ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལོ་རྒྱུས། >> སྨྲང་རབས་ལོ་རྒྱུས། >> རྫོགས་སངས་རྒྱས་པའི་ཞལ་མཆེ་ལས་སྤྲུལ་བ་དུང་འཕར་ཆེན་རིན་པོ་ཆེའི་དཀར་ཆག་ལོ་རྒྱུས་རྣམ་གཉིས་བཞུགས།
རྫོགས་སངས་རྒྱས་པའི་ཞལ་མཆེ་ལས་སྤྲུལ་བ་དུང་འཕར་ཆེན་རིན་པོ་ཆེའི་དཀར་ཆག་ལོ་རྒྱུས་རྣམ་གཉིས་བཞུགས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དཔོན་སློབ་བསྟན་འཛིན་རྣམ་དག] [ཟླ་ཚེས། 11-01-17] [ཀློག་གྲངས། ]

རྫོགས་སངས་རྒྱས་པའི་ཞལ་མཆེ་ལས་སྤྲུལ་བ་དུང་འཕར་ཆེན་རིན་པོ་ཆེའི་དཀར་ཆག་ལོ་རྒྱུས་བསྡུས་དོན་ཞིག་མདོ་ལས་བསྡུས་ཏེ་བཀོད་པ།
ཡོངས་འཛིན་རིན་པོ་ཆེས་མཛད་པ་བཞུགས་སོ། །

  སྟོན་པའི་རྒྱལ་པོ་འཁོར་བ་འདྲེན་པའི་དཔལ། །མུན་པའི་ཚོགས་རྣམས་འཇོམས་བྱེད་སྒྲོན་མེའི་འོད། །མ་རིག་ནད་གདུང་སེལ་བ་སྨན་པའི་གཙོ། །མི་ཡི་མཆོག་ཏུ་གྱུར་པ་དམུ་ཡི་རྒྱལ། །དུག་ལྔའི་འདམ་དང་མཚོ་སྐེམ་མེ་ཆེན་དཔུང་། །མཚན་དང་དཔེ་བྱད་ལྡན་པའི་གཟི་འཕགས་པོ། །དཀའ་བ་སྣ་ཚོགས་དང་དུ་བླངས་ནས་ནི། །མཛད་པ་སྣ་ཚོགས་མཐའ་རུ་ཕྱིན་མཛད་ཅིང་། །གཟིགས་ཚད་བཞི་དང་དགོངས་ཚད་དྲུག་གཉིས་ཀྱིས། །བྱམས་པ་ཆེན་པོས་འཁོར་བ་སྒྲོལ་མཛད་པའི། །གཤེན་རབ་སྤྲུལ་བའི་སྐུ་ལ་ཕྱག་འཚལ་ལོ། །དེ་ལ་འདིར་མཛད་ཆེན་བདུན་པ་རྣམ་པར་འཇོམ་པའི་མཛད་པའི་སྐབས། བདུད་ཕྲུག་ཤོར་བ་རྐྱ་བདུན་གྱསི། །གཤེན་ཡུལ་འོལ་མོ་ལུང་རིང་ནས། །གཤེན་གྱི་རྟ་བདུན་བརྐུས་ནས་ཁྱེར། །རྟ་བདུན་ཞེས་པ་འདི་དག་སྟེ། །ལྷ་རྟ་ཀེ་རུ་སྙན་དཀར་དང་། །གསས་རྟ་མཚལ་བུ་བང་ཆེན་དང་། །རྒོད་རྟ་ལིང་བ་གསེར་ལོ་དང་། །གནམ་རྟ་གྱི་ལིང་འགྲོས་པོ་ཆེ། །གར་རྟ་འཕྱོ་བ་དུང་མདོག་དང་། །དབང་རྟ་སྤྲིན་གྱི་ཤུགས་ཅན་དང་། ཆིབས་ཀྱི་འབྲུག་རྟ་སྔོན་པོ་བཅས། །བདུད་ཕྲུག་ཤོར་བ་མ་ཡིན་ན། །རྟ་བདུན་ཅང་ཤེས་ལྷ་རིགས་ལ། །གཞན་གྱི་བྱིན་གྱིས་ག་ལ་ནོན། །གལ་ཏེ་འཛིན་པར་གྱུར་ན་ཡང་། །དེ་དག་ཤུལ་ལ་ནོན་མཁན་མེད། །ཞེས་སྟོན་པས་གསུངས་སོ། །ད་ཡང་འཁོར་སྡེ་སླད་མ་རྣམས། །དགེ་བའི་ལས་ལ་གཞུང་བཞིན་སྤྱོད། །བདག་ནི་ནག་པོ་བདུད་ཡུལ་དུ། །རྟ་བདུན་ཤོར་བའི་རྗེས་སུ་འགྲོ། །བདུད་འཁོར་དབང་དུ་བསྡུ་བ་དང་། བདུད་ཁམས་ཐར་པར་བཀོད་པར་བྱ། །ཞེས་དང་། དེ་ཉིད་ལས། དེ་ལ་བདུད་རྗེ་ཐབས་མཁས་པས། །དང་བོ་བསླུ་བའི་བྲིད་ཐབས་བཤམས། །མེ་ཆུ་རླུང་དང་རི་བྲག་བཅས། །བདུད་ཀྱི་བུ་མོས་བསླུ་བ་བྱས། །དེ་རྣམས་ཅིས་ཀྱང་མ་ཚུགས་ནས། །ད་ལྟ་ཀོང་ཡུལ་རོང་དུ་ཕྱིན། །ད་ནི་དུས་ཀྱི་ལ་ཡོག་ཡིན། །བདུད་དང་ཀོང་གི་དམག་ཚོགས་རྣམས། །སྲ་བའི་གོ་ཆ་ད་གོན་འཚལ། །རྣོ་བའི་མཚོན་ཆ་ད་བརྡར་འཚལ། །མགྱོགས་པའི་རྟ་ཕོ་ད་བརྟད་འཚལ། །ངེད་རང་དམག་ལ་གོ་ཤོམ་བྲེས། །ཞེས་སོགས་ནས། ཀུན་གྱིས་མདའ་མཚོན་ཆར་དུ་ཕབ་ནས་འཕུངས་པས། སྟོན་པའི་སྐུ་ལ་ཕོག་པ་བས། དྲུང་དུ་ཉེ་མ་ནུས་སོ། །དེ་ནས་ཡང་བདུད་ཀྱི་དམག་ཚོགས་ཀྱིས་དམག་མི་དཔུང་དང་བཅས་ནས། ཤིན་ཏུ་ང་རྒྱལ་བར་བྱས་ཏེ། སྟོན་པའི་ཐོག་ཏུ་ཐུན་རྡོ་དང་། སྒྱོགས་དང་ཀ་མ་ལི་དང་། གཏར་རྡོ་རྣམས་བཅས་ནས་བྱུང་བ་ལས། སྟོན་པས་ཀྱང་སྒྲ་བླ་དང་། ཝེར་མ་དང་། ཅང་སེང་དང་དཔའ་ཁྲོམ་རྣམས་བསྐུལ་ཏེ་གསུངས་པ། ཀ་ཡེ་ནམ་མཁའི་སོགས་གསུངས་ནས་སྒྲ་བླ་ཝེར་མ་བསྐུལ་བས། ནམ་མཁའི་ཁམས་ནས་ཐོག་འབྲུག་གློག་འོད་ཀྱི་ནང་ནས། བདུད་ཀྱི་དམག་ཚོགས་རེ་རེ་ལ། ལྷ་ཡི་དམག་ཚོགས་བརྒྱ་བརྒྱ་བྱུང་ནས། བདུད་དང་ལོག་པའི་དམག་ཚོགས་རྣམས། གཡུལ་ངོ་བཟློག་སྟེ། དེ་ལ་མོན་འཇང་གྲུ་གུ་གེ་སར་གྱི་མཐའ་དམག་་རྣམས་ནི། སོ་སོའི་ཡུལ་དུ་བྲོས་ནས་སོང་ངོ་། །བདུད་དང་ཀོང་སྲིན་གདུག་པའི་མི་རྣམས་ནི། ཀོང་བོ་རོང་ནག་ཏུ་བྲོས་ཏེ་འཁྲས་བཅས་སོ། །བདུད་རྗེ་རྒྱ་ལག་ཐོད་རྗེ་ནི་གཡུལ་ཟིན་བྱས་ནས་བཙོན་དུ་བཟུང་ངོ་། །དེ་ལ་བདུད་ཐམས་ཅད་ནི་ཤིན་ཏུ་མྱ་ངན་གྱིས་གདུང་ནས། ཀུན་གྱི་མྱ་ངན་གྱི་ངུ་སྒྲ་ཕྱུང་ངོ་། །དེའི་ཚེ་སྟོན་པའི་ཞལ་ནས་གསུངས་པ། གསོན་དང་ཐུགས་ཀར་ལྷ་ཡི་དམག །དད་པ་མ་སྐྱེས་སེམས་ཅན་ནི། །དྲེགས་པས་བཟུང་ན་དོན་དང་འགལ། །རྒྱ་ལག་ཐོད་རྗེ་བུ་ཕྱིར་ཐོངས། །ལྷ་དམག་ལྷ་རིའི་ཞོལ་ལ་གྱིས། །སྲིན་དམག་རོང་ཁའི་བྲག་ལ་སྡོད། །བདུད་ཀྱི་མྱ་ངན་རྒྱུན་གཅོད་ཕྱིར། །ཐབས་ཀྱི་སྤྲུལ་བ་བདག་གིས་སྟོན། །ཞེས་གསུངས་ནས། ཚེམས་ཀྱི་མཆེ་བ་གཡས་གཡོན་ལས། འཕར་པོ་འཕར་ཆེན་དུང་དུ་སྤྲུལ། །ཕྱག་གིས་བླངས་ཏེ་ཞལ་གྱིས་བུས་པས། །སྟོང་གསུམ་གྲགས་པའི་སྒྲ་ཆེན་བྱུང་ནས། །བདུད་ཀྱི་ངུ་མོ་ཡང་རྒྱུན་ཆད་དོ། །དེ་ནས་སྟོན་པའི་ཞལ་ནས་གསུངས་པ། ཉོན་ཅིག་ཁྱབ་པ་ལག་རིང་དང་། ལོག་སྲེད་ཅན་གྱི་དམག་མི་རྣམས། སྟོན་པས་བདེན་པའི་བོན་བསྟན་གྱིས། །ཀུ་སྒྲ་མ་ཆེ་བཀའ་ལ་ཉོན། །འཇིག་རྟེན་མི་རྟག་སྒྱུ་མ་ཡིན། །ང་རྒྱལ་དྲེགས་པ་རང་ཕུང་ཡིན། །ཞེས་སྡང་མཚོན་ཆ་རྩེ་བསྣོལ་ཡིན། །གཏི་མུག་མ་རིག་བྱོལ་སོང་ཡིན། །འདོད་ཆགས་འོད་དགའ་མེར་མཆོངས་ཡིན། །འཕྲག་དོགས་རང་བཅིང་བཙོན་ར་ཡིན། །དུག་ལྔ་མ་རིག་ལས་སྤོངས་ལ། །ཡེ་ཤེས་ལྔ་ལ་སེམས་ཡར་ཐེག །སྟོན་པས་ཚད་མེད་སེམས་བསྐྱེད་ཅིང་། །བདུད་གཤེན་མི་འབྱེད་མཉམ་པ་ཡི། །འཕྲུལ་ངག་བདེན་པའི་བོན་བསྟན་གྱིས། །མ་ནོར་ཐར་བའི་ལམ་ལ་ཞུགས། །ཞེས་གསུམ། མཛད་མདོ་གཟེར་མིག་ལེའུ་བཅུ་གཉིས་པ་ལས། བདུད་འཁོར་དད་པ་མ་སྐྱེས་པ་དང་། །ཁྱབ་པ་ལག་རིང་རྣམས་ནི། །གཤེན་རབ་ཀྱི་འཁོར་དང་ཕ་མ་དང་། འཁོར་དང་བཅས་པ་ཤོར་བས། ཤིན་ཏུ་ཡང་མ་དགའ་བའི་སེམས་སྐྱེས་ནས། བྲང་བརྡུང་ངུ་སྒྲ་འབྱིན་ཅིང་། ཆོ་ངེ་དཔག་ཚད་དང་རྒྱང་གྲགས་སུ་ཁེངས་པ་འབྱིན་ཅིང་ངུའོ། །དེ་ལ་སྟོན་པ་ཐུགས་རྗེ་ཆེ་ལ་ཐབས་མཁས་པ་དེས། བདུད་ཀྱི་ངུ་མོ་རྒྱུན་གཅོད་པའི་ཕྱིར། ཚེམས་ཀྱི་མཆེ་བ་གཡས་གཡོན་ལས། འཕར་པོ་འཕར་ཆུང་དུང་སྤྲུལ་ནས། ཕྱག་གིས་བླངས་ནས་ཞལ་གྱིས་བུས། སྟོང་གསུམ་གྲགས་པའི་སྒྲ་ཆེན་ཕྱུང་། འཇིག་རྟེན་ཁམས་ཀྱང་འདར་གྱིན་འགུལ། བདུད་ཀྱང་བསྔངས་ནས་ངུ་འཕྲོ་ཆད། ཅེས་བྱུང་། གཟི་བརྗིད་ལས། དེ་ལྟར་དུ་སྟོན་པས་བདུད་འཁོར་དབང་དུ་བསྡུས་ཏེ། ཡར་ལ་གཤེགས་ཁར་དགུང་གཅིག་བོན་རི་ཆེན་པོ་ལ་གཟིམས་ནས། ནང་པར་བསེ་ཁྲབ་ཤོལ་མོ་དང་། བསེ་ཡི་ཕུབ་མོ་གླིང་ཆེན་དང་། ལྕགས་མདའ་ལྕགས་གཞུ་དང་། དུང་འཕར་པོ་འཕར་ཆུང་རྣམས། བོན་རི་ཐུགས་ཀྱི་དང་གོང་དུ། བཀྲ་ཤིས་རྟགས་སུ་བཞག་ནས། ཞལ་ནས་སྨོན་ལམ་གསུངས་པ། རྒྱུ་འབྲས་བདེན་པའི་བོན་རྣམས་ནི། ད་ལྟ་དུས་ཀྱི་གནས་སྐབས་འདིར། བསྟན་པ་བཞག་པའི་གནས་མེད་པས། མཐའ་འཁོབ་མི་ཡིས་མི་གོ་བས། མི་ཤེས་ཕྱིར་ན་མ་བསྟན་ནོ། །ཐུགས་སྤྲུལ་བོན་རི་ཆེན་པོ་འདི། བཀྲ་ཤིས་ས་གནས་བྱིན་ཆེན་འདིར། ནམ་ཞིག་ཁ་བ་ཅན་ལྗོངས་སུ། ཐེག་པ་རིམ་དགུའི་བོན་དར་ནས། གཡུང་དྲུང་བོན་ལ་སྤྱོད་པར་ཤོག བདག་གིས་བཀྲ་ཤིས་ས་རྟགས་ལ། བསེ་ཁྲབ་ལྕགས་གཞུ་ལྕགས་མདའ་དང་། བསེ་ཡི་ཕུབ་མོ་གླིང་ཆེན་རྣམས། སྐྱེད་བྱེད་ས་ཡི་སྙིང་བོར་ཤོག གསུང་དབྱངས་འཕར་པོ་འཕར་གྲགས་ཉིད། བདག་གི་གསུང་གི་བསྟན་པའི་དུས། རང་བྱུང་འགྲོ་བ་འདྲེན་པར་ཤོག ཅེས་གསུངས་ནས་སྨོན་ལམ་བཏབ་བོ། །ཞེས་དང་། མདོ་གཟེར་མིག་ལས། དགུང་གཅིག་བོན་རི་ཆེན་པོར་གཟིམས། ནང་པར་དམུ་ཁྲབ་ཤོལ་མོ་དང་། བསེ་ཡི་ཕུབ་མོ་གླིང་ཆེན་དང་། དུང་འཕར་པོ་འཕར་ཆུང་དང་། ལྕགས་མདའ་ལྕགས་གཞུ་རྣམས། བཀྲ་ཤིས་ཀྱི་ས་རྟགས་སུ་བཞག་ནས། སྟོན་པས་སྦ་དང་སུམཔའི་བོན་པོ་ལ། བོན་དུ་འདྲེ་བཀར་བ་དང་། ཡུགས་ཕུད་གཉིས་ཀྱི་ལུང་ཕོག ཡས་སྟགས་སུ་ཤིང་རྩི་སྨན་བསང་དང་། ཐོད་རུས་བསྟན། དེ་ནས་ཞལ་ནས་སྨོན་ལམ་གསུངས་པ། མ་ནོར་ངེས་པའི་ལུང་བསྟན་དུ། སྔ་མའི་སྦྱངས་འཕྲོ་མེད་པ་ཡིས། མཐའ་འཁོབ་མི་ཡིས་ལུང་མི་གོ དེ་ཕྱིར་ངེས་དོན་མ་བསྟན་ནོ། །ཕ་རོལ་ཕྱིན་པའི་ཡས་སྟགས་ཀྱང་། ལས་བཟང་བག་ཆགས་མེད་པ་ཡིས། མཐའ་འཁོབ་མི་ལ་མ་བསྟན་པ། མི་ཤེས་ཕྱིར་ན་མ་བསྟན་ནོ། །བདག་གི་ཞལ་བསྟན་གསུང་བསྒྲགས་བག་ཆགས་འདིས། ནམ་ཞིག་ངེས་དོན་ཤེས་ནས་ཐར་པ་ཐོབ་པར་ཤོག ཅེས་གསུངས། འདི་ལྟར་ཚད་ཐུབ་ལུང་གིས་ཟིན་པའི་རྟེན་མཆོག་འཕར་ཆེན་འདི་ཉིད་སངས་རྒྱས་ཉིད་ཀྱིས་བོན་རིའི་ཐུགས་ཀྱི་དང་གོང་དུ་སྦས། གསུང་གི་བསྟན་པའི་དུས་སུ། རང་བྱུང་འགྲོ་བ་འདྲེན་པར་ཤོག །གསུངས་པས་གཏེར་སྟོན་སོགས་ཀྱི་མཚན་དང་ལོ་རྒྱུས་ཡོད་མེད་མི་གསལ་ཞིང་། དུས་ལ་བབ་དུས་རང་བྱུང་སྟེ་ས་ནས་རང་བྱུང་དུ་བརྡོལ་ནས་འགྲོ་དོན་དུ་ཀོང་ཡུལ་དུ་ཡུན་ཇི་ཙམ་བཞུགས་པ་དང་། གཏེར་ཐོན་རབ་སོགས་ཟེར་སྒྲོས་སྣ་ཚོགས་ཡོད་སྲིད་ཀྱང་ཡིད་བརྟོན་པའི་གནས་སུ་རུང་མིན་དཔྱད་རྒྱུ། དེ་བཞིན་ཟེར་སྒྲོས་སུ་ཁྱུང་ཡུལ་དུ། གསལ་འཕེན་དང་། སྲུག་མདོང་། དོ་ཁང་ཞེས་པའི་མི་གསུམ་གྱིས་ཀོང་ཡུལ་ནས་བརྐུས་ཏེ་ཁྱུང་ཡུལ་དུ་གདན་དྲངས་པ་སོགས་ཀྱང་གྲགས། གང་ལྟར་རྟེན་འདི་ངེས་པ་རྙེད་པའི་ལུང་ཟིན་ཡང་ཡིན་ཏེ། སྤྲུལ་སྐུ་བློ་ལྡན་གྱི་སྙན་རྒྱུད་ཟུར་བྱང་དུ། ཚེ་དབང་རིག་འཛིན་གྱིས། གསུང་ཚབ་འཕར་ཆེན་འཕར་ཆུང་ལ། གང་མཇལ་བར་དོའི་འཇིགས་པ་སྐྱོབ། ཅེས་གསུངས། སྤྱིར་ན་དུང་འཕར་པོ་འཕར་ཆུང་ཞེས་པིའ་མིང་འདི་དུང་གི་དབྱིབས་ཆེ་ཆུང་ལ་འཇུག་པ་ཡིན་ནམ་སྙམ་སྟེ། སངས་རྒྱས་ཀྱི་འཁོར་དང་བོར་གྱུར་བའི་ཡེ་གཤེན་བཅུ་གསུམ་ནང་དུ་དུང་འཕར་པོ་འཕར་ཆུང་ཞེས་པ་ཡོད་པས་འདིའི་དུང་དེ་སངས་རྒྱས་ཀྱི་ཚེམས་ལས་མ་སྤྲུལ་བའི་དུས་སུ་ཡང་ཡོད་དོ། །གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ལས། མཆོད་རྫས་ཀྱི་རྣམ་གྲངས་སུ་གསུངས་པ་ལས། དུང་འཕར་པོ་འཕར་ཆུང་བུས། ཞེས་སོགས་བྱུང་བས་དུང་འཕར་པོ་འཕར་ཆུང་ཞེས་དུང་གི་དབྱིབས་ལས། ཚེམས་དུང་དང་འབྲེལ་བ་མེད་དོ། །ད་ལེན་འདིར་བཤད་པའི་དུང་འདི་མདོ་ལུང་ཁུངས་མ་རྣམས་ནས་གསུངས་པ་དང་འབྱོར་བས། ཡིད་ཆེས་པས་གནས་ད་ང། དད་འབྲེལ་ཞོག་པས་བསོད་ནམས་ཀྱི་སྒོ་ཆེན་པོ་འབྱེད་པ་སོགས་སོ། །མདོ་ལུང་འདི་དག་ནས་བྱུང་བར་གོ་མ་ནོར་ན། ཡིད་ཆེས་པའི་གནས་ཡིན་ཏེ། ཉེས་པ་ཟད་པས་རྫུན་གྱི་ཚིག སྨྲ་བ་མི་འགྱུར་རྒྱུ་མེད་ཕྱིར། ཉེས་ཟད་ལུང་དུ་ཤེས་པར་བྱ། ཞེས་སོ། རྟེན་རང་གི་ངོས་སུ་བྱོན་པའི་རྟགས་དང་ས་བོན་སོགས་མདོ་ལུང་དུ་མ་བྱུང་ཞིང་རྟེན་བདག་གང་གི་གསུང་ལ་བརྟེན་པར་ཞུ། སླར་མཇུག་བསྡུའི་ཚིགས་སུ་བཅད་པ། བདག་ཅག་སྟོན་པ་རྣམ་འདྲེན་གང་གི་གསུང་། །རྟ་བདུན་འབུམ་གྱི་འོད་ལ་གསལ་བཞུགས་བཞིན། །གདོལ་གཏམ་སྲིན་བུའི་མཇུག་འོད་ལ་བརྟེན་ནས། །འགྲོ་བ་ཕལ་ཆེར་ལོག་པའི་ལམ་ལ་འཕྱན། །བརྩེ་བའི་ཁ་བརྡའི་ཚིག་མི་འཇམ། །སླུ་བའི་ཁ་གསག་སྙན་མོད་ཀྱང་། །དོན་གྱི་གདམ་གོ་མི་ནོར་ན། །རྣམ་དཔྱོད་ཅན་གྱི་མི་གྲལ་ཡིན། །དེང་དུས་འདོད་ཡོན་ལོངས་སྤྱོད་དབྱར་ཆུའི་ཚུལ། །གཅོལ་ཆུང་འགྲོ་བ་རྩི་སྦུ་དེར་ཞུགས་ཏེ། །གཏིང་རིང་འཁོར་མཚོའི་ཀློང་དུ་ཉལ་སྟེགས་བརྩེགས། །བརྩེ་གདམས་སྦུང་ཆུང་གཟེང་གིས་ཅི་བྱ་ཡོད། །ན་ཚོད་རྒས་ཀྱང་ཤེས་རབ་གཞོན་ནུའི་སྟོབས། །རྨོངས་མུན་འཐུག་ཀྱང་བརྩེ་བའི་ཟླ་འོད་དཀར། །སྡང་བྱེད་མང་ཡང་ཕན་འདོད་སླར་ལ་འཕེལ། །བདག་ཅག་འདྲེན་པ་བླ་མེད་གསུང་གི་དྲིན། །བསྟན་རྣམ་པས་དབྲ་ཁྱུང་ཟླ་སྤྲུལ་རིན་པོ་ཆེའི་ཞབས་དྲུང་དུ་གུས་པས་ཕུལ། །

གསུང་དབྱངས་འཕར་ཆེན་རང་གྲགས་ཀྱི་རྟེན་བཤད་བསྡུས་དོན་དད་བརྒྱའི་སྙེ་མ་ཞེས་བྱ་བ།
ཤོ་བཙུན་ཁྲི་གཙུག་རྒྱལ་པོས་བརྩམས།

ཕུལ་བྱུང་ཡེ་ཤེས་གསེར་གྱི་འཁྲི་ཤིང་ལས།། བརྒྱད་ཁྲི་ཟག་མེད་བོན་གྱི་འདོད་ཡོན་སྤྲིན།།
ཀུན་རྨོངས་སྲེད་པ་ཅན་ལ་བདུད་རྩི་རུ།། སྦྱིན་མཛད་དམུ་སྲས་ལྷ་དབང་སྙིང་གི་ཏོག།
གང་བསྟན་གནས་པ་ཁྲི་ཕྲག་གསུམ་གྱི་དབུས།། གསུང་གི་འདྲེན་མཆོག་གཡས་འཁྱིལ་ཚངས་པའི་དབྱངས།།
འཕར་ཆེན་རང་གྲག་རྗེས་བཞག་རྟེན་གྱི་གཙོ།། དུས་མཐའི་མྱ་ངན་གཞོམ་པའི་དཔུང་དུ་ཁུམས།།
ཀུན་གཟིགས་སྤྱན་ལྡན་ཞང་བོད་མཁས་གྲུབ་དང་།། དོ་ཁང་བླ་རབས་༧ཟླ་སྤྲུལ་རིན་ཆེན་མཚན།།
བསྟན་འདི་འགྲོ་ལ་གཟུགས་སྒྲ་སྟེར་བའི་བཤེས།། སྐལ་བཟང་རྐང་གཉིས་ཡོངས་ཀྱིས་མགོན་དུ་མཆོད།།

    དེ་ལྟར་གུས་སྦྱོར་མཆོད་པའི་ཚིག་ཕྲེང་གིས་སྒོ་ཡངས་པོར་ཕྱེས་ཏེ། སྐབས་སུ་ཞུ་བ་ནི། སྐལ་བཟང་འགྲོ་བའི་ལྷ་སྐལ། དམུ་རིག་འཕྲུལ་གྱི་རྒྱལ་སྲས། རྩོད་ལྡན་འདུལ་བའི་དཔུང་གཉེན། བདག་ཅག་གི་འདྲེན་པ་ཆེན་པོ་མཉམ་མེད་སྟོབས་བཅུ་མངའ་བ་རྣམ་མཁྱེན་༧གཤེན་རབ་མི་བོ་དེ་ཉིད་ཀྱིས་གསང་གསུམ་བསྟན་པའི་འཁོར་ལོ་ཟད་མི་ཤེས་པར་བསྐོར་བའི་ནང་ནས་རྗེས་བཞག་གསུང་གི་འདྲེན་མཆོག་ཚེམས་དུང་འཕར་ཆེན་རང་གྲག་གི་བྱུང་བའི་ཁུངས་དང་། ཆེ་བའི་རྟགས། དོན་གྱི་ཡོན་ཏན་སོགས་བསྡུས་ནས་དད་ལྡན་འགྲོ་བ་ཕོ་མོ་ལ་གོ་སླའི་ངག་གིས་བསྡེབས་ཏེ་ལེགས་པར་བཀྲམ་པ་ལ། སྲས་བཅས་རྒྱལ་བའི་ཐུ་བོ་ཀུན་མཁྱེན་རྫོགས་པའི་སངས་རྒྱས་མཆོག། ཡེ་ཤེས་ཀྱི་དགོངས་གཟིག་དར་ལ་བབ་པས། དམུ་རིགས་འཕྲུལ་གྱི་རྒྱལ་ས་རུ་གཟུགས་སྐུ་མི་ཡི་རྣམ་འཕྲུལ་དུ་འཁོར་ལོ་གསུམ་གྱི་བཀའ་ཕྱོགས་མེད་དུ་བསྐོར་བའི་དུས་དེར་ལས་སྨོན་དུ་མས་གཤེད་དུ་སྦྲེལ་བ། ནག་ཕྱོགས་བདུད་རྗེ་ཁྱབ་པའི་འགྲན་རྩོད་ཀྱིས་ཆོ་འཕྲུལ་སྣ་ཚོགས་བསྟན་ཡང་མ་ཚུགས་པར། སེམས་བསྐྱེད་ལོག་པའི་བདུད་བློན་ཤོར་བ་རྐྱ་བདུན་གྱིས་གཤེན་གྱི་རྟ་བདུན་བརྐུས་ནས་ཀོང་ཡུལ་དུ་སྦས་སོ། །དེའི་ཚེ་གཤེན་རབ་ཆེན་པོའི་འགག་མེད་དགོས་རྟོགས་ཀྱི་ཀློང་ལས། འོལ་མོའི་གླིང་ནས་རྟ་སྟོར་བ་བདུད་སྲིན་འདུལ་བའི་སྐབས་སུ་བབ་པར་ཤར་ཏེ། འཁོར་མཚན་ལྡན་ཁྱེའུ་བཞི་དང་བཅས་ཁ་བ་གངས་ཀྱི་ཡུལ་ལྗོངས་བོད་ཀྱི་ཆུ་བོ་བཞི་འདུས་ཀྱི་འགོར་གཤེགས་ཏེ་ལྷ་འདྲེ་དྲག་རྩལ་ཅན་དག་བཀའ་བགོས། གཙང་པོ་ལུ་མའི་རྒྱུན་ནས་ཀླུ་རྣམས་ལ་བོན་བསྟན། ཀོང་པོ་རོང་ནག་ཏུ་ཕེབས་ཏེ་བདུད་ཀྱི་དམག་ཚོགས་དབང་དུ་བསྡུས་པ་སོགས་སངས་རྒྱས་ཀྱི་མཛད་འཕྲིན་ལ་འགྲན་པས་ཟླ་མ་ཆོག་པར། བདུད་ཀྱི་རྗེ་བློན་དག་མྱ་ངན་གྱི་ངུ་སྒྲ་རབ་ཏུ་འབྱིན་པས། སྙིང་རྗེའི་གཏེར་གྱུར་གཤེན་རབ་ཀྱིས། བདུད་ཀྱི་མྱ་ངན་རྒྱུན་གཅོད་ཕྱིར། ཐབས་ཀྱི་སྤྲུལ་པ་བདག་གིས་བསྟན། གསུངས་ཏེ། ཚེམས་ཀྱི་མཆེ་བ་གཡས་གཡོན་ལས། དུང་འཕར་པོ་འཕར་གྲགས་ཏུ་སྤྲུལ་ནས། ཕྱག་གིས་བླངས་ཏེ་ཞལ་གྱིས་བུས་པས་སྒྲ་ཆེན་སྟོང་གསུམ་དུ་ཕྱུང་སྟེ། བདུད་ཀྱི་ངུ་མོ་ཡང་རྒྱུན་ཆད་དེ། ཤིན་ཏུ་དད་པས་སྐྱབས་སུ་གསོལ་ཞིང་ཀུན་ཀ་འབངས་སུ་འདུད་དོ། །ཀོང་རྗེ་དཀར་པོས་ཀྱང་། རྟ་བདུན་དང་ཆལ་དང་ཀོང་ཟ་ཁྲི་ལྕམ། གསེར་གཡུ་འབངས་འཁོར་རྣམས་ཕུལ་ལོ། །སྟོན་པ་ཉིད་དགུང་གཅིག་བོན་རི་ཆེན་པོར་གཟིམས་ཏེ་ནང་པར་སྒྲ་བླའི་གོ་མཚོན་དང་འཕར་པོ་འཕར་གྲགས་རྣམས་ཀུན་བཟང་ཐུགས་ཀ་རུ་བཀྲ་ཤིས་ཀྱི་ས་རྟགས་སུ་བཞག་ནས་སྨོན་པ། རྒྱུ་འབྲས་བདེན་པའི་བོན་རྣམས་ནི། ད་ལྟ་དུས་ཀྱི་གནས་སྐབས་སུ། བསྟན་པ་བཞག་པའི་གནས་མེད་པས། མཐའ་ཁོབ་མི་ཡིས་མི་གོ་བས། དེ་ཡི་ཕྱིར་ན་མ་བསྟན་ནོ། །ཐུགས་སྤྲུལ་བོན་རི་ཆེན་པོ་འདིར། བཀྲ་ཤིས་ས་གནས་བྱིན་ཆེན་བཞིན། ནམ་ཞིག་ཁ་བ་ཅན་ལྗོངས་སུ། ཐེག་པ་རིམ་དགུའི་བོན་དར་ནས། གཡུང་དྲུང་བོན་ལ་སྤྱོད་པར་ཤོག །བཀྲ་ཤིས་བདག་གི་ས་རྟགས་ལ། བསེ་ཁྲབ་ལྕགས་གཞུ་ལྕགས་མདའ་དང་། བསེ་ཡི་ཕུབ་མོ་གླིང་ཆེན་རྣམས། སྐྱེད་བྱེད་ས་ཡི་སྙིང་པོར་ཤོག །གསུང་དབྱངས་འཕར་པོ་འཕར་གྲགས་ཉིད། བདག་གི་གསུང་གི་བསྟན་པའི་དུས། རང་བྱུང་འགྲོ་བ་འདྲེན་པར་ཤོག །ཅེས་གསུངས་ནས། ཀོང་བཙུན་ལྷ་མོ་དམ་ལ་བཏགས་ཏེ་སྲུང་མར་བསྐོས། ཁྱབ་པ་ཡབ་སྲས་ཀོང་རྗེ་དཀར་པོ་རྣམས་སྟོན་པ་ཉིད་དང་ལྷན་དུ་འོལ་མོའི་གླིང་དུ་གཤེགས་སོ། །དེ་ནས་རྣམ་མཁྱེན་རྒྱལ་བའི་མཛད་ཆེན་བཅུ་གཉིས་ཏེ་སྐུ་ཡི་བསྟན་པ་རྫོགས་ནས། གསུང་གི་འདུལ་བའི་དུས་དེར་སྨོན་ལམ་གྱི་མཐར་བཙན་ཏེ། ཚེམས་དུང་འཕར་ཆེན་རང་གྲག་ཉིད་གཏེར་རང་རྡོལ་དུ་བོན་རིའི་ཀུན་བཟང་ཐུགས་ཀ་ནས་བྱོན་པས་གཏེར་རྗེས་ཡ་མཚན་པ་ད་ལྟའང་མཇལ་རྒྱུ་ཡོད། དེ་ནས་མགོན་བཙུན་ཕྱྭ་ཡི་གྲོང་ཁྱེར་དུ་ཚེ་ལོ་བདུན་བརྒྱ་ལ་འགྲོ་དོན་མཛད། དེ་འོག་མངོན་པར་དགའ་བའི་ཞིང་དུ་ལོ་བཅུ་གསུམལ་བཞུགས། དེ་ནས་སེ་མོ་གཉེན་ཁྲི་ནས་གསེར་གྱི་མ་དྷལ་གཅིག་གི་ཁྲི་སྟེང་རྔ་གཉིས་ཀྱི་བར་དུ་ཚེ་ལོ་བརྒྱ་རུ་བཞུགས། དེ་རུ་འབྱུང་བ་གཡོ་འཁྲུགས་ཀྱི་དུས་སུ་གསུང་རང་གྲག་ཏུ་ལོ་གསུམ་ལ་བཞུགས། དེ་ནས་ཆོས་པ་ཤེས་རབ་རྒྱལ་མཚན་གྱིས་མི་ལོ་བརྒྱ་ལ་འགྲོ་འདྲེན་མཛད། དེ་འོག་དུས་ཀྱི་གནས་སྐབས་དེར། ཁྱུང་པོ་ལས་ལྡན་གསལ་འཕེན། སྲུབ་གདོང་། མཛེ་ཚང་། རྣམ་གསུམ་གྱིས་གདན་དྲངས་ཏེ། གཤེན་གསང་བ་འདུས་པའི་རྣལ་འཕྲུལ་དོ་ཁང་བླ་མ་༧་བསྟན་པ་རྒྱལ་མཚན་གྱི་ཕྱག་ཏུ་ཕུལ། དེ་ནས་བྱང་འགྲུ་སྲས་པོ་༧ནམ་མཁའ་འཕྲུལ་རྒྱལ་གྱིས་རྟེན་བདག་གནང་། དེ་འོག་ཟླ་གཤིས་བླ་བྲང་གར་དབང་མཆོག་གིས་རྟེན་རྩ་མཛད་པས་སྐུ་ཚེའི་སྨད་དུ་དམངས་གཙོ་བཅོས་བསྒྱུར་ངོ་རྒོལ་དུས་ཟིང་གི་གཡོ་འཁྲུགས་དང་ཁེལ་བས། ཁོང་གི་ཞལ་བགོས་དང་སྦྲེལ་༧ཟླ་སྤྲུལ་ཡོངས་འཛིན་བསོད་དགའ་ནོར་བུའི་ཕྱག་ཏུ་བཏང་བ་སོགས། དཀའ་འཕྲང་དུ་མའི་འོག་བཞུགས་ཐུབ་སྟེ། ད་ལྟ་༧མཆོག་སྤྲུལ་རིན་པོ་ཆེའི་ཕྱག་ལས་རྟེན་དངོས་ཞལ་གསུང་མཇལ་ཐོས་ཀྱི་སྐལ་བརྙེད་པ་ཡིན་པས། དགའ་དད་སྤྲོ་གསུམ་གྱིས་ཡིད་དབང་གཏོད་པར་འཚལ། རྟེན་མཆོག་ཁྱད་འཕགས་འཕར་ཆེན་རང་གྲག་འདི་ཉིད་མི་འགྱུར་བའི་རྟགས་སུ། བདེ་གཤེགས་སྟོང་རྩའི་ངོ་བོ་གས་ཕྲན་སྟོང་དང་རྩ་བརྒྱད། སྟོན་པའི་ཐུགས་ཀྱི་ས་བོན་གསེར་གྱི་ཡིག་འབྲུ་འ། གཙོ་བོ་བཞིའི་ས་བོན་ཨ་ཨ་ཧ་འ། གཡུང་དྲུང་བོན་གྱི་བླ་རྟགས་ལ་ཚེམས་རྟིང་ཉི་རིས་གཡས་བསྐོར་དང་བདེར་གཤེགས་སྟོང་གི་འཛབ་ཕྲེང་བཅས་བཞུགས་ཡོད། རྟེན་མཆོག་དོན་གྱི་ཡོན་ཏན་ལ། འོད་ལྡན་ཡུམ་གྱི་ཞལ་ལུང་ལས། དྲི་མེད་ཤེལ་སྐུ་ཚོན་གང་འདི། རྒྱལ་བ་གཤེན་རབ་སྐུ་ཡི་རྟེན། གསུང་དབྱངས་འཕར་ཆེན་རང་གྲག་དེ། རྒྱལ་བ་གཤེན་རབ་གསུང་གི་རྟེན། མདུང་རྩེ་འདྲ་བའི་བོན་རི་ལ། འོད་ཀྱི་མཆོད་རྟེན་རང་གྲུབ་དེ། རྒྱལ་བ་གཤེན་རབ་ཐུགས་ཀྱི་རྟེན། ཞེས་དང་། དེ་ཡང་འཕར་ཆེན་རང་གྲག་ལ། སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཚང་། གཤེན་རབ་སྐུ་ཡི་ཚེམས་ཡིན་པས། སངས་རྒྱས་སྐུ་ཡི་ངང་དང་མཚུངས། གསུང་དབྱངས་འགག་མེད་སྒྲོགས་པ་ཡི། སངས་རྒྱས་གསུང་གི་ངང་དང་མཚུངས། གཤེན་རབ་ཐུགས་ལས་སྤྲུལ་པ་སྟེ། སངས་རྒྱས་ཐུག་ཀྱི་ངང་དང་མཚུངས། ལེགས་འབྱུང་ཡོན་ཏན་ཕུན་སུམ་འཚོགས། སངས་རྒྱས་ཡོན་ཏན་ཉིད་དང་མཚུངས། དུས་མཐའི་བར་དུ་འགྲོ་འདུལ་བས། སངས་རྒྱས་འཕྲིན་ལས་ཉིད་དང་མཚུངས། ད་ལྟ་དུས་ཀྱི་ཐ་མ་འདིར། གདུལ་དཀའ་མཐའ་ཁོབ་འགྲོ་བ་འདུལ། དབང་དང་བྱིན་རླབས་གོང་ཐོབ་པ། ཕྱི་མར་བར་དོའི་འཇིགས་འཕྲང་སྒྲོལ། ཞལ་མཐོང་གསུང་དབྱངས་གང་ཐོས་པ། ཕྱི་མར་ཚོགས་ཀྱི་ལམ་ལ་འཁོད། གཙང་ཆུ་ལྔ་ཡི་ཁྲུས་གསོལ་ན། ཚེ་རབས་བསགས་པའི་སྒྲིབ་པ་དག། དར་སྣ་ལྔ་ཡི་རྒྱན་གསོལ་ན། ལེགས་འབྱུང་ཡོན་ཏན་བརྒྱད་དང་ལྡན། རྣམ་ལྔ་རྒྱུན་གྱི་མཆོད་གསོལ་ན། མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། ཅི་སྙེད་མཆོད་ཡོན་ཕུལ་བ་ན། བསོད་ནམས་ཚོགས་ཆེན་རྫོགས་པར་འགྱུར། མོས་གུས་གསོལ་བ་བཏབ་བྱས་ན། འབྲལ་མེད་ཐུགས་རྗེས་དབྱིངས་སུ་འདྲེན། མངའ་གསོལ་བཀྲ་ཤིས་བརྗོད་གྱུར་ན། འདིར་སྐྱིད་ཕྱི་མའི་དོན་དང་ལྡན། ཕྱག་འཚལ་བསྐོར་བ་བྱས་གྱུར་ན། མི་དགེ་མཚམས་མེད་སྒྲིབ་པ་བྱང་། སེམས་བསྐྱེད་སྨོན་ལམ་བཏབ་གྱུར་ན། ཅི་བསམ་དོན་འགྲུབ་ཕུན་སུམ་ཚོགས། དེ་ཕྱིར་ཡོན་ཏན་བསམ་མི་ཁྱབ། ཞེས་གསུངས་པས། བོན་གྱི་རྟེན་གཙོ་འཕར་ཆེན་རང་གྲག་འདི་ཡི་ཞལ་མཇལ་བ་དང་གསུང་གང་ཐོས་རྟེན་ཁྲུས་ཁ་ལ་རག་ཚད་རྣམས་གསས་མཁར་ཤམ་པོ་ལྷ་རྩེ་རུ་སྐྱེ་ནས་ཕྱིར་མི་ལྡོག་པའི་ས་ནོན་པར་ཐེ་མི་ཚོམ་པ་དང་། ཚེ་འདིའི་རྐྱེན་སེལ་དུ། ཁྲོ་བོ་ངོ་མཚར་རྒྱས་པ་སྟོང་ཐོག་བརྒྱ་བཞག་དང་མཉམ། ཕྱི་མའི་འདྲེན་སྟོན་དུ་ས་བཅུ་གསུམ་ནོན་པའི་སེམས་དཔའ་བཅུ་གསུམ་གྱི་གདན་ཐོག་གཅིག་ཏུ་འགྲོ་དོན་མཛད་པ་དང་ཕན་ཡོན་མཉམ་པར་གསུངས་པས། སྐལ་ལྡན་སེར་སྐྱ་ཡོངས་ཀྱིས། ཡིད་ཁྱེད་ཤེས་ཀྱི་མོས་པའི་བློ་ཡིས་གསོལ་འདེབས་སྨོན་ལམ་མཛད་པར་ཞུ།། ཞེས་གཡུང་དྲུང་བོན་གྱི་འདྲེན་པ་ཆེན་པོ་རྣམ་མཁྱེན་གསུང་གི་ངོ་བོ་འཕར་ཆེན་རང་གྲག་གི་རྟེན་བཤད་བསྡུས་དོན་དད་བརྒྱའི་སྙེ་མ་འདི་ཁྱུང་ཡུལ་བསྟན་པའི་རྒྱན་མཆོག་ཀོ་རྒྱལ་ཀུན་གྲགས་གླིང་གི་ཁྲི་འཛིན་༧མཆོག་སྤྲུལ་རིན་ཆེན་ཕུན་ཚོགས་མཆོག་གི་བཀའ་ལུང་བཞིན་སྐྱབས་འོག་ཏུ་འཚོ་བའི་ཤོ་བཙུན་ཁྲི་རྒྱལ་གྱིས་སྤེལ་ལོ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག