདུན་བསྟན་འཛིན་ཚུལ་ཁྲིམས་མཆོག་གིས་ཀྱང་བསྟོད་ཕྱག་གནང་ 14 འདུག ཡང་ཕྱིས་སུ་དགུང་ལོ་ང་བརྒྱད་ལ་སླར་ཡང་འགྲོ་དོན་སྟོད་ཕྱོགས་སུ་ཕེབས་སྐབས་སྨན་རིའི་གདན་ས་བ་ྋསྐུ་མདུན་ཕུན་ཚོགས་བློ་གྲོས་མཆོག་གིས་ཀྱང༌། "མ་བཅོས་སྤྲོས་བྲལ་བདེ་ཆེན་རྒྱལ་མོའི་དབྱིངས། མ་འགག་རྩལ་ཤར་གསང་བ་ཡེ་ཤེས་ཆེ། མ་ལུས་འགྲོ་བའི་དཔལ་གཅིག་ཀུན་གྲོལ་ཡུམ། མ་རིག་མུན་སེལ་དབང་མོར་གསོལ་བ་འདེབས།" 15 །སོགས་ཀྱིས་མཚོན་ཀུན་ཏུ་བཟང་མོ་མངོན་བྱོན་ཡིན་པར་གསུངས། སྐུ་ཚེའི་མཛད་པ་འཕྲིན་ལས་ལ་ཡང༌། ཟབ་གཏེར་ཤིན་ཏུ་མང་པོ་ཞིག་སྤྱེན་དྲངས་པ་དང༌། གསུང་རྩོམ་ཡང་པོད་བཅུ་ཕྲག་འགའ་བཞུགས་ལ། ལྷག་པར་གཅོད་ཀྱི་གདམ་པ་མང་པོ་ཞིག་མྱོང་ཁྲིད་མཛད་པར་ཡང་བཤད། མདོར་ན་མཐར་ཉམས་ལེན་དང་ཐུན་མཚམས་རྒྱུན་སྐྱོང་ངང་ཕྱག་གཡས་ཌ་མ་ཌུ་དང༌། གཡོན་པས་སིལ་སྙན་བསྣམས་ཤིང་གར་སྟབས་དང་བཅས་མཁའ་སྤྱོད་དུ་གཤེགས་པའི་ལོ་རྒྱུས་ཡོད།

༼ཚུལ་ཁྲིམས་མཚོ་མོ།༽

        ཡང་ཕྱྀ་ལོའི་དུས་རབས་བཅུ་དགུ་བའི་སྨད་ཆ་ཙམ་ནང་ཕེབས་པའི་མཁའ་འགྲོ་ཚུལ་ཁྲིམས་མཚོ་མོ་ཡོངས་གྲགས་ཚུལ་དགའ་རིན་པོ་ཆེ་ 16 ཞུ་ནི། ཡུལ་གངས་ཅན་ཁྱུུང་པོ་གསེར་རིའི་ལྗོངས་སྤུ་རྒྱལ་གཡུང་དྲུང་ལྷ་རྩེའི་འདབ་ཞོལ་ག་གཞུང་ཞེས་པར། ཡབ་རིགས་རུས་དང་ལྡན་པ་དཔོན་ཚང་གནས་འབུམ་ཞེས་པ་ལ་སྲས་ལྕམ་གྲལ་མང་དུ་བལྟམས་པའི་ནང་ནས་ཆེ་འགོ་ཡིན་ལ། དེ་སྐབས་ཕྲུ་གུ་མང་བ་དང་ཕྱི་ནང་གི་རྐྱེན་མང་པོས་འདི་ཉིད་ཀྱིས་ཚེམ་བཟོ་དང༌། དེ་ནས་ཡིག་བྲིས་དང༌། ཡང་རྡོ་བརྐོས་ནས་འཇིག་རྟེན་གྱི་བྱ་བ་ལ་གཞོར་ཀྱང་ཆེས་ཕན་ཐོག་པོ་ཞིག་མ་བྱུང་བས། ཉིན་ཞིག་ཡབ་དཔོན་ཚང་གནས་འབུམ་ནས་བྱབྱའདྲེ་མོ་ཁྱོད་རང་ལས་ཀ་ག་རེ་ལས་ནའང་མཐར་ཕྱིན་པ་ཞིག་གཅིག་ཀྱང་ཤེས་ཀྱི་མེད་པ་དེ་འདྲ་རེ་རེད།" །སོགས་གསུངས་ནས་བཀའ་བཀྱོན་ཤིན་ཏུ་དྲག་པོ་ཕབས་པས། རྐྱེན་དེས་བསྐུལ་ཏེ་འཇིག་རྟེན་འཁོར་བ་ལ་ཞེན་པ་ལོག་ནས། གྱིམ་ཤོད་མཐོང་གྲོལ་རི་ཁྲོད་ཀྱི་གྲུབ་ཆེན་སྨོན་ལམ་རིན་པོ་ཆེའི་མདུན་ནས་སོ་སོ་ཐར་པའི་སྡོམ་ཁྲིམས་མནུས། དེ་ནས་བཟུང་དམ་པ་དེའི་མདུན་དུ་མི་ལོ་བདུན་ལ་ཉམས་ལེན་དམར་ཁྲིད་ལ་རྩེ་གཅིག་ངང་རྒྱུན་སྐྱོང་གནང༌། དེ་རྗེས་རང་ཡུལ་དུ་ཕེབས་ནས་ལྷ་སྐུ་འགྲིག་ཅེས་པའི་ས་གནས་དེར་མི་ཟས་ཀྱི་དྲི་ཙམ་ཡང་མ་གསོལ་ནས་མི་ལོ་བཅུ་ཕྲག་གྲངས་སུ་བརྒལ་བ་བཞུགས་འདུག དེ་སྐབས་ཡུལ་སྡེ་རྣམས་ཀྱི་ཁ་ཤག་ལྟ་བུའི་ཐོལ་བྱུང་གི་གླེང་མོལ་ཡང་དཔེར་ན། "ལྷ་མངོན་བྱོན་ལྷ་སྐུ་འགྲིག་ལ་འདུག སྐུ་མངོན་བྱོན་ཀུན་གསལ་བྱམས་མ་རེད། ཐུགས་མངོན་བྱོན་ཐུགས་རྗེ་བྱམས་མ་རེད།" །སོགས་ཟེར་སྲོལ་ཡང་བྱུང་འདུག དེ་རྗེས་ཕྱི་ལོ་ ༡༩༢༦ ལོར་ཉག་གཏེར་ཡབ་ཡུམ་སྟོད་ཕྱོགས་སུ་ཕེབས་སྐབས་ཀྱང༌། གཏེར་ཡུམ་བདེ་ཆེན་དབང་མོས་འདི་ཉིད་ལ་གསོལ་འདེབས་ཀྱང་ཕུལ་གནང་བ་རེད་ཟེར་སྲཽལ་ཡོད། དེ་རྗེས་རྒྱལ་བ་སྨན་རིའི་གདན་ས་བ་ྋསྐུ་མདུན་ཕུན་ཚོགས་བློ་གྲོས་ ༡༨༧༦ ཉིད་ཁམས་ཁུལ་དུ་ཕེབས་སྐབས། ས་གནས་དེར་ཁྱད་ཕེབས་ཀྱིས་རྟེན་དྲི་མེད་ཤེལ་སྐུ་སོགས་གདན་འདྲེན་ཞུས་ཏེ། འདི་ཉིད་ཡེ་ཤེས་མཁའ་འགྲོའི་སྤྲུལ་པ་ཡིན་པར་ངོས་འཛིན་གནང་སྟེ་ལྷག་པར་ས་གནས་དེར་དགོན་པ་བརྒྱབ་དགོས་པའི་བཀའ་ཡི་ཅོད་པན་སྤྱི་བོར་བབས་པར་བརྟེན། དེ་རྗེས་སྒང་རི་དར་རྒྱས་དགོན་ཐོག་མར་ཕྱག་འདེབས་མཁན་བླ་མ་སངས་རྒྱས་བསྟན་འཛིན་ཡོངས་གྲགས་བླ་མ་སངས་དགའ་ཟེརགྱིས་འདི་ཉིད་ལ་བརྒྱ་འབུལ་གནང་བ་སོགས་ཀྱིས་རྟེན་རྩ་བཙུགས་ཏེ། ཁ་སྤུངས་ཁ་ཟེར་བའི་ས་གནས་དེར་ཕྱི་ལོ་༡༩༢༨ ལོ་ནས་བཟུང་དགོན་པ་དང་རྟེན་བཞེངས་སོགས་ཀྱི་བཀའ་དྲིན་སྐྱཽང་གནང་ཡོད་ལ། ལྷག་པར་ལྔ་བཅུ་ང་དགུ་ལོའི་སྔོན་དུ་བཙུན་མ་བཅུ་ཕྲག་གཉིས་གསུམ་ལ་འཆད་ཉན་སྒོམ་སྒྲུབ་ཀྱིས་བསྟན་པའི་ཞབས་འདེགས་བླ་མེད་གནང་ཡོད་པའི་ལོ་རྒྱུས་ཡོད། 17 མཐར་དགུང་ལོ་བདུན་བཅུ་དོན་གྲངས་མཚམས་སུ་དགེ་བའི་རྟགས་སོགས་མངོན་པར་ཤར་ཏེ་མྱ་ངན་ལས་འདས་སོ།

༼རྗེ་བཙུན་སྨོན་ལམ་སྒྲོལ་མ།༽

         ཡང་ཕྱི་ལོའི་དུས་རབས་གོང་དུས་དེའི་ནང་དུ་ཕེབས་པའི་སྨོན་ལམ་སྒྲོལ་མ་ནི། ཁྱུང་ཡུལ་སྤུ་རྒྱལ་གཡུང་དྲུང་ལྷ་རྩེའི་གཡོན་མདུན་ཟླ་གཞུང་ཞེས་པའི་ས་ཡི་ཆར་རིགས་ཆེ་བདོག་གཙང་ཚ་ཞེས་པར་སྐུ་བལྟམས། གཞོན་དུས་ཕ་མ་སོགས་ཀྱིས་སྐུ་དབང་གིས་གཞན་ཞིག་ཏུ་ཁྱིམ་ཐབས་ལ་སོང༌། དེ་དུས་ཉིན་ཞིག་རི་རྩེར་རྫི་བོ་རུ་འགྲོ་དུས་མར་གཟིགས་སྣང་ལ། ཀུན་གྲོལ་སྐུ་འཕྲེང་གང་ 18 ཞིག་གིས་དབང་བསྐོར་འགྲོ་དོན་བྱེད་པ་ལ་འཇའ་ཚོན་དང་འོད་སྐུས་ཁེངས་པར་གཟིགས། རྐྱེན་དེས་སྔོན་གྱི་ལས་འཕྲོ་སད་དེ་རི་ནས་བབས་རྗེས་བླ་མ་དེ་ཡི་མདུན་ནས་དབུ་སྐྲ་བཅད། ཚུལ་ཁྲིམས་ཀྱི་བསླབ་སྡོམ་ཡང་དག་ཞུས་ཏེ་འདུ་འཛི་འཁོར་བའི་ལས་སྤྱོད་དུག་འདམ་བཞིན་དུ་རྒྱབ་ཏུ་དོར། རྩེ་གཅིག་སྒོམ་པའི་སྒྲུབ་ཕུག་ཞྭ་ལྟར་གྱོན་ནས་ཉམས་ལེན་ཁོ་ནར་མཛད། ཕྱག་མོ་དང་གསུང་རྟགས་སོགས་ཞུ་ཚེ་མངོན་ཤེས་ལའང་ཐོག་པ་མེད་པར་དེ་འདྲ་བྱུང་འདུག མཐར་དགུང་ལོའང་བརྒྱ་དང་ལྔ་བར་བཞུགས་ཏེ། སྐུ་མི་རྟག་མྱ་ངན་འདས་ཚེ་སྐུ་ལུས་ཀྱི་གདུང་རུས་རྩིབ་མ་སོགས་ལ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་གཟུངས་སྔགས་རྣམས་བཀྲ་ལམ་མེར་དད་ལྡན་ཚང་མས་མཇལ་ཡུལ་དུ་གྱུར་པ་སོགས་མདོར་ན་ཡེ་ཤེས་མཁའ་འགྲོའི་རང་གཟུགས་མི་ཡུལ་བྱོན་པ་རེད་སོགས་ཀྱི་ལོ་རྒྱུས་རྒྱས་པ་བཤད་ཀྱི་འདུག 19

༼རྗེ་བཙུན་ཚུལ་ཁྲིམས་དཔལ་བཟང་ནི།༽

        ཡང་དུས་རབས་བཅུ་དགུ་བའི་སྟོད་སྐོར་ཙམ་ལ་ཕེབས་པའི་རྗེ་བཙུན་ཚུལ་ཁྲིམས་དཔལ་བཟང་ནི། གྱེར་བསྟན་བོན་གྱི་ཞིང་ཁམས་ཁྱུང་ཡུལ་གྱིམ་ཤོད་ཤེལ་ལེ་རྒྱ་སྐར་གྱི་ནུབ་ཕྱོགས་ཁྱུང་སེར་གྱི་གདུང་འཛིན་བྱ་ཟེ་དཔོན་ཚང་དུ་སྐུ་འཁྲུངས་ཞིང༌། 20 ཆུང་ནས་དད་བརྩོན་སྙིང་རྗེ་དང་ལྡན་ཤིང༌། ཞི་དུལ་གྱི་མཛད་སྤྱོད་སོགས་དམ་པའི་རང་གཤིས་ཁོ་ན་དང་ལྡན་པ་ཞིག་བྱུང༌། རྗེས་སུ་བྲག་དམར་རི་འདུས་མཐོང་གྲོལ་རི་ཁྲོད་དགོན་ ༡༨༤༤ ལ་ཕྱག་བཏབགྱི་གདན་ས་དང་པོ་གྲུབ་ཐོབ་ཉི་མ་རྒྱལ་མཚན་ ༡༨༡༦ མཆོག་གི་རྩ་བླ་གྲུབ་དབང་ཁྱུ་མཆོག་ཆེན་པོ་འགྲན་བྲལ་བསོད་ནམས་རྒྱལ་མཚན་གྱི་ཞབས་ལ་བཏུག་སྟེ་ཁྱུང་ནག་གདན་ས་མཎཌལ་རི་ཁྲོད་ལ་འགྲན་བྲལ་ཉིད་ཀྱི་ཆར་སྐུ་ཚེ་གོང་པོར་ཏིང་འཛིན་ཟས་ལ་ལོངས་སྤྱོད་མཛད་ཅིང་ཡོངས་གྲགས་སུ་"མཎཌལ་མཚམས་པ་རྣམ་གཉིས"ཞེས་མཚན་སྙན་གྱི་བ་དན་ཕྱོགས་ཕྱོགས་ཁྱབ། དེའང་འདི་ཉིད་ཀྱིས་མི་དང་མི་མིན་བྱ་དང་རི་དྭགས་རྣམས་ལའང་ཁྲིད་འདེབས་ཤིང༌། དཔེར་ན། བྱ་ཕུག་རོན་ལ་སྒོམ་ཁྲིད་བསླབ་ནས་ཉིན་གང་པོར་རྒུམ་འཐུ་མི་དགོས་པར་སྒོམ་བརྒྱག་ནུས་པ་དང༌། རི་དྭགས་སོགས་ནས་འོ་མ་འཇོ་སྟེ་མཆོད་ཚོགས་སུ་འབུལ་ནུས་པ་སོགས་མཆོག་ཐུན་གཉིས་ཀའི་གྲུབ་རྟགས་རྫུ་འཕྲུལ་དུ་མར་མངའ་བ་ཞིག་བྱུང༌། ལྷག་པར་རང་གི་སློབ་མ་ཡང་ཁྱུང་ཡུལ་སྟོད་སྨད་སོགས་ཁམས་ཁུལ་དུ་མང་ཞིག་དག་པ་བྱུང་བའི་ནང་ནས་མཆོག་ཏུ་གྱུར་པ་ནི། ཁྱུང་སེར་གདུང་ལ་འཁྲུངས་པའི་གཏེར་སྟོན་དབལ་འབར་སྟག་སླག་ ༡༨༣༢ དང༌། གྲུབ་ཆེན་ཉི་མ་རྒྱལ་མཚན་སོགས་སོགས་བྱུང༌། རྗེས་སུ་འདའ་ཁར་ཀྱང་ཉིན་ཞིག་འགྲན་བྲལ་བསོད་ནམས་རྒྱལ་མཚན་གྱིས་"ད་དུས་ཚོད་རེད། ལོ་ཡང་ཆེན་པོ་རེད། ཏོག་ཙམ་ན་ལེ་འདྲ་ཡོང་གི་འདུག ཅི་ཡོང་ཤེས་ས་མ་རེད།" །སོགས་གསུངས་རྗེས། རྗེ་བཙུན་ཉིད་ཀྱིས་"ཁྱེད་རང་དེ་ཚོ་མ་གསུངས། འཇིག་རྟེན་ཁྱིམ་པ་ཕོ་མོ་ཡིན་ནའང་ཕོ་དེ་སྔོན་དུ་འགྲོ་ན་ཡག་པོ་རྩི་གི་མ་རེད། མཚམས་པ་ཡིན་ནའང་དེ་འདྲ་བྱུང་ན་མི་ཁ་ཡོང་གི་རེད། ཁྱེད་རང་གང་བསྙུང་གི་ཡོད་མ་རེད།" །སོགས་གསུངས་གནང་འདུག ཕྱི་ཉིན་ཞོགས་པར་རྩ་རླུང་གཅིག་གསུངས་རྗེས། མཚམས་གཡོག་གིས་ཞལ་མཇལ་ཞུས་སྐབས་མཚམཙ་ཁང་ནང་འཇའ་སྤྲིན་གྱིས་ཁེངས་ཏེ། ཕྱག་གཡས་ཌར་མ་དང་གཡོན་པས་སིལ་སྙན་བསྣམས་ནས་གར་འགྱིང་བཞེངས་སྟབས་དང་བཅས་མཁའ་སྤྱོད་དུ་ཕེབས་པའི་ལོ་རྒྱུས་ནི་ཡོངས་གྲགས་འབྲེལ་ཡོད་དད་ལྡན་རྣམས་ཀྱིས་གླེང་བཞིན་ཡོད།

       གཞན་ཡང་ད་ལན་དུས་ཚོད་དང་བསྟུན་ཏེ་ཞིབ་དཔྱོད་དང་འཚོལ་སྒྲུབ་བྱེད་རྒྱུའི་གོ་སྐབས་ཅུང་དབེན་ཀྱང༌། ད་དུང་ང་ཚོའི་གོ་ཐོས་དང་ཞལ་མཇལ་བྱུང་མྱོང་བ་སོགས་དཔེར་ན། གཏེར་སྟོན་འུ་ཟ་ཉི་མ་དང༌། སྙན་རྒྱུད་ལ་མངའ་ཐཽབ་པ་སྟག་ཟ་རིན་ཆེན་མཚོ་མོ། ཉམས་རྟོག་རང་འབར་དུ་སྟོན་པ་སྨན་སྲས་གཡུང་དྲུང་ལྷ་མོ། ཁྱུང་སེར་གདུང་ལས་འཁྲུངས་ཤིང་གཤེན་སྤྲུལ་ཐུགས་རྗེ་ཉི་མའི་གསང་ཡུམ་གཏེར་སྟོན་བོ་ཕྲུག་ལྷ་མོ། གསང་སྔགས་ལག་ལེན་ལ་ཕུལ་དུ་ཕྱིན་པ་རྗེ་བཙུན་དབང་སྐྱིད། ཁྱུང་ཡུལ་ཏ་ཤོད་སྒོམ་པ་ཚང་ལ་སྐུ་འཁྲུངས་པའི་མཁའ་འགྲོ་པད་མ་མཚོ། རྩ་རླུང་ལ་རང་དབང་ཐོབ་པ་ཁྱུང་ནག་ཟ་མ་ཡུམ་བཟང་དགའ། མཁའ་འགྲོ་བདེ་ཆེན་དབང་མོའི་ཡང་སྲིད་གཏེར་སྟོན་མཁའ་སྤྱོད་དབང་མོ། མཛོད་དགེའི་བྱ་བྲལ་ཆེན་མོ་སྐལ་བཟང་ལྷ་མོ་(འདི་ཉིད་ཀྱི་རྣམ་ཐར་ད་ལྟ་སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་གིས་འབྲི་གནང་བཞིན་པ་རེད་ཟེར།)སོགས་ཀྱིས་མཚོན་མང་ཞིག་དག་པ་བྱོན་ཡོད།
         སྤྱིར་གངས་ཅན་ལྗོངས་འདིར་མཐོ་ཁྱུང་ལུང་དངུལ་མཁར་ནས་དམའ་རྒྱ་མཚམས་ཤར་མཐའི་ཡན་ཆོད་ལ། ཕྱིལོའི་སྔོན་གྱི་ལོ་ ༡༡༩༦ ཡས་མས་ནས་བཟུང་ད་བར་མི་ལོ་སུམ་སྟོང་ཉིས་བརྒྱ་ཙམ་གྱི་རིང་ལ། ཕྱི་སྤང་ལམ་འདུལ་བའི་སྡེ་ལ་ཉམས་སུ་བླངས་ཤིང་སོ་ཐར་གྱི་སྡེ་འཛིན་མཁན་དང༌། མ་ཟད་ཕྱི་ལོ་ ༡༡༣༦ ཡས་མས་ནས་བཟུང་ནང་གསང་བ་སེམས་ཕྱོགས་ལ་ཉམས་ལེན་གནང་མཁན་བུ་མེད་ཀྱི་རྟེན་ཅན་གྲངས་ཀྱིས་མི་ལོང་བ་བྱུང་ཡོད་ཀྱང༌། ལོ་རྒྱུས་ཀྱི་གླེག་བམ་ཁྲོད་གསལ་ཁ་ཆེས་ཉུང་བ་ནི། བོད་མི་རིགས་ཀྱི་གཤིས་ཀ་འདོར་དུ་མེད་པ་སྟེ། "བུ་མེད་རང་ཁ་མ།" །ཞེས་པའི་གཏན་ཚིགས་ལྗིད་པོ་དེས་ཡིན་ལ། ལྷག་དོན་དུ་བུ་མེད་ཚོས་ཀྱང་རང་ཉིད་བོན་དང་ཉམས་ལེན་གྱི་ཐད་ལ་ཅི་ཡང་འཇོན་གྱི་མེད་པའི་སྣང་བ་ཉམས་ཆུང་ཞིག་ངང་ངམ་ཤུགས་ལ་ཡོད་པའི་རྐྱེན་གྱིས་རེད།
      མདོར་ན་ད་ལན་ཕྲན་གྱིས་འཇུག་འདུ་འབྲི་མི་ཤེས་པའི་རྩོམ་ཐུང་འདི་དང༌། འདིར་མཚན་ཙམ་ཞུས་པའི་རིགས་མུ་མཐུད་ཞིབ་འཇུག་དང་འཚོལ་སྒྲུབ་ཞུ་བཞིན་ཡོད་པས། འདིའི་ཐད་ལོ་རྒྱུས་ཀྱི་ཡིག་ཚང་དུ་མ་གསལ་བའི་རིགས་མཁྱེན་རྟོགས་ཡོད་པའི་ཤེས་ལྡན་མཁས་དབང་རྣམས་ཀྱིས་ལམ་སྟོན་དང་འཕྱར་གྲུ་མཉམ་འདེགས་གནང་རོགས་ཞུ་བ་ནི། གལ་སྲིད་ཁྱེད་རྣམ་པ་མཆོག་གསུམ་ཞིག་ཡིན་ན། བདག་གི་འདི་ནི་སྐྱབས་ཚིག་ཞིག་ཀྱང་ཡིན།
 

1 སྔོན་འགྲོའི་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ། དེབ་གཟུགས། སི་ཁྲོན་པར་མ། མཛད་པ་པོ། ཤར་རྫ་བཀྲ་ཤིས་རྒྱལ་མཚན། ༡༨༥༨ ༡༩༣༣ཤ༢༠༤།
2 "ཚུལ་མིང་ཡང་དྲང་སྲོང་གི་སྡེ་ལ་་༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌གཤེན་ཟ་ནེའུ་ཆེན་ལ་ཚུལ་ཁྲིམས་དོན་གསལ། ཧོས་ཟ་རྒྱལ་མེད་ལ་ཁྲི་བཙུན་ཚུལ་མཛེས། ནེའུ་ཆུང་ལ་ཚུལ་ཁྲིམས་འོད་ལྡན་ལ་སོགས་་་་་་་གཙང་མ་གཙུག་ཕུད་པ་རྣམས་ལ་་་་་་དཔོ་ཟ་ཐང་མོ་ལ་ཚུལ་ཁྲིམས་ཚུལ་ལྡན་སོགས་་་་་་་དགེ་བསྙེན་ནི་་་་་་་་ཀོང་ཟ་འཕྲུལ་མོ་ལ་གཡུང་དྲུང་དགེ་ལྡན་མ་སོགས་སོ་སོར་བཏགས་སོ།" །ཞེས་གསུངས། རྣམ་དག་འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ། དེབ་གཟུགས། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དཔེ་བསྐྲུན་ཁང༌། མཛད་པ་པོ། ཀུན་མཁྱེན་ཉི་མ་བསྟན་འཛིན། ༡༨༡༣ ༡༨༥༥ཤ༡༡།
3 རྒྱལ་ཡུམ་བཟང་ཟ་རིང་བཙུན་འདི་ཉིད་སུམ་བཅུ་རྩ་གསུམ་གྱི་ལྷ་གནས་གླིང་དགུ་རྒྱ་མཚོ་འཁྱིལ་བའི་དབུ་ནས་དབྱིངས་ཀྱི་ཡུམ་ཆེན་ཤེས་རབ་ཕར་ཕྱིན་གྱི་ཐུགས་རྗེའི་འོད་ཟེར་ལས་ཤེལ་གྱི་ལྦུ་བ་གུར་ཙམ་ཞིག་གི་བཅུད་ལས་འཁྲུངས་ཤིང༌། ངོ་བོ་སངས་རྒྱས་ཀྱི་རང་གཟུགས་ཡིན་ཀྱང་རྣམ་པ་མི་ཡི་ལུས་ལ་ལྷ་མོ་ཡུམ་གྱི་ཚུལ་དུ་བྱོན་པས་ད་ལན་འདིར་བཤད་པ་ཡིན།
4 "ལི་ཟ་སྟག་རིང་ཤེལ་བྲག་བསྒྲོད། (འདི་ཉིད་དང་པོ་ཞང་ཞུང་གཉན་གྱི་རྒྱལ་ཁབ་ཏུ་རྫུས་སྐྱེས་སུ་འཁྲུངས་ནས། རྒྱལ་པོ་གཉན་སྟག་སྤུངས་པ་ཡབ་ཡུམ་གྱིས་མེ་ཏོག་གླིང་ནས་བརྙེད་ཅིང༌། མཚན་ལ་སྟག་ཟ་ལི་ཝེར་བཏགས། ཕྱིས་སུ་ལྷ་སའི་ཉེ་གནས་ཤེལ་གྱི་བྲག་དཀར་རྩེ་རྫོང་སོགས་ལ་སྒྲུབ་པ་ཉམས་ལེན་མཛད་ནས་གསུང་རྩོམ་ཀྱང་ཤིན་ཏུ་མང་པོ་མཇལ་ཡུལ་དུ་ཡོད་ལ། མཐར་བྱ་རྒོད་དུ་སྤྲུལ་ནས་མཁའ་སྤྱོད་དུ་གཤེགས་ཚུལ་གྱི་ལོ་རྒྱུས་ཡོད།)ཇོ་མོ་བོན་མོ་རྒོད་ལྟར་ལྡིང༌། (འདི་ཉིད་ཀྱིས་གཡས་རུའི་གཙང་པོའི་བྱང་རྒྱུད་ཟང་ཟང་ལྷ་གཉའ་བྲག་ལ་སྒོམ་སྒྲུབ་ཉམས་ལེན་མཛད་ནས་ཕུང་པོ་ལྷག་མེད་དུ་མངོན་སངས་རྒྱས་པའི་ལོ་རྒྱུས་ཡོད།)བྷི་ཤོ་མགྲིན་དཀར་དུར་ཁྲོད་སྐྱོང༌། ཕུ་ལུ་གྲུ་འཛིན་ཀུན་འདུལ་མ། མུ་ཏང་གཡུལ་འཛིན་རང་ངོ་མཐོང༌། ཁྲི་སངས་རྒྱལ་འདུལ་གླིང་ཆུང་བསྒྲོད། དོད་དེ་རྒྱལ་ལྕམ་པྲ་ཕུད་འཛིན། (འདི་ཉིད་རྒྱ་ནག་གི་ཡུལ་རྩེ་མང་མཚོ་ཡི་ཚལ་གསེབ་སོགས་ལ་སྒྲུབ་པ་ཉམས་ལེན་མཛད་པའི་ལོ་རྒྱུས་ཡོད།)ཁྱུང་ཟ་དཀར་མོས་ཁྱུང་མོ་སྐྱོང༌། (འདི་ཉིད་ཞང་ཞུང་གི་ཡུལ་ཁྱུང་ལུང་དངུལ་མཁར་ན་སྒོམ་སྒྲུབ་མཛད་ཅིང་ཕུང་པོ་ལྷག་མེད་དུ་སངས་རྒྱས་པའིལོ་རྒྱུུས་ཡོད།)འཇང་མོ་དཔལ་སྒྲོན་དངོས་གྲུབ་བསྙེམས།" འདི་ཉིད་འཇང་ཡུལ་བ་ཞིག་མིན་ནམ་སྙམས།གསང་བ་གསང་ཆེན་གསང་སྔགས་མ་རྒྱུད་ལྷ་སུམ་བརྒྱ་དྲུག་བཅུའི་སྒྲུབ་གཞུང༌། དཔེ་གཟུགས། ལྡི་ལིའི་པར་མ། བླ་མ་གུ་རུ་རྣོན་རྩེའི་གཏེར་མ། ཤ༤༣༣།
5 "འཁོར་ན་བོན་མོ་ཤིན་མང་ཤིང༌། ཁྱད་པར་འཕགས་པ་བཅུ་གཉིས་བཞུགས་ཏེ། ་་་་་་་་་་་གཞན་ཡང་བོན་མོ་གྲུབ་ཐོབ་མ་དྲུག་བཞུགས་ཏེ། གཤེན་ཟ་མཚོ་སྨན་རྒྱལ་གྱིས་མཆོད་པ་སྤྱི་བོར་བླངས་ནས་གྱེར་བས། ཡེ་ཤེས་ལྷས་དངོས་གྲུབ་ལེན་པ་དང༌། བྲུ་ཤ་རྔེ་ཆུང་རྒྱལ་གྱིས་གང་དུ་འགྲོ་བའི་ས་ཐུགས་ལ་བཞག་སྟེ་སྤྱན་བཙུམས་ནས་དགོངས་པ་མཛད་པས་ཡུལ་དེར་ཕྱིན་པ། གྲུབ་སྔ་ཟ་ཏི་བང་གིས་རྔ་ལ་ཞོན་ནས་བར་སྣང་ལ་བྱོན་ཏེ་མི་ལྷུང་བ་གྲུབ། ར་ལྕགས་ཟ་གཡང་རྒྱལ་མ་གཤང་རྟ་རུ་ཞོན་ནས་གངས་དཀར་རྩེར་ཉི་མ་ལྡེ་བ་གྲུབ། སྣ་ནམ་ཟ་བོན་མཚོ་ནས་མཚོ་ཆེན་མ་པང་དར་ཡུག་གིས་དྲིལ་བས་མི་འབོ་མི་འཇག་འཛགམི་ལུད་པ་གྲུབ། ཅོ་ཟ་བོན་མོས་བ་རུ་སྐམ་པོ་ལ་མདུད་པ་དགུ་མདུད་པ་གྲུབ། འདི་ཉིད་ནི་འཁྲུངས་ཡུལ་དྭགས་པཽ་རྩ་ཤོད་ནས་ཡིན་ལ། ཡབ་ཀྱི་རིགས་ནི་ཅོ་དང༌། མཚན་ལ་གྱིམ་བུ་ལན་ཚ་ཞུ་བ་དང༌། ཡུམ་རྒྱ་མོ་སྐྱིད་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་ནས་དད་པ་དང་ཤེས་རབ་ཆེ་ཞིང༌། དར་ལ་བབས་ཚེ་འཇིག་རྟེན་གྱི་ལུགས་ལྟར་བག་མར་བཏང་ཡང་མ་མཉེས་ཏེ། སྨྱོ་སྤྱོད་ཚུལ་གྱིས་བྲོས་ནས་བསམ་ཡས་བྲག་དམར་དུ་ཕེབས། རྗེས་སུ་བླ་མ་ལི་ཤུ་སྟག་རིང་ལས་རྫོགས་ཆེན་གྱི་བོན་སྐོར་དང༌། དྲན་པ་ནམ་མཁའ་ལས་སྙན་རྒྱུད་ཀྱི་སྐོར་སོགས་ཞུས་ཏེ། ཧས་པོ་རིར་སྒོམ་སྒྲུབ་ཆུ་བོའི་རྒྱུན་བཞིན་འབད་ནས་མཐར་ཕུང་པོ་ལྷག་མེད་དུ་མངོན་སངས་རྒྱས་པའི་ལོ་རྒྱུས་ཡོད། དེ་བཞིན་བོན་མོ་བྱིན་རླབས་ཅན་ཤིན་ཏུ་མང་ངོ༌།" །ཞེས་གསུངས། བོན་ཆོས་དར་ནུབ་ཀྱི་ལོ་རྒྱུས་བསྒྲག་པ་རིན་ཆེན་གླིང་གྲགས་ཞེས་བྱ་བ་རྨོངས་པའི་བློའི་གསལ་བྱེད། དཔེ་གཟུགས། ཁོད་པོ་བློ་གྲོས་ཐོགས་མེད་ཀྱི་གཏེར་མ།དུས་རབས་བཅུ་བཞི་བའི་ནང་ཡིན་པར་སྙམས།ཤ༡༡༠།
6 རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བརྒྱུད་པའི་བླ་མའི་རྣམ་ཐར། དཔེ་གཟུགས། མཛད་པ་པོ། སྤ་བཙུན་བསྟན་རྒྱལ་སེང་གེ་དཔལ་བཟང༌། དུས་རབས་བཅོ་ལྔ་པའི་ནང་ལ་འཁྲུངས།ཤ༡༡༢།
7 "ཞལ་སློབ་སྲས་བདུན་ལྕམ་བདུན་བྱུང་བ་ལ། ་་་་་་ལྕམ་མོ་ཕུག་མོ་ཇོ་མོ་དབྱིངས་བསྐྱོད་དང༌། ཨ་ནེ་གར་དགའ་བདུད་བརྩི་གཡུང་དྲུང་སྐྱིད། གཉེན་མོ་ཇོ་མོ་ཞིབ་བསྐྱོད་དང་བཅས་སོ།" །ཞེས་གསུངས། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པ་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་དོ་ཤལ། དེབ་གཟུགས། བོད་ལྗོངས་པར་མ། མཛད་པ་པོ། མཁས་དབང་དཔལ་ལྡན་ཚུལ་ཁྲིམས། ཤ༣༩༠།
8 དཔལ་ལྡན་བླ་མའི་རྣམ་ཐར་ལས། ཡང་སྟོན་བླ་མ་སྔགས་པ་དང་ཡུམ་གཉན་མོ་དངོས་གྲུབ་གཉིས་ཀྱི་སྲས་སུ་འཁྲུངས་པར་གསུངས་ཀྱང༌། དེ་ནི་ཡ་ངལ་གྱི་གདུང་རབས་རྣམ་ཐར་ལྟར་ས་གཅོད་གོ་རིམ་འཁྲུགས་ནས་བཀོད་པ་ལས་དོན་དུ་ཡང་སྟོན་བླ་མ་སྔགས་པ་དང༌། ཡ་ངལ་དྲང་སྲོང་མ་གཉིས་མིང་སྲིང་ཡིན་པའང༌། "ཡང་སྟོན་བཀྲ་ཤིས་རྒྱལ་མཚན་གྱི་སྲས་ཆེ་བ་བླ་མ་སྔགས་པ། ཆུང་བ་ངོས་སླང་རྒྱལ་མཚན་འབུམ། སྲས་མོ་ཡ་ངལ་དྲང་སྲོང་མ།" །ཞེས་གསུངས། རྒྱལ་གཤེན་ཡ་ངལ་གྱི་གདུང་རབས་ཨུན་ཆེན་ཚངས་པའི་སྒྲ་དབྱངས། དཔེ་གཟུགས། རྒྱ་གར་པར་མ། མཛད་པ་པོ། ཡང་སྒོམ་མི་འགྱུར་རྒྱལ་མཚན། དུས་རབས་བཅུ་གསུམ་པའི་འཇུག་ཙམ་ལ་ཡིན་པར་སྙམས།
9 "རྒུང་ལོ་བཅུ་བདུན་མ་ལ་མཁན་པོ་ཀླུ་བྲག་པ་ལལས་རབ་ཏུ་བྱུང༌། མཚན་སེམས་ཉིད་གསལ་དུ་བཏགས། ་་་་་་་་་ལུང་ལས་ཀྱང་མཁའ་འགྲོ་ཅོ་ཟ་བོན་མོའི་སྤྲུལ་པ་རྒྱད་པའི་བརྒྱད་པའི་ས་ལ་བོན་སྒྲ་སྒྲོགས་ཤིང་བསྟན་པ་སྐྱོང་བར་བཤད།" །ཅེས་གསུངས། Biographical Materials about Bonpo masters དཔལ་ལྡན་བླ་མའི་རྣམ་ཐར།ཤ༢༢༡།
10 འདི་ཉིད་ཀྱི་བར་དོའི་འཁྲུལ་སྣང་གི་ལོ་རྒྱུས་ལས། དབུ་ཟ་རིན་ཆེན་གསལ་གྱི་བར་དོའི་འཁྲུལ་སྣང་རིགས་དྲུག་གི་སྦྱང་ཚད་བདེར་གཤེགས་ཀྱི་མཇལ་སྣང་གསལ་བའི་སྒྲོན་མ། བརྟེན་འགྱུར་པོད། ༢༠༠། ཤ༢༠༤། "ད་ལྟ་མི་ཡུལ་དུ་བཞུགས་པ་ལའང་་་་་་་་་སྤ་ཚང་བསྟན་རྒྱལ་སྐུ་མཆེད་གཉིས་" །ཞེས་གསུངས་པར་བརྟག་ན་སྤ་བསྟན་རྒྱལ་བཟང་པོའི་སྐབས་སུ་ཡིན་པར་སྙམས། དེས་ན་དུས་རབས་བཅོ་ལྔ་པའི་ནང་ལ་ཁེལ་ཡོད།
11 ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་དཔྱོད་ལྡན་དགའ་བའི་ཆར། དེབ་གཟུགས། མི་རིགས་དཔེ་བསྐྲུན་ཁང༌། མཛད་པ་པོ། ཤར་རྫ་བཀྲ་ཤིས་རྒྱལ་མཚན། ༡༨༥༨-༡༩༣༢ ཤ༣༡༥།
12 སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པ་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་དོ་ཤལ། དེབ་གཟུགས། བོད་ལྗོངས་པར་མ། མཛད་པ་པོ། མཁས་དབང་དཔལ་ལྡན་ཚུལ་ཁྲིམས། ཤ༣༥༤།
13 མཁའ་འགྲོ་བདེ་ཆེན་དབང་མོའི་རྣམ་ཐར། དཔེ་གཟུགས། བརྟེན་འགྱུར་པོད། 149 མཛད་པ་པོ། མཁའ་འགྲོ་དབང་མོ། ཤ༨༡༧།
14 དེ་སྐབས་གྲྭ་པ་འགའ་ཞིག་གིས་དགོངས་ཚུལ་མི་མཐུན་པ་བྱུང་འདུག་ཀྱང༌། སྤ་སྟོན་མཆོག་གིས་"ཁྱེད་རང་ཚོས་ཅི་ཡང་ཤེས་ཀྱི་མ་རེད། ང་ཚོ་མཁའ་སྤྱོད་ཚོགས་གྲལ་དུ་འདི་འདྲ་རང་བསྡད་ཀྱི་ཡོད།" །སོགས་གསུངས་མྱོང་བའི་བཤད་སྲོལ་ད་ལྟ་ཡང་ཡོད།
15 "བདག་ལ་མིང་ཡང་སྐུ་མདུན་མཆོག་ཉིད་ཀྱིས། མཁའ་འགྲོ་ཀྱེ་མ་འོད་མཚོ་ཞེས་བྱར་གསུངས།" །མཁའ་འགྲོ་བདེ་ཆེན་དབང་མོའི་རྣམ་ཐར། དཔེ་གཟུགས། བརྟེན་འགྱུར་པོད།149 མཛད་པ་པོ། མཁའ་འགྲོ་དབང་མོ། ཤ༩༦༥།
16 མཁའ་འགྲོ་བདེ་ཆེན་དབང་མོའི་རྣམ་ཐར། དཔེ་གཟུགས། བརྟེན་འགྱུར་པོད།149 མཛད་པ་པོ། མཁའ་འགྲོ་དབང་མོ། ཤ༡༡༥༤། སྤྱིར་རྣམ་ཐར་འདི་ཉིད་སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མའི་བརྟེན་འགྱུར་དཔེ་བསྐྲུན་ནང་བཞུགས་པ་དེའི་འཇུག་མ་ཚང་ལ་རྣམ་ཐར་ཀྱི་མཚན་ཡང་མི་འདུག འོན་ཀྱང་ཤོག་ལྷེབ་མདའ་ཚད་མ་གྲངས་༡༩༤ ཙམ་ཞིག་ནི་མཇལ་ཡུལ་དུ་སྣང༌།
17 གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་དང༌། ཧི་མ་ལ་ཡ་དང་བོད་ནང་གི་དགོན་སྡེ་ཁག་གི་ལོ་རྒྱུས་ནང་འདི་ཉིད་ལ་ཚུལ་ཁྲིམས་དབང་མོ་ཞེས་བྲིས་འདུག་ཀྱང༌། ཁོང་དང་འདྲིས་བཤིབ་དང་ཉམས་མྱོང་ཡོད་པའི་ཤེས་ལྡན་རྣམས་ཀྱིས་གསུང་གསལ་ལ་འདི་ཉིད་ཀྱི་མཚན་ལ་ཚུལ་ཁྲིམས་མཚོ་མོ་ཞུ་བ་རེད་ཟེར།
18 སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པ་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་དོ་ཤལ། དེབ་གཟུགས། བོད་ལྗོངས་པར་མ། མཛད་པ་པོ། མཁས་དབང་དཔལ་ལྡན་ཚུལ་ཁྲིམས། ཤ༤༥༧ དང༌། Senri Ethnological Reports 38 SBMTTH. National Museum of Ethnology Osaka 2003 No 180 ནང་ནས་གསལ།
19 བླ་མ་འདི་ཉིད་སུ་ཡྀན་གཏན་གཏན་ཞིག་ཞུ་ཐུབ་ཀྱི་མི་འདུག་ཀྱང་ཕལ་ཆེར་ཀུན་གྲོལ་སྐུ་འཕྲེང་གང་རུང་ཞིག་ཡིན་ས་ཡོད་གསུངས། འདི་ཚོའི་སྐོར་འགའ་ཞིག་གི་དྲི་བ་ཞུ་ཡུལ་ནི་ས་གནས་དེ་དག་ལ་ཆ་རྒྱུས་ཡོད་པའི་ཞིང་གཤེགས་ག་གཟི་བསོད་ནམས་གྲགས་པ་སོགས་ཡིན།
20 སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པ་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་དོ་ཤལ། དེབ་གཟུགས། བོད་ལྗོངས་པར་མ། མཛད་པ་པོ། མཁས་དབང་དཔལ་ལྡན་ཚུལ་ཁྲིམས། ཤ༤༥༧།
21 དཔལ་ཚུལ་སོགས་ཀྱིས་འདི་ཉིད་དང༌། དབལ་འབར་སྟག་སླག་གཉིས་ཁྱུང་ནག་ཡིན་པ་གསུངས་ཀྱང༌། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པ་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་དོ་ཤལ། དེབ་གཟུགས། བོད་ལྗོངས་པར་མ། མཛད་པ་པོ། མཁས་དབང་དཔལ་ལྡན་ཚུལ་ཁྲིམས། ཤ༤༥༣།༣༤༥། ཁྱུང་སྤྲལ་ཟླ་གྲགས་རིན་ཆེན་ཕུན་ཚོགས་སོགས་འདིའི་སྐོར་ལ་ཐུགས་རྒྱུས་ཤིན་ཏུ་ཆེ་བའི་གྲུབ་པའི་རྣམས་ཀྱིས་འདི་གཉིས་ཁྱུང་སེར་གྱི་གདུང་ལས་འཁྲུངས་པར་གསུངས་བ་འདི་དག་གིས་རྒྱུ་མཚན་དུ་བྱས་ཏེ་ཁྱུང་སེར་ཡིན་པར་ངེས།

མུ་ཙུག་སྨར་རོ།
(འདིར་གསལ་བཤད་ཞུ་དགོས་པ་ཞིག་ནི་རྩོམ་འདི་དེ་སྔོན་བོན་མཐུན་འབྲེལ་ལྷན་ཁང་གི་ལོ་དེབ་(བོན་སྒོ་)ནང་དུ་བཀོད་ཟིན་ཡང་། སླར་ཡང་འདིར་འདིའི་ཐད་ཉམས་ཞིབ་བྱ་འདོད་ཡོད་མཁན་རྣམས་ཀྱི་ཆེད་དུ་བསྐྱར་བཀོད་ཞུས་ན་དགེ་མཚན་ཆེ་བར་སྙམ།)

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག