ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལོ་རྒྱུས། >> སྨྲང་རབས་ལོ་རྒྱུས། >> ཤར་རྫའི་སྐུ་ང་འདྲ་མ།
ཤར་རྫའི་སྐུ་ང་འདྲ་མ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཨ་སྔགས་ཚེ་རིང་བཀྲ་ཤིས།] [ཟླ་ཚེས། 10-11-10] [ཀློག་གྲངས། ]

   

         ཟབ་ལམ་རྫོགས་པ་ཆེན་པོའི་མཁའ་ལ་གོམ་སྟབས་གཅིག་གིས་ཆོད་པའི་ཉིན་མོ་བྱེད་པ་འཇའ་ལུས་གྲུབ་ཆེན་ཆེན་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་མཆོག་གི་འདྲ་སྐུ་སྟེ་གོས་དཀར་ལྕང་ལོའི་ཆ་བྱད་ཅན་དུ་བཞེངས་པའི་སྐུ་བརྙན་ང་འདྲ་མ་ནི། ཁོང་གི་དངོས་སློབ་འདུལ་བ་འཛིན་པ་བླ་མ་སྐྱོར་ལི་ཞེས་པ་སྟེ་འདྲ་སྐུ་བཞེངས་པ་ལ་ལྷ་ཡི་བཟོ་བོ་བི་ཤྭ་ཀརྨ་མི་ཡི་གར་དུ་རོལ་བ་ལྟ་བུ་གང་དེས་ཤར་རྫ་བའི་འདྲ་སྐུ་གཉིས་བཞེངས་པར་གྲགས་ལ། གཅིག་ནི་སྨོན་རྒྱལ་དགོན་དུ་བཞུགས་པ་དང་། གཅིག་ཤར་རྫ་རི་ཁྲོད་དུ་བཞུགས་སུ་གསོལ་བ་ལས། སྔ་མ་དུས་འགྱུར་ནང་ཚེ་རིང་དོན་འགྲུབ་ལགས་ཀྱིས་བྲག་ཕུག་ཏུ་སྦས་ཏེ་ཕྱིས་སུ་སྲིད་ཇུས་སླར་གསོ་བྱུང་རྗེས་གདན་དྲངས་ནས་སྔོན་གྱི་སྒམ་མ་ཉམས་པར་བཞུགས་སུ་བཅུག་སྐབས་སྐུ་འདྲ་མཐོ་གང་ཙམ་ཡར་འཕགས་པས་སྒམ་ནང་དུ་མ་ཤོང་བར་ཀུན་གྱི་ཆུ་བུར་མིག་གི་མཐོང་ཆོས་སུ་ངོ་མཚར་འབུམ་གྱིས་བརྟས། འདྲ་སྐུ་འདི་ཀོ་བླ་མ་སྐྱོར་ལིས་བཞེངས་གྲུབ་རྗེས་གཏེར་ཆེན་གསང་སྔགས་ཧཱུྃ་ཆེན་འགྲོ་འདུལ་གླིང་བ་དང་། འདུལ་འཛིན་ཤར་རྫའི་རྒྱལ་ཚབ་བློ་གྲོས་རྒྱལ་མཚོ། དྲང་སྲོང་སེང་ཧ་ཤྲི་བཅས་སྐྱེས་ཆེན་གསུམ་གྱིས་གཟུངས་གཞུག་ཕུལ་བ་དང་། གཟུངས་རྟེན་ཞུགས་རྗེས་བྱིན་རླབས་ཀྱི་ཚན་ཁ་བརྡོལ་བའི་གསུང་འབྱིན་ཏེ་གསང་སྔགས་ཀུན་གྲོལ་ཧཱུྃ་ཆེན་ལ་སྐུ་ནི་ང་འདྲ་མ་ཡིན་་ལ། ཨཱོྃཨཧཱུྃཿཤྲིམངྒདྷཛམཧཱཛྙནསིདྡྷིཧཱུྃཿ ཞེས་པ་རང་གི་མཚན་སྔགས་ཀྱང་གསུངས་པས་ཤར་རྫའི་སྐུ་ང་འདྲ་མའམ་གསུང་འབྱོན་མར་གྲགས་སོ། །དེས་ན་བྱིན་རླབས་ཀྱི་འོད་སྣང་འབར་བའི་སྐུ་འདྲ་ནི་མཇལ་ན་ཤར་རྫའི་སྐུ་དངོས་དང་མཇལ་བ་ཁྱད་མེད་ལ། ཤར་རྫའི་སྐུ་མཇལ་ཐུབ་ན་ཀུན་ཏུ་བཟང་བོ་མཇལ་བ་དང་ཁྱད་མེད་པས་ན། སྐལ་ལྡན་ཀུན་ནས་དད་པའི་རྟེན་མཆོག་སྲིད་ན་རྒྱན་གཅིག་ཏུ་བཀུར་འོས་སོ། །

ཞེས་སྨོན་རྒྱལ་ལྷ་སྲས་ཀྱི་གསུང་ལྟར་ཨ་སྔགས་པས་སུག་བྲིས་སུ་བགྱིས་པའོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག