ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> མཐུན་ཚོགས་སློབ་གླིང་། >> ཁྲི་བརྟན་ནོར་བུ་རྩེ་དང་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་།
ཁྲི་བརྟན་ནོར་བུ་རྩེ་དང་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཆོས་འཁོར་ཚང་དགེ་བཤེས་གཡུང་དྲུང་རྒྱ་མཚོ།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

 

བལ་ཡུལ་དུ་བདག་ཅག་སྟོན་པ་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་ཞབས་བཅགས་ཏེ་བལ་ཡུལ་བོན་གྱི་སློབ་མ་ཨ་ཤོ་དང་། དྷ་ར་ཟེར་བ་གཉིས་ལ་བལ་ཡུལ་བོན་འབངས་དག་གི་དད་རྟེན་དུ་མཆོད་རྟེན་འཕགས་ཤིང་ཀུན་བཞེངས་དགོས་པའི་བཀའ་མངགས་གནང་བ་སྟོན་པའི་རྣམ་ཐར་དཔེ་རྙིང་དུ་གསལ་བ་བཞིན། བོན་ལུགས་འཛིན་པ་ཚོས་གནས་ཁྱད་པར་ཅན་དུ་བརྩིས་ཏེ་དད་མོས་གུས་པས་གནས་སྐོར་དང་མཆོད་འབུལ་བྱེད་སྲོལ་ཡོད་པ་མ་ཚད་སྔར་ཡུལ་འདིར་བོན་བསྟན་དར་བའི་ངོས་འཛིན་བྱེད་ཀྱི་ཡོད། དེས་མ་ཚད་བལ་ཡུལ་གྱི་མཐའ་མཚམས་ཧི་མ་ལ་ཡའི་མི་རིགས་ཁོངས་གློ་དང་། དོལ་པོ། འོམ་ལོ་སོགས་ཀྱི་ཡུལ་གྲུར་བོན་གྱི་སྔགས་སེམས་ཀྱི་རྒྱུད་འཛིན་མཁན་གལ་ཆེའི་མཁས་གྲུབ་གཉིས་ལྡན་གྱི་བོན་གཤེན་རིག་འཛིན་དུ་མ་ཕེབས་ཏེ་གཡུང་དྲུང་བོན་གྱི་བསྟན་པར་རྒྱ་ཆེར་སྤེལ་ནས། སྒྲུབ་གནས་དང་དགོན་སྡེ་མཆོད་གཞིས་སོགས་རྒྱས་པར་ཆགས་མྱོང་ཡོད། ད་ལྟའི་འཆར་ཡང་ཡུལ་གྲུ་དེ་དག་ཏུ་བོན་གྱི་སྡེ་འབངས་ཤིན་ཏུ་མང་པོ་ཡོད་པ་དག་ལ་འཕྱར་གྲུ་མཉམ་འདེགས་དང་ཕན་ཐོགས་འབྱུང་ཆེད་དགོངས་ནས།

  རྒྱལ་འཕགས་རིག་འཛིན་གོང་མའི་ཐུགས་བཅུད་གཅིག་ཏུ་བསྡུས་ཤིང་། མདོ་སྔགས་སེམས་གསུམ་གྱི་ལག་ལེན་དང་བཅས་པ་ལ་འགལ་མེད་དུ་དབང་འབྱོར་བ། བསྟན་དང་འགྲོ་བ་རྣམས་ལ་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་ཕན་བདེའི་གཞི་རྩ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ནུབ་མེད་སྲིད་མཐའི་བར་དུ་གནས་པ་དང་། དེ་ལ་བརྟེན་ནས་བལ་བོད་མི་རིགས་ཀྱིས་མཚོན་པའི་སེམས་ཅན་ཀུན་ནད་མུག་འཁྲུགས་རྩོད་ཞི་ཞིང་མཐར་ཐུག་བླ་མེད་རྫོགས་བྱང་གི་གོ་འཕང་ཐོབ་པ་སོགས་དགོས་པའི་སྒོ་དུ་མ་དམིགས་ཏེ་ཕྱི་ལོ་༡༩༨༦ལོར་འཛམ་གླིང་ན་ཧི་མ་ལ་ཡའི་རྒྱལ་ཁབ་ཏུ་གྲགས་པའི་སྨན་ལྗོངས་བལ་པོའི་ཡུལ་གྱི་མཐིལ་གྲོང་འཁྱེར་ཀ་མཎན་གྲུའི་ནུབ་བྱང་ཕྱོགས་ཏེ། གནས་ཆེན་འཕགས་པ་ཤིང་ཀུན་ནས་ལེ་བར་གསུམ་ཙམ་གྱི་ཕྱོགས། ཀླུ་སྒྲུབ་རི་བོ་འམ་གླང་རི་ལུང་བསྟན་དུ་གྲགས་པའི་འདབས་ཞོལ་ས་གནས་ཕུན་སུམ་ཚོགས་པའི་གནས་དེར་ཞབས་འཁོད་གནང་ཞིང་དགོན་ས་ཉོ་གཟིགས་གནང་ཞིང་། རིམ་པར་དགོན་པ་གསར་བཞེངས་ཀྱི་ལས་འགོ་བཙུགས། རྟེན་འབྲེལ་གྱི་གནད་མུ་མར་དགོངས་ནས་དགོན་པའི་མཚན་ལ་བོན་གྱི་ཕྱི་དར་གྲྭ་ས་ཡ་བཞིའི་ནང་མཚན་ཁྱད་འཕགས་གཤེན་གྱི་གདན་ས་སྟེ་དུས་རབས་བཅོ་ལྔ་པའི་ནང་༧དམུ་གཤེན་ཉི་མ་རྒྱལ་མཚན་གྱིས་གཙང་གི་ཁུལ་དུ། དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་ཞེས་པའི་དགོན་སྡེ་ཕྱག་བཏབ་པ་དེ་ཉིད་ཀྱི་མཚན་གྱིས་བརྒྱན་པ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་ཞེས་གསོལ། རིམ་བཞིན་དགོན་གྱི་གཙུག་ལག་ཁང་གཙོས་པའི་ཕྱི་ནང་གི་རྟེན་དང་རྟེན་པ་བཅས་ལེགས་པར་བཞེངས་གྲུབ་ཏེ། ཕྱི་ལོ་༡༩༩༤ལོར་ཞྭ་དཀར་བསྟན་པའི་གཙུག་ནོར་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་རབ་གནས་ཀྱི་མཛད་སྒོའི་དབུ་བཞུགས་སུ་གདན་ཞུས་ཐོག༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་གཉིས་དབུ་བཞུགས་ཀྱིས་རབ་གནས་ཀྱི་མཛད་སྒོ་ཟབ་རྒྱས་ཚོགས།

 རིམ་པར་ཐོས་བསམ་སློབ་གཉེར་གྱི་སྡེ་སོགས་འཛུགས་བསྐྲུན་གནང་གྱུའི་ཐུགས་བཞེད་ལྟར་ལོ་དེའི་ཕྱི་ཟླ་༡༢་པའི་ཚེས་༢༢ཉིན་དགོན་སྡེའི་བྱ་བཞག་གཙོ་བོ་སྟོན་པ་གཤེན་རབ་མི་བོའི་བཀའ་དང་། དེ་ལ་བརྟེན་པའི་ཞང་བོད་ལོ་པཎ་རིམ་བྱོན་རྣམས་ཀྱིས་གསུངས་པའི་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཡིག་ཆ་དང་ཕྱི་ནང་རིག་པའི་གནས་བཅས་ལ་འཆད་ཉན་གནང་སའི་སྟི་གནས་ཏེ་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དང་། ཡང་ཟབ་བླ་མེད་རྫོགས་པ་ཆེན་པོའི་གཞུང་ཆེན་སྡེ་བཞི་མ་བུ་ཆ་ལག་དང་བཅས་པ་ཐོས་བསམ་སྒོམ་སྒྲུབ་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་བརྩོན་པའི་སྒོམ་གྲྭ་བའི་སྡེ་གཉིས་དབུ་བཙུགས་གནང་ཞིང་བཅའ་བཀོད་ཕྱག་ལེན་བཅས་བཀའ་དྲིན་སྐྱོང་གནང་མཛད་པའི་ཕྱག་རྗེས་སུ་གོང་ཞུས་བཤད་སྒྲུབ་འདུས་སྡེའི་ཁོངས་ནས་བཤད་སྡེ་བཅའ་བཀོད་གཞིར་བཟུང་ཚུལ་མཐུན་སྦྱོང་པ་མཐར་སོན་གནང་བའི་བཀའ་རམས་པ་རྣམ་པ་དྲུག་ལ་ཕྱི་ལོ་༢༠༠༡་ལོར་དགེ་བའི་བཤེས་གཉེན་ཆེན་པོ་མཚན་རྟགས་གནང་བའི་མཛད་སྒོ་ཐོག་མར་བསྐྱང་།

མདོར་ན་ད་ལྟའི་བར་སྔ་ཕྱི་རིམ་པར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་འདི་ནས་སློབ་ཐོན་བྱུང་བའི་དགེ་བའི་བཤེས་གཉེན་སུམ་བཅུའི་གྲངས་ལས་འགལ་ཟིན་ཅིང་། ཐུན་མིན་རྫོགས་པ་ཆེན་པོའི་གཞུང་ཆེན་མ་བུ་བཅས་ལ་ཉམས་ལེན་བསྙེན་སྒྲུབ་ཟིན་པའི་སྒྲུབ་ཐོན་པ་ཡང་བཅུ་ཕྲག་གཉིས་ལྷག་ཐོན་ཟིན་ཡོད།

ད་ལྟའི་འཆར་ཡང་གཙོ་བོ་སྐྱབས་རྗེ་༧ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་ཐུགས་བརྩེ་བླ་མེད་འོག་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཁྲི་འཛིན་མཁན་ཐོག་གཉིས་པ་༧ སྐྱབས་རྗེ་མཁན་པོ་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་དབུ་འདྲེན་ལམ་སྟོན་དང་། དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན་མཆོག་དང་། སྒྲུབ་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན་རྣམ་གཉིས་དང་བསྟན་ལ་ལྷག་བསམ་དཀར་བའི་དགེ་བའི་བཤེས་གཉེན་རྣམས་པའི་མཁས་བཙུན་བཟང་གསུམ་གྱི་འཆད་འཁྲིད་ལམ་སྟོན་བླ་མེད་འོག་བཤད་གྲྭ་བ་སློབ་གཉེར་བརྒྱ་དང་ལྔ་བཅུ་གྲངས་ཟིན་ལ་ཉེ་བ་དང་། སྒྲུབ་གྲྭ་བ་མཚན་གྲངས་གསུམ་ཅུར་ཉེ་བ་དང་གཞན་ཡང་། སྔོན་འགྲོའི་སློབ་ཕྲུག་བཅུ་གྲངས་གཉིས་ལྷག་བཅས་ཀྱི་སློབ་གཉེར་ཆུ་བོའི་རྒྱུན་བཞིན་གནང་བཞིན་ཡོད་པ་བཅས་ཀྱི་གནས་བསྡུས་སོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག