ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལོ་རྒྱུས། >> སྨྲང་རབས་ལོ་རྒྱུས། >> ཞང་བོད་ཚད་མའི་བྱུང་རིམ་མདོ་ཙམ་གླེང་བ།
ཞང་བོད་ཚད་མའི་བྱུང་རིམ་མདོ་ཙམ་གླེང་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ལུང་རྟོགས་བསྟན་པའི་རྒྱལ་མཚན།] [ཟླ་ཚེས། 10-11-29] [ཀློག་གྲངས། ]

 ལོ་ངོ་སྟོང་ཕྲག་མང་པོར་འདས་པའི་ཞང་བོད་མི་རིགས་ཀྱི་ཕ་མཁར་བརྩེགས་སའི་ཡུལ་འདིར་ཁྱིམ་མཚེས་ཀྱི་རྒྱལ་ཁབ་གཞན་དང་འདྲ་བ་རིག་གནས་དང་ལོ་རྒྱུས་། ཆབ་སྲིད་དང་སྒྱུ་རྩལ་དར་མྱོང་ཞེས་ལབ་ན་ངོ་གནོང་མི་དགོས་ལ། བོད་ཀྱི་ལ་རྒྱའི་འགོ་འཛུགས་ས་མི་རིགས་འདིའི་རིག་གནས་ཀྱི་ཕུགས་གཤེན་རབ་མི་བོ་དང་། ཆབ་སྲིད་ཀྱི་བདག་པོ་ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་རྣམས་དང་། བོད་སྤུར་རྒྱལ་རིམ་བྱོན་ལ་རྨང་གཞི་བཟུང་ནས་འཕེལ་རྒྱས་སོང་ཚུལ་བཤད་ན་མི་འཚམས་པ་མེད་པས། དེ་ལྟར་ན་ཞང་བོད་རིག་གཞུང་ནང་དུ་བཀོད་པའི་ཚད་མ་རིག་པ་ནི་གཤེན་རབ་མི་བོས་སྲོལ་གཏོད་པ་འདོད། སྤྱིར་ཚད་མ་རིག་པ་ལ་དེས་མ་ཁྱབ་པ་ནི། འཛམ་གླིང་ས་སྒང་སྟེང་ཆོས་དང་ཆབ་སྲིད་ཡང་དག་པ་ཞིག་དར་ཙམ་ཉིད་ནས་སྒྲ་ཚད་ཡོད་དགོས་པ་སྟེ། སྒྲ་ཚད་ནི་དོན་གང་ཞིག་མིང་དོན་གཉིས་ཐོག་ནས་འཁྲུལ་མེད་དུ་གཏན་ལ་འབེབས་ཐབས་ཀྱིས་ཁྱད་པར་དུ་བྱས་པ་ཞིག་ལ་ངོས་འཛིན་དགོས་པ་གང་ཞིག དེ་འདྲའི་རིག་གཞུང་སྣ་གཅིག་མེད་ན་ཆོས་སྲིད་ཡང་དག་པ་ཞིག་འགྲུབ་ཐབས་དང་བྲལ་བས་རིག་པ་འདི་ཉིད་ཆོས་སྲིད་ཐུན་མོང་གི་རྨང་གཞི་ཡིན་དགོས་པ་མངོན་གསལ་རེད། དེས་ན་ཞང་བོད་ཀྱི་ཡུལ་ལྗོངས་འདིར་ གཤེན་རབ་ཀྱིས་སྒྲ་ཚད་རིག་པ་གཏན་ལ་ཕབས་ཡོད་པ་ལུང་རིག་གཉིས་ཀྱིས་གསལ་བ་སྟེ། ལུང་ནི་ཉིད་ཀྱི་བཀའ་ཀུན་འབུམ་རྩ་རྒྱུད་ལས། ང་ཡི་བཤད་པའི་བཀའ་རྒྱུད་འདི།། གཡུང་དྲུང་བོན་གྱི་རྒྱ་མཚོ་ལས།། ནོར་བུ་རིན་ཆེན་མཆོག་བླངས་ལྟར།། ཡང་སྙིང་དམ་པ་ཉིང་ཁུ་ཡིན།། དེ་ཡང་གང་གིས་ཕྱིར་ཞེ་ན།། རིག་པའི་གནས་ལྔ་མ་སྦྱོང་ན།། ཐམས་ཅད་མཁྱེན་པ་མི་འགྱུར་ཏེ།། ཉི་མའི་དཀྱིལ་འཁོར་འོད་འབར་བ།། སྒོ་འགག་དབང་པོས་མཐོང་བ་མིན།། ཞེས་དང་། གཤེན་གྱི་རྣམ་ཐར་རྒྱས་པ་དྲི་མེད་གཟི་བརྗིད་ལས། ད་ལྟ་རྒྱལ་པོ་རྒྱལ་སར་གནས་ཀྱང་རྒྱུ་འབྲས་བདེན་པའི་བོན་རྣམས་ད་རུང་བསྟན་པའི་དུས་ལ་མ་བབ་ཅེས་དང་། ཁྱེད་རྣམས་ཀྱང་ནམ་ཞིག་དུས་ལ་བབ་ཙམ་ན་རྒྱུ་འབྲས་བདེན་པའི་བོན་བསྟན་གྱི། ད་ལྟའི་དུས་འདིར་ཤེས་རབ་ལ་བློ་སྦྱོང་ཞིང་རིག་པའི་གནས་ལྔ་ལ་སློབ་དགོས་པ་ཡིན་ཞེས་དང་། བྱམས་མ་འབུམ་ལྔ་ལས། ཕས་ཀྱི་རྒོལ་བ་སྒྲས་ཚར་བཅད།། ནད་ཀྱི་གདུང་བ་སྨན་གྱིས་གསོ།། རྒས་རྒུད་འཆི་འཕོ་རྩིས་ཀྱིས་བཏུལ།། ཞེས་པའི་ལུང་གིས་གྲུབ། གཉིས་པ་ནི། གཤེན་རབ་མ་བྱོན་པའི་སྔོན་གྱི་སྤྱི་ཚོགས་དེར་ས་སྐྱེས་རྡོ་སྐྱེས་ཀྱི་གདོད་མའི་བོན་ཙམ་ལས་སྐྱེ་བ་སྔ་ཕྱི་ཁས་བླངས་ནས་ལས་འབྲས་ལ་བརྩི་སྲུང་བྱེད་པ་དང་། བདག་མེད་དང་བདེན་མེད་ཀྱི་ལྟ་བ་གླེང་མཁན་ཉུང་ཉུང་ཡིན་པ་བཅས་ཀྱིས་རྐྱེན་ནས། གཤེན་གྱིས་ལས་འབྲས་དང་བདག་མེད་དང་བདེན་མེད་གསུངས་པ་ལ་ངོ་རྒོལ་བ་མང་པོ་བྱུང་བ་སྟེ། བདུད་ཁྱབ་པ་ལག་རིང་དང་། ཁྲི་ཤི་དབང་རྒྱལ། གཏོ་བུ་དོད་དེ་སོགས་དང་། དེ་མཚུངས་ཆེས་གདོད་མའི་ཡུལ་ལུགས་ཀྱི་བོན་ལ་ཆགས་ཞེན་ཅན་དུ་མ་ཞིག་གིས་རྒྱུ་མཚན་མང་པོ་གོང་འོག་བསྒྲིགས་ནས་གཤེན་ལ་འགྲན་ཀྱང་། གཤེན་གྱིས་རྟགས་དང་རྒྱུ་མཚན་མཐུན་དཔེ་བཅས་ཀྱི་ཡིན་ལུགས་བཀོད་ནས་རིག་པའི་གནས་ལྔའི་རྨང་གཞིའི་ཐོག་བོན་ཐེག་པ་རིམ་དགུ་དང་། སྒོ་བཞི་མཛོད་ལྔ་གཏན་ལ་ཕབས་ཏེ་རྒོལ་ངན་དེ་རྣམས་ཚར་གཅད་ནས་འཁོར་གྱི་སློབ་མར་གྱུར་བ་མ་ཟད། ཡང་དག་པའི་གཤེན་གྱི་དགོངས་པ་ཐུགས་ལ་ཆུད་པའི་ཞལ་སློབ་མང་པོའི་འཁོར་གྱིས་བསྐོར་ནས་ཞང་བོད་ཀྱི་ཡུལ་ལྗོངས་ལ་བོན་གྱིས་ཁྱབ་པར་བྱས་པ་དང་། དེ་བཞིན་རྒོད་རྗེ་རྒྱ་ཡི་ཡུལ་དང་། ཧོར་རམ་ཧོས་རིགས་སོགས་ཡུལ་གྲུ་མང་པོ་ལ་བོན་འཁོར་བསྐོར་ནས་གཤེན་གྱི་བསྟན་པའི་མཚོན་རྟགས་སྲིད་པ་རང་བྱུང་གི་འཁོར་འགྲོས་ལ་དཔེར་བླངས་པའི་གཡུང་དྲུང་གི་རི་མོ་གང་སར་ཁྱབ་པ་འདིས་དཔང་བཞུགས་ཐུབ་པར་བྱས་ཡོད་པ་མ་ཚད། སྤྱི་ཚོགས་ཐོག་གཤེན་རབ་མི་བོ་ཞེས་ཀུན་གྱིས་བསྟོད་བསྔགས་ཀྱི་གླེང་བརྗོད་ཀྱིས་ཁྱབ་པ་སྟེ། སྤྱི་ཚོགས་ཀྱི་འཕོ་འགྱུར་ཅི་རིགས་བརྒྱུད་ཀྱང་གཤེན་རབ་དང་། གཤེན་གྱི་གཞུང་དོན་ཞེས་གླེང་བརྗོད་ཀྱི་བླ་སྲོག་མ་ཉམས་པར་གནས་པ་འདི་ནི་སྒྲ་ཚད་ཁྱད་པར་ཅན་གྱི་རྨང་གཞི་བྱས་པའི་རིག་གཞུང་ཡིན་པ་རང་རྟགས་མངོན་གསལ་དོད་པོར་གཟུ་བློས་དཔྱད་ཙམ་ལས་དཀའ་ངལ་དགོས་དོན་ཆུང་བ་བཅས་ཀྱིས་སོ། ལྷག་པར་གཤེན་རབ་ཀྱིས་རྒྱལ་ས་གླིང་བཞི་དང་། གསས་མཁར་དཀར་ནག་བཀྲ་གསལ་བཅས་ལ་བོན་འཁོར་བསྐོར་བའི་སློབ་མ་མང་པོའི་ནང་ནས་འཁོར་གྱི་དམ་པ་རྨ་ལོ་གཡུ་ལོ་གཉིས་ལ་བསྟན་པའི་སྒྲ་ཚད་རིག་པའི་འབུམ་གསུམ་སྟེ་ལྷ་སྲིད་ཀྱི་འཁྲུག་འབུམ་ནག་པོ། སྒྲ་ཚད་ཀྱི་རྩོད་འབུམ་ཁྲ་བོ། དག་པའི་ལྷ་འབུམ་དཀར་པོ་དང་གསུམ་བསྟན་ནས་སློབ་གཉེར་གྱི་འདུས་སྡེ་བསྐྱངས་པས་མཁས་དབང་མང་དུ་བྱུང་བ་སྟེ། རྟག་གཟིགས་ལ་མཁས་པ་དམུ་ཙ་ཏྲ་ཧེ། འགུ་ཧུ་ལུ་སྤར་ཡ། ཁྲི་ཐོག་སྤར་ཙ་གསུམ། རྒྱ་གར་ལྷ་བདག་སྔགས་གྲོལ། རྒྱ་ནག་ལེགས་སྟངས་རྨང་པོ། ཁྲོམ་ལ་གསེར་ཐོག་ལྕེ་འབྱམས་བཅས་དང་། དེ་རྣམས་ཞང་ཞུང་སྲིད་པའི་རྒྱལ་པོ་བྱ་རུ་ཐོབ་པ་རྣམས་ཀྱིས་བཏེགས་ནས་གངས་རིན་པོ་ཆེའི་ཉེ་འཁོར་གཤེན་གྱི་འདུས་སྡེ་ཆེན་པོ་བཞི་བཅས་ལ་གཡུང་དྲུང་བོན་ལ་འཆད་ཉན་བྱས་པའི་སློབ་མ་ཡང་ཞང་བོད་མཁས་པ་མི་བཞི་སྟེ། ཞང་ཞུང་སྟོང་རྒྱུང་མཐུ་ཆེན། བོད་ཤ་རི་དབུ་ཆེན། མེ་ཉག་ལྕེ་ཚ་མཁར་བུ། ལྡེ་བོན་གྱིམ་ཚ་རྨ་ཆུང་བཅས་དང་། དེ་རྗེས་བོད་རྒྱལ་མུ་ཁྲི་བཙན་པོ་སོགས་ཀྱིས་ཞང་ཞུང་གི་ལོ་པཎ་དང་རིག་གནས་བཅས་བོད་ལ་གདན་དྲངས་ནས་ཞང་བོད་ལྗོངས་སུ་འདུ་གནས་སོ་བདུན་བཏབ་སྟེ་བཤད་ཁྲིད་ཀྱི་སློབ་གཉེར་གནང་བའི་ཁྲོད་ནས་ཐོན་པའི་རིག་འཛིན་ལོ་པཎ་གཤེན་བརྒྱད་དེ། རྔམ་པ་ལྕེ་རིང། དམུ་རྩ་གྱེར་མེད། ཟ་རང་མེ་འབར། མུ་སྤུངས་གསལ་བཏང་། དྲན་པ་ནམ་མཁའ། རྒྱུང་ཡར་མུ་ཁོད། རྗེ་ཆེན་ལྷ་སྒོམ། བློན་ཆེན་མུ་ཐུར་སོགས་བྱུང་ཡོད་ལ། ལོ་པཎ་དེ་རྣམས་ཀྱིས་ལྗགས་རྩོམ་ལ། ཤ་རིས་མཛད་པའི་སྒྲ་མདོ་ཆེན་མོ་དང་། མཁས་པ་མི་བཞིས་མཛད་པའི་གབ་འགྲེལ་རིག་པའི་རྒྱ་མཚོ། ལི་ཤུ་སྟག་རིང་གིས་མཛད་པའི་གཏན་ཚིགས་རིག་པའི་གལ་མདོ། ཤ་རི་དབུ་ཆེན་གྱིས་མཛད་པའི་ཏན་ཏྲ་ཉི་མའི་འཁོར་ལོ། དྲན་པ་ནམ་མཁས་མཛད་པའི་ཚད་མ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག བཅས་ཚད་མའི་གཞུང་དོན་མང་པོ་གཏན་ལ་ཕབས་པ་ད་ལྟ་ཡང་བཞུགས་ཡོད་པ་དང་། དེ་རྣམས་འདས་ཟིན་པའི་ལོ་རྒྱུས་ལ་དཔྱད་ན་སྤྱི་ལོ་མ་ཚུགས་པའི་སྔོན་ལོ་སྟོང་ཕྲག་ཡས་མས་སྐོར་ལ་ཡིན། གཤེན་རབ་མི་བོ་ནི་དེང་སྤྱི་ཚོགས་ཐོག་གི་མཁས་ཅན་གྱི་ལོ་རྒྱུས་སྨྲ་བ་མང་པོས་ལོ་ངོ་སྟོང་ཕྲག་ལྔ་ཡི་ལོ་རྒྱུས་བཤད་ལ། བོན་ལུགས་ལ་ཆིག་ཁྲི་བརྒྱད་སྟོང་གི་ལོ་རྒྱུས་འཁོད་ཡོད། འོ་ན་བོན་པོ་ལ་རིག་གཞུང་དེ་འདྲ་ཡོད་ན་ཕྱིས་རྒྱ་གར་ནས་ཆོས་གདན་འདྲེན་དགོས་དོན་གང་ཡིན་ནམ་ཞེ་ན། སྤྱིར་བོད་རྒྱལ་ནང་ནས་སྲོང་བཙན་དང་། ཁྲི་སྲོང་། གླང་དར་བཅས་བོད་ཀྱི་སྲིད་གཙོ་བོར་གཉེར་མཁན་གྱི་རྒྱལ་པོ་ཞིག་ཡིན་པས། སྐབས་དེར་ཁེལ་བའི་བོན་པོ་རྣམས་ཀྱིས་སྲིད་ལ་བསམ་མནོ་མ་བཏང་བར། ཆོས་ལུགས་རྒྱ་བསྐྱེད་བཏང་དྲག་པ་བཅས་ལ་རྒྱལ་པོ་ཐུགས་མ་བབ་ནས། སྐབས་དེའི་སྤྱི་ཚོགས་དང་འཚམས་པ་རྒྱ་གར་བན་དེའི་ཆོས་བྱ་སླ་ལ་སྤྱོད་བདེ་བ་ཞིག་གདན་དྲངས་ན་མ་གཏོགས། བོན་ཡུན་རིང་དར་ན་མཐར་མཇུག་བོན་པོས་ཆབ་སྲིད་འཕྲོག་དོགས་པ་བཅས་ཀྱིས་རེད། གཞན་ཡང་སྐབས་དེར་ཕྱི་ཕྱོགས་ཀྱི་ཤེས་རིག་བོད་ལ་གདན་དྲངས་ནས་བོད་ཀྱི་རིག་གཞུང་ལ་སྔར་ལས་ལྷག་པའི་འཕེལ་རྒྱས་སོང་ཡོད་ཀྱང་། ཆོས་ལུགས་གཉིས་ལ་དད་མཁན་གྱི་མང་ཚོགས་བར་འགལ་ཟླ་སོང་བ་བཅས་ལ་གཞིག་ན་སྐྱོན་ཡོན་གཉིས་ཆ་ལྡན་པ་ཞིག་ཆགས་ཡོད། གནས་ཚུལ་དེ་ལ་གཞིག་ནས་གླང་དར་མས་བོན་ཆོས་གཉིས་དགག་གི་ལས་འགུལ་སྤེལ་བ་རེད། དུས་སྐབས་དེར་བན་བོན་གཉིས་ནས་དོན་དངོས་ཀྱི་གནས་ཚུལ་ལྟག་རྒྱབ་ལ་གཡུགས་ཏེ། བོན་པོའི་ཕྱོགས་ཀྱིས་སྲོང་བཙན་དང་ཁྲི་སྲོང་ལ་ངན་སྨྲ་དང་། བན་དེའི་ཕྱོགས་ཀྱིས་གླང་དར་ལ་སྒྲོ་བཏགས་སྐུར་འདེབས་བྱས་ཡོད་པ་དེང་སྤྱི་ཚོགས་ཐོག་མཁས་པ་རྣམས་ཀྱིས་ལབ་གླེང་གནང་བཞིན་པ་འདི་རེད། དེས་ན་བན་བོན་གཉིས་ཀྱི་ཆོས་ལ་ཡང་མ་དག་པ་ཞིག་མེད་ཀྱང་། གྲུབ་མཐའི་རྒྱུད་འཛིན་པ་འགའི་ངག་ནས་སྣ་ཚོགས་པ་ཞིག་ཐལ་བ་ལ་ཡིད་ཕེར་དཀའ་བས་དེ་ཙམ་བྱས། བོད་སིལ་བུར་འཐོར་བའི་རྗེས་དུས་རབས་བཅུ་པའི་གཤེན་ཀླུ་དགས་གཏེར་ཞལ་ཕྱེས་པའི་གཞུང་དོན་ཁག་ལ་བྲུ་ཞུ་སྤ་རྨེའུ་བཅས་ཀྱི་མཁས་པ་རྣམས་ཀྱིས་འགྲེལ་བཤད་བསྐྱོན་པ་མ་ཟད། དུས་སྐབས་དེའི་བོན་གྱི་སློབ་གཉེར་གནང་ས་ཆེ་ཤོས་གཤེན་དར་ལྡིང་དང་། བྲུ་གཡས་རི་དབེན་ས་ཁ། སྤ་ལ་ཕུག ཞུ་དབང་ལྡན་ལྷུན་གྲུབ་སྒང་། རྨེའུ་བཟང་པོ་རི། སྟོད་ལུང་འབྲི་ལུང་དགོན་སོགས་སུ་འདུས་སྡེ་སྟོང་ཕྲག་ལས་བརྒལ་བར་འཕེལ་ཡོད་པ་བོད་ཀྱི་ལོ་རྒྱུས་དང་འདུས་སྡེའི་ཆགས་ཤུལ་ལ་གཞིག་ན་ཤེས་ཐུབ། དེ་བཞིན་མདོ་དབུས་ཁམས་གསུམ་ལ་བོན་གྱི་འདུས་སྡེ་མང་པོ་ཆགས་པའི་ལོ་རྒྱུས་དང་ཆགས་ཤུལ་ཡང་དངོས་སུ་མཇལ་རྒྱུ་ཡོད། དེ་རྣམས་དུས་རབས་བཅུ་པ་ཡས་མས་སུ་ཡིན་ལ་སྐབས་དེར་བྱོན་པའི་མཁས་པ་རྣམས་ཀྱིས་མཛད་པའི་ཚད་མའི་བསྟན་བཅོས་ཇི་སྙེད་ཡོད་པ་དེང་བོན་དགོན་ཁག་གི་དཔེ་མཛོད་ཁང་ནང་ཆ་ཚང་བ་དང་། སྤྱི་ཚོགས་ཀྱི་དྲག་ཆར་རླུང་འཚུབ་ཁྲོད་དུ་ཚུད་པས་མགོ་ཆད་མཇུག་དུམ་ཅན་གྱི་དཔེ་་ཆ་རུ་སོང་བས་ངོས་འཛིན་དཀའ་བ་ཡང་མང་པོ་ཡོད། དེ་རྗེས་དུས་རབས་བཅུ་བཞི་བའི་ནང་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་གིས་གཙང་སྨན་རི་དགོན་ཕྱག་བཏབ་ནས་འདུས་སྡེ་བསྐྱངས། དེ་རྗེས་དུས་རབས་བཅུ་བདུན་པའི་ནང་སྣང་ཞིག་སྐྱབས་མགོན་ཟླ་བ་རྒྱལ་མཚན་མཆོག་གིས་རབ་ལེགས་གཡུང་དྲུང་གླིང་བཏབ་ནས་འདུས་སྡེ་སྐྱོང་ཡང་གྲ་རྒྱས་པོ་ཞིག་ཆགས་མ་ཐུབ་པ་ནི་སྐབས་དེའི་སྲིད་དབང་པ་རྣམས་ཀྱིས་རང་རང་གི་གྲུབ་མཐའ་ལས་གཞན་མིང་ཙམ་ལས་དོན་དངོས་ཕྱོགས་ཡོངས་ནས་སྐྱར་གསོ་མ་ཐུབ་པའི་རྐྱེན་གྱིས་དུས་དེའི་སྤྱི་ཚོགས་ལ་བདེ་འཇགས་མེད་པ་དང་བོན་དགོན་རྣམས་བན་དགོན་བསྒྱུར་བ་དང་མེ་ཆུས་འཇིག་པ་མང་པོ་བརྒྱུད་དགོས་བྱུང་བ་མ་ཟད་བཀས་བཀོད་ཀྱི་སྤྱི་ཚོགས་དེའི་ནང་གི་ལོ་རྒྱུས་ཀྱི་དེབ་ཐེར་ནང་དུ་རང་རང་གི་གྲུབ་མཐའ་ལ་ཆེ་བསྟོད་བྱས་བསྡད་པ་ལས་བོད་སྤྱི་ཡི་གནས་བབ་བཤད་མཁན་ཉུང་ཉུང་ཆགས་པའི་རྐྱེན་གྱིས་རེད། སྤྱིར་ནི་གཡུང་དྲུང་བོན་ལ་ཆབ་སྲིད་ཀྱིས་བརྡུང་རྡེག་མང་པོར་བརྒྱུད་དགོས་བྱུང་ཡང་། དེང་བོན་གྱི་བླ་སྲོག་མ་ཉམས་པར་བཞུགས་ཡོད་པ་མེས་རྒྱལ་གྱི་མངའ་ཁོངས་བོད་ལྗོངས་དང་། ཟི་ཁྲོན། ཀན་སུའུ་ མཚོ་སྔོན་སོགས་ཞིང་ཆེན་གསུམ་ལྗོངས་གཅིག་དང་བཞི་ལ་བོན་དགོན་རི་ཁྲོད་གྲངས་ལྔ་བརྒྱ་ཙམ་དང་བོན་ལ་དད་པ་བྱེད་མཁན་མི་རིགས་ཁྲི་དྲུག་བརྒྱ་ཡར་ལྷག་དང་དེང་ནང་པའི་གྲུབ་མཐའ་ཁག་ལྔ་ཡི་ནང་ནས་མི་དང་དགོན་གྲངས་ཚོད་དཔག་བྱས་ན་ཨང་གསུམ་པར་བསླེབས་སྙམ། དེང་དུས་མདོ་དབུས་ཁམས་གསུམ་ལ་མཚན་ཉིད་བཤད་གྲྭ་ཡོད་སའི་དགོན་པ་ཉི་ཤུ་ཡར་ལྷག་བཅས་དང་། དགོན་པ་དེ་རྣམས་ཀྱི་ཚད་མའི་ཡིག་ཆ་གཙོ་བོ་ནི་སྔ་རབས་བོན་གྱི་ཡིག་ཆ་རྣམས་གཞིར་བཞག་ཐོག། དུས་རབས་བཅུ་གཉིས་པའི་སྐབས་སུ་གཡས་རི་དབེན་ས་ཁའི་མཁན་པོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་ཚད་མ་ཀུན་བཏུས་དང་། དུས་རབས་བཅུ་བཞི་བའི་ནང་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ། དུས་རབས་བཅོ་བརྒྱད་པའི་ནང་མཛད་པའི་མཁན་ཆེན་ཉི་མའི་སུམ་ལྡན་སྡུད་གྲྭའི་རྣམ་བཤད་གསུམ་ཡིན། དེ་བཞིན་དུས་རབས་བཅུ་དགུ་བའི་ཡས་མས་ལ་བོན་གྱི་མཁས་གྲུབ་རྣམས་ཀྱིས་མཛད་པའི་ཚད་མའི་ཡིག་ཆ་བཅུ་ཕྲག་ལས་བརྒལ་བར་ཡོད་ཀྱང་གཙོ་བོ་གོང་མ་དེ་གསུམ་གནང་གི་ཡོད། གཞན་ཡང་བོན་ལུགས་ཀྱི་སློབ་རིམ་དགེ་བཤེས་ཆེན་མོས་གཞུང་པོད་བརྒྱད་ལ་སློབ་གཉེར་གནང་དགོས་པ་སྟེ། གཞུང་ཆེན་བརྒྱད་ནི། ཚད་མ། ཐེག་རིམ། ས་ལམ་དང་ཕར་ཕྱིན། དབུ་མ། མཛོད། འདུལ་བ། གསང་སྔགས། རྫོགས་ཆེན་བཅས་ཡིན། ཟུར་དུ་རིག་གནས་ཡང་ཟབ་སྦྱོང་དགོས་པ་བཅས་སོ།།

རྩེ་དྲུག་སློབ་མིང་པ་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱིས་ཀྲུང་དབྱང་མཐོ་རིམ་ནང་བསྟན་སློབ་གླིང་དུ་འཆད་ཁྲིད་ཀྱི་ཐུན་མཚམས་རྣམས་སུ་བྲིས།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག