ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལོ་རྒྱུས། >> སྨྲང་རབས་ལོ་རྒྱུས། >> ངས་བོན་དང་བོན་ཆོས་རྙེད་པའི་བརྒྱུད་རིམ།
ངས་བོན་དང་བོན་ཆོས་རྙེད་པའི་བརྒྱུད་རིམ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཀླུ་སྨྱོན་ཧེ་རུ་ཀ] [ཟླ་ཚེས། 11-07-21] [ཀློག་གྲངས། ]

   ང་ཡང་ཆུང་དུས་ནས་བོན་པོ་ཞེས་པའི་མིང་དེ་གོ་མྱོང་ཡང་བོན་ལ་ཆ་རྒྱུས་མེད། ཅུང་ཟད་ཅིག་ཐོས་པ་ནི་བོན་པོ་ཚོས་མཐུ་དང་ནུས་པས་མི་བསྲུན་པ་ཚར་གཅོད་པར་བྱེད་པ་དེ་ཙམ་ཡིན་པས་བོན་པོ་ཚོར་སྐྲག་གི་ཡོད། དཔེར་ན་དགོང་མོ་ཞིག་ལ་ཨ་ལགས་གཡུང་དྲུང་ཚང་དང་ངེད་གཉིས་རྫོང་གི་མགྲོན་ཁང་ཞིག་ཏུ་མཉམ་དུ་ཁེལ་སོང་བས། ངས་ཁོང་གིས་ང་ལ་གནོད་པ་གཏོང་རྒྱུར་སྐྲག་ནས་མགྲོན་ཁང་བརྗེས་པ་ཡིན་ལ། ངའི་སྤུན་མཆེད་ཅིག་གི་ཁ་ལ་ཉན་ནས་ཨ་ལགས་ཁོང་ལ་སྐུར་འདེབས་ཞུས་པས་དགོང་མོ་དེར་རྨི་ལམ་ནང་ཨ་ལགས་ཁོང་གི་མཆོད་ཁང་ནང་དུ་སྐུ་འདྲ་ལག་པ་མང་པོ་ཅན་ཞིག་གིས་གཡོ་འགུལ་སྣ་ཚོགས་བྱེད་བཞིན་འདུག་པ་མཐོང་སྟེ་རང་ཉིད་གཉིད་མ་སད་ཅིག་ཏུ་གནས་ཀྱང་གཟུགས་པོར་སྒུལ་སྐྱོག་བྱེད་མ་ཐུབ་པར་དཀའ་ལས་ཧ་ཅང་ཁག་པོ་བྱུང་། དེ་ནས་བཟུང་སྟེ་བོན་པོའི་བླ་མ་ཚོར་མཐུ་དང་ནུས་པ་ཡོད་པར་ཡིད་ཆེས་སོང་། ངའི་ཕ་ཡུལ་གྱི་མི་རྣམས་དགེ་ལུགས་པ་དང་རྙིང་མ་ཕྲན་བུ། ལོ་རེར་བོན་པོའི་སྔགས་པ་དག་གདན་དྲངས་ནས་སྐུ་རིམ་སྒྲུབ་ཀི་རེད། དེར་ཡང་ངའི་སྤུན་མཆེད་ཅིག་གིས་ངོ་ལོག་མང་པོ་བརྒྱབ་སོང་ལ་ངས་ཀྱང་དེ་ལ་དགག་བྱ་མ་བྱས། ངའི་བླ་མ་ལྰ་མོའི་ཡོངས་འཛིན་རྡོ་རྗེ་འཆང་ཚང་ནི་སྐུ་ཚེ་གང་བོར་གྲུབ་མཐའ་རིས་མེད་ལ་ཕྱོགས་ལྷུང་མེད་པར་དག་སྣང་ཁོ་ནའི་ངང་བཞུགས་མཁན་ཞིག་ཡིན་པས། ཁོང་གི་སྐུ་མདུན་ནས་བོན་པོ་དག་ལ་གཤེ་སྐུར་གྱི་ཚིག་གཅིག་ཀྱང་ནམ་ཡང་ཐོས་མ་མྱོང་།རྗེས་སུ་ཧི་མ་ལ་ཡ་བརྒལ་ཏེ་བལ་ཡུལ་དུ་འབྱོར་ཞིང་། བོད་པའི་གནས་སྐབས་སྣེ་ལེན་ཁང་ཞིག་ཏུ་ཉིན་འགར་སྡོད་དུས་སྡོད་ཁང་དེ་དག་དང་ཐག་མི་རིང་བའི་རི་ངོས་དམའ་སར་དགོན་པ་སྙིང་རྗེ་བོ་ཞིག་ཆགས་འདུག་པར་ཆོས་ལུགས་གང་གི་དགོན་པ་ཡིན་དྲིས་པར་བོན་པོའི་དགོན་པ་རེད་ཟེར་བས། བལ་ཡུལ་དུ་ཡང་བོན་པོའི་དགོན་པ་འདུག བོན་པོ་ཞེས་པ་འདི་ཡང་གང་སར་སླེབས་ཐུབ་པའི་ཆོས་ལུགས་ཤིག་རེད་ཅེས་བསམ་པ་ཙམ་ལས་དེར་འགྲོ་འདོད་ཅིག་ཡེ་ནས་མ་སྐྱེས། ལོ་གཅིག་གི་རྗེས་སུ་རྒྱ་གར་ནས་ཕྱིར་བལ་ཡུལ་དུ་ཡོང་ནས་དེ་གར་ལོ་དྲུག་གི་རིང་སྡོད་དུས། སྟེས་དབང་གིས་བོད་ཡིག་ཚགས་པར་ཞིག་གི་སྙན་ངག་རྩོམ་སྒྲིག་པ་བྱེད་དགོས་བྱུང་བ་དང་། སྔོན་ཆད་མཐོང་བའི་བོན་པོའི་དགོན་པ་དེའི་ཨ་མདོའི་གྲྭ་པ་སྐོར་ཞིག་གིས་སྤུས་ཀ་ཧ་ཅང་ལེགས་པའི་རྩོམ་ཡིག་སྐོར་ཞིག་མཁོ་སྤྲོད་བྱས་པ་སོགས་ཀྱིས་ཁོ་ཚོ་དང་འབྲེལ་འདྲིས་ཟབ་མོ་བྱུང་ཞིང་། དབྱར་ཁའི་ཉིན་ཞིག་དོན་ཕྲན་ཞིག་གི་ཆེད་དུ་བོན་དགོན་དེར་སོང་བ་ཡིན་ལ། དགོན་པ་དེའི་ཁོར་ཡུག་ནི་གཡུ་ལྟར་ལྗང་བའི་སྨྱུག་མའི་ལྗོན་ཤིང་གིས་གང་སར་མཛེས་པར་བརྒྱན་ཅིང་། མེ་ཏོག་དང་འབྲས་བུས་དུད་པའི་ཤིང་ཕྲན་གཞན་དག་གིས་བར་མཚམས་མེད་པར་ཁྱབ་པ། རྒྱང་རིང་གི་ཡུལ་ལྗོངས་མཐོང་ཐུབ་པའི་ས་བབས་སོགས་གང་ཐད་ནས་ཡིད་དབང་འཕྲོག་པ་ཞིག་འདུག་ཅིང་། དེ་བས་ཀྱང་ཧང་སངས་པ་ཞིག་ནི། གྲྭ་པ་ཆུང་ཆུང་ཞིག་གིས་ཤིང་སྡོང་ཞིག་གི་གྲིབ་བསིལ་དུ་དཔེ་ཆ་ཞིག་སྐྱོར་བཞིན་འདུག་ཅིང་། འཁྲིས་སུ་བསླེབས་ནས་ཉན་དུས་དེ་ནི་སློབ་དཔོན་དབྱིག་གཉེན་གྱིས་བརྩམས་པའི་མངོན་པ་མཛད་ཀྱི་རྩ་བ་དེ་དང་འདྲ་བོ་ཡོད་པའི་མངོན་པའི་རྩ་ཚིག་ཅིག་རེད་འདུག་པས། དུས་ཚོད་དེ་རང་ལ་སྐད་ཆ་ཅི་ཡང་མ་དྲིས་ཀྱང་བོན་པོ་འདི་ཚོས་ཀྱང་བན་དེའི་ཆོས་ལུགས་དེ་དང་མཐུན་པའི་ཆོས་ཤིག་ལ་སློབ་སྦྱོང་བྱེད་བཞིན་ཡོད་ས་རེད་སྙམ་པ་ཞིག་ནི་བྱུང་།
   རྗེས་སུ་མདོ་གཟེར་མིག་སོགས་བོན་གྱི་མཁས་གྲུབ་གོང་མ་དག་གིས་བརྩམས་པའི་བོན་གཞུང་ཁག་ཅིག་བཀླགས་པ་དང་། བཀའ་ཆེམས་བཀའ་ཁོལ་མ་ལས་སྟོན་པ་གཤེན་རབ་ཀྱང་སྟོན་པ་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པར་གསུངས་པ་སོགས་ཀྱིས་སྔར་མེད་པའི་བློ་སྐྱེད་དམ་རྟོག་སད་ཅིག་བྱུང་སྟེ། གཡུང་དྲུང་བོན་གྱི་གྲུབ་མཐར་མ་ཤེས་ལོག་རྟོག་གིས་ཕྱིར་བཀྱེད་དང་ནག་ཁུང་ནང་དུ་བསྐྱུར་རྐྱང་བྱས་པ་དེ་ལ་འགྱོད་སེམས་ཆེན་པོ་ཞིག་ཀྱང་ཞར་དང་ཞོར་ལ་སྐྱེས།
   དེ་ཡང་བན་བོན་གཉིས་ཀས་མདོ་ཕྱོགས་ནས་སྐྱབས་གསུམ་དང་བདེ་བཞི་ཕར་ཕྱིན་དྲུག་ཚད་མེད་བཞི་སོགས་དང་། སྔགས་ཕྱོགས་ནས་བྱ་སྤྱོད་ཀྱི་རྒྱུད་སྡེ་ནས་ཐེག་པའི་ཡང་རྩེ་རྫོགས་པ་ཆེན་པོ་ཐ་མལ་བའི་སྣང་གྲག་རིག་གསུམ་དག་པ་ལྷ་སྔགས་ཆོས་སྐུར་འཁྱེར་བའི་ཉམས་ལེན་སོགས་མིང་ཙམ་བརྡ་ཙམ་ལས་དོན་ལ་ཁྱད་པར་ཡོད་པ་ཅང་མ་མཐོང་བ་ལ་བརྟེན་ནས། གངས་ཅན་བོད་པའི་ཕ་ཆོས་གཡུང་དྲུང་བོན་གྱི་སྡེ་ལ་སྔ་ན་མེད་པའི་དད་གུས་དག་སྣང་རྒྱ་ཆེན་པོ་ཞིག་བྱུང་བ་དང་། རྗེ་ཙོང་ཁ་པས། བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། །གསུང་རབ་མ་ལུས་གདམས་པར་འཆར་བ་དང་། །རྒྱལ་བའི་དགོངས་པ་བདེ་བླགས་རྙེད་པ་དང་། །ཉེས་སྤྱོད་ཆེན་པོ་རང་འགག་འགྲོ་བ་ཞེས་གསུངས་པ་འདི་བན་བོན་གྲུབ་མཐའ་གཉིས་ཀར་སྦྱོར་རུང་བ་དང་། གསང་སྔགས་པའི་དམ་ཚིག་ཏུ་གཅེར་བུ་བ་དང་རྒྱང་འཕེན་པ་སོགས་ཕྱི་རོལ་བའི་གྲུབ་མཐར་ཡང་སྨོད་མི་རུང་ན། བྱམས་སྙིང་རྗེས་རྩ་བ་བྱས་པའི་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ལ་དད་གུས་དག་སྣང་སྦྱོང་བ་མ་གཏོགས་ཚིག་གཅིག་གིས་བརྙས་སྨོད་ཁྱད་གསོད་བྱས་ཀྱང་ངན་འགྲོའི་གཡང་ཁར་ཕྱོགས་པ་མ་གཏོགས་འཐོབ་རྒྱུ་ཅི་ཡང་མེད་པའི་ངེས་ཤེས་ཟབ་མོ་ཞིག་ཀྱང་རྙེད་པར་གྱུར་ཏོ།།
   ད་དུང་བོན་གྱི་ཆོས་དང་རིག་གཞུང་འདིའི་ཁྲོད་དུ་རང་རེ་ཁ་བ་གངས་ཅན་པའི་ལོ་ངོ་ཁྲི་ཕྲག་གི་ལོ་རྒྱུས་རིང་མོའི་གྲུབ་ཆ་གལ་ཆེན་དུ་གྱུར་པའི་ཤེས་རིག་གི་གནའ་རྫས་རིན་ཐང་བྲལ་བ་མང་པོ་ཞིག་མི་མངོན་པའི་ཚུལ་དུ་ཡོད་པས། ཤེས་རབ་ཅན་དག་གིས་བན་བོན་ཆོས་ལུགས་ཀྱི་འཐེན་འཁྱེར་དང་ཞེན་ཁོག་ནག་པོ་དེ་རྒྱང་དུ་དོར་ནས་ཕ་མེས་ཀྱིས་བུ་ལ་བཞག་པའི་གཟི་འོད་འཚེར་བའི་རིག་གཞུང་གང་ཞིག་ཡིན་ཡང་ཡོད་པ་ལ་ཡོད་པར་ངོ་ཤེས་པའི་སྒོ་ནས་སློབ་སྦྱོང་དང་ཞིབ་འཇུག་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ་བར་མཐོང་གི་འདུག་པས། བོད་མི་གཉིས་མཉམ་དུ་འཛོམས་དུས་ཐོག་མར་ཆོས་ལུགས་གང་ཡིན་རྩད་གཅོད་མི་གཏོང་བར་གངས་རིའི་འདབས་ནས་སྐྱེས་ཤིང་གངས་ཆུ་མཉམ་དུ་འཐུངས་པའི་བོད་མིའི་རུས་རྒྱུད་གཅིག་པ་ཡིན་པའི་བསམ་བློ་དེ་ཐོག་མར་སྐྱེ་བའི་ཐབས་ལམ་ལ་འབད་པར་འཚལ་ལོ།། སྤྱི་ལོ་༢༠༡༡ལོའི་ཟླ་༧པའི་ཚེས་བཅུ་དགུ་ལ་ཨ་རིའི་སེ་ཨ་ཀྲལ་གྲོང་ཁྱེར་ནས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག