གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་ངོ་སྤྲོད་རགས་ཙམ་ཞུ་བ་གཟུར་གནས་དགྱེས་པའི་གཏམ་བཟང༌།
འཛམ་གླིང་རྒྱན་གཅིག་ནང་བསྟན་རིག་གནས་ཡིད་བཞིན་དབང་གི་རྒྱལ་པོ་དེ།།
འཛམ་བུ་གླིང་དུ་ཇི་ལྟར་བྱུང་ཚུལ་སྒྲོ་སྐུར་ཚིག་གི་སྐྱོན་སྤངས་ནས། །
འཛམ་གླིང་ངོ་མཚར་འཕྲུལ་གྱི་ལམ་ནས་གསོང་བོར་བརྗོད་པའི་སྐད་ཆ་འདི། །
འཛམ་གླིང་གྲོགས་པོ་ཡོངས་ལ་ཕུལ་བའི་དྲི་མེད་ལེགས་སྐྱེས་གཙང་མ་ཡིན། །
དེ་ཡང་སྲིད་པ་ཚངས་རྒྱུང་གི་འཇིག་རྟེན་ཆེན་པོ་དེ་ལ་ཤར་ལྷོ་ནུབ་བྱང་བཞི་རུ་ཕྱེས་པའི་ནང་ཚན། ལྷོ་རྒྱལ་འཛམ་བུ་གླིང་གི་ས་ཡི་དཀྱིལ་འཁོར་ཆེན་པོ་ན། དཔག་བསམ་གྱི་ལྗོན་བཟང་བཞིན་གཡུར་དུ་སྨིན་པའི་འབྲས་བཟང་གི་ཁུར་གྱིས་དུད་ཅིང༌། དགོས་འདོད་ཀྱི་ནོར་བུ་བཞིན་སྨོན་ལམ་བཏབ་ཙམ་ཉིད་ནས་འདོད་པ་དགུ་རུ་འབྱུང་བའི་ཡིད་བཞིན་དབང་གི་རྒྱལ་པོ་དེ། ནང་བའི་གྲུབ་མཐའ་ཀུན་ཀྱི་ཐོག་མ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ལ་ངོས་འཛིན་ཞུ་བ་ཡིན་ལ། དེ་ནི། མཁྱེན་པ་རྒྱ་མཚོས། ཤེས་དང་ཤེས་བྱའི་དངོས་ཀུན་སྒྲིབ་མེད་དུ་གཟིགས་ཤིང༌།བརྩེ་བ་རྒྱ་མཚོས། ལུས་ཅན་ཡོངས་ལ་བྱམས་དང་སྙིང་རྗེའི་དྲོད་ཁོལ་དམིགས་མེད་དུ་སྦྱིན་པ། ནུས་པ་རྒྱ་མཚོས། དུག་གསུམ་བདུད་ཀྱི་བཙོན་ར་དོང་ནས་སྤྲུགས་ཤིང༌། ཞང་བོད་ནང་བསྟན་རིག་གནས་ཀྱི་ངོ་བོ་གསར་དུ་བསྐྲུན་པ། ཕྲེང་འཛིན་འགྲོ་བ་མིའི་རིགས་ལ་ཆེས་ཐོག་མར་ཤེས་རིག་གི་མིག་སྦྱིན་གནང་མཁན་ཏེ། བོད་ཀྱི་བསམ་བློ་བའི་ཐོག་མའམ། ཤེས་རབ་ཅན་གྱི་དང་པོ་རུ་བསྔགས་པ། ཞང་བོད་ཡི་གེའི་བྱེད་པོ་ལྷ་མིའི་རྣམ་འདྲེན་རྫོགས་པའི་སངས་རྒྱས་སྟོན་པ་གཤེན་རབ་མི་བོ་ཆེས། རྟག་གཟིགས་འོལ་མོའི་གླིང་ངམ་བྱང་ཕྱོགས་ཤམ་བྷ་ལའི་ཞིང་ཁམས་སུ་ཐོག་མར་སྲོལ་ཕྱེས་པར་ལགས་སོ། །
ཁོང་གིས་ས་ཡི་རྡུལ་སྙེད་དང༌། གང་གཱའི་བྱེ་མ་ཡི་གྲངས་ལས་མང་བའི་འགྲོ་བ་སེམས་ཅན་ཐམས་ཅད། ཡ་ང་ལ་སྐྱི་འཇིགས་པའི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་བའི་ཕྱིར། རང་བས་གཞན་གཅེས་རྒྱལ་སྲས་འཕགས་པའི་སྤྱོད་པ་རླབས་པོ་ཆེ་དང་སྐད་ཅིག་ཙམ་ཡང་འབྲལ་བ་མེད་པའི་ངོས་ནས། བཀའ་ཡི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ཏེ། བོན་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ལས། གདུལ་བྱ་རིགས་ཅན་གསུམ་གྱི་འཇུག་སྒོར་གཡུང་དྲུང་བོན་གྱི་འདུས་སོ་མདོ་སྔགས་སེམས་གསུམ་དེ། དོན་གྱི་གནད་པོ་ཆེ་རུ་གསུངས་པར་བཞེད་ལ། དེ་ལྟར་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་ཁོང་གིས། གདུལ་བྱ་བཀྲི་དྲངས་ཀྱི་ཚུལ་དུ་མཛད་པ་བཅུ་གཉིས། མཛད་ཕྲན་དྲུག་ཅུ་ལ་སོགས་མཛད་པ་བསམ་ལས་འདས་པ་བསྟན་པའི་ཁོངས་སུ་བཀའ་འཁོར་གསུམ་མམ་བོན་ཕྱི་ནང་གསང་གསུམ་དང༌། ངོ་མཚར་བཅུ་ཕྲག་རིག་པའི་གནས་ཀྱི་བོན་སྡེ་མང་པོ་གཏན་ལ་ཕབ་པ་རྣམས་ནི་ཆུ་བོ་ཁ་འབབ་རྣམ་བཞིའི་བཞུར་རྒྱུན་དང་འགྲོགས་ཏེ་མདོ་དབུས་མཐོ་སྒང་གི་རི་གྲོང་དག་ན་ལྷོད་ཀྱིས་བབས་ཤིང༌། འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཁག་ཏུའང་ཤུགས་ཀྱིས་མཆེད་པའི་སྐུ་དྲིན་གྱིས་ད་ལྟའི་བར་ཐུན་མིན་ཞང་བོད་ནང་བསྟན་རིག་གནས། ཞེས་པའི་ཕ་ནོར་བུ་ལ་བཞག་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་ཉིད། འཛམ་གླིང་མི་རིགས་མང་པོའི་རིག་པའི་དཔའ་བོ་རྣམས་ཀྱིས་འགྲམ་ཆུ་ལྡང་ས་ཉག་གཅིག་ཏུ་གྱུར་འདུག་པ་འདི་ལགས་སོ།། རེད་དེ། དེ་བཞིན་ཚད་མའི་སྐྱེས་བུ་དམ་པ་རྒྱལ་བ་གཤེན་རབ་མི་བོ་ཆེས་བཀའ་འཁོར་དང་པོའི་ཁོངས་སུ་གསུངས་པའི་རིག་པའི་གནས་ཆེན་ལྔའི་ཡ་གྱལ་ཚད་མ་རིག་པ་ནི།གཤེན་གྱི་དགུང་ལོ་བཅུ་བཞེས་དུས། ལྷ་སྲིན་གཉིས་ཀྱི་མཚམས་སུ་གཏན་ལ་ཕབ་སྟེ་ཐུགས་སྲས་གཡུ་ལོ་གཙུག་ཕུད་ལ་གཉེར་དུ་གཏད་ནས་རྟག་གཟིགས་ཀྱི་རྒྱལ་ཁམས་ཀུན་ཏུ་ཚད་མའི་འཆད་ཉན་བྱེད་པའི་གཞི་རྐང་ཚུགས་པར་མ་ཟད།
ཚད་གསུམ་ཟུང་དུ་འབྲེལ་བའི་བོན་སྡེ་བདུན་ཏེ། དྲི་བ་རྟགས་གསལ་སྒྲོན་མེའི་སྡེ། རྩོད་པ་རྫུ་འཕྲུལ་དྲྭ་བའི་སྡེ། སྤངས་པ་རྒོལ་བ་ཚར་གཅོད་སྡེ། བླངས་པ་ཀུན་འབྱུང་ཡངས་པའི་སྡེ།འགལ་བ་མི་མཐུན་སྤངས་པའི་སྡེ། མཐུན་པ་རང་ལུགས་བཞག་པའི་སྡེ། མཐར་ཕྱིན་བོན་ཉིད་གདར་གཅོད་སྡེ་བཅས་གཞུང་ཆེན་བདུན་དང༌། མུ་སྟེགས་ཚར་གཙོད་གཏན་ཚིགས་ཐིགས་པའི་མདོ་རྒྱུད། ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ལ་རྩོད་སྤོང་སྨྲ་བའི་སེང་གེ་སོགས་ཚད་མ་རིག་པའི་བོན་སྡེ་རྣམས་ལ་ཐོས་བསམ་ཚུལ་བཞིན་བྱེད་པའི་རྨང་གཞི་ལེགས་པར་ཆགས་པའི་འདུས་སྡེ་བརྒྱ་ཕྲག་གི་གྲངས་ལས་བརྒལ་བ་ཡང༌།
བསྡུས་ན་ཐོས་པ་ཕྱི་ཡི་སྒྲོ་འདོགས་གཅོད་པའི་བཀའ་གཞུང་ཉན་བཤད་ཀྱི་སྡེ་དང༌། ཡང་དག་དོན་ལ་འཇུག་པའི་ཤིང་དྲུང་མི་རྟག་གི་སྡེ། ཞུགས་པ་རྩེ་གཅིག་སྒྲུབ་པ་རི་ཁྲོད་ཅོག་བུའི་སྡེ་དང༌། ཞུགས་པ་མཐར་ཕྱིན་སྒྲུབ་པའི་བྲག་དགོན་དཀའ་ཐུབ་ཀྱི་སྡེ་བཅས་སྡེ་རིས་ཆེན་པོ་བཞི་རུ་ཕྱེས་ནས་མཁས་བཙུན་གྲུབ་པའི་འཁོར་བསྒྱུར་གནམ་སའི་ཁྱོན་ལ་མངའ་དབང་བསྒྱུར་བའི་སློབ་ཚོགས་གྲངས་སུ་འཕེལ་བ་ལས། སྤྱི་ལོའི་སྔོན་གྱི་མི་ལོ་༧༨༡༦ལ་བཀའ་འཁོར་རྣམ་གསུམ་ཤིང་རྟའི་སྲོལ་འབྱེད་དུ་ལུང་བསྟན་པ་གདུང་འཚོབ་སྟོན་པ་མུ་ཆོ་ལྡེམ་དྲུག་མཆོག་གི་གཙོས། བཀའ་བསྡུ་བ་པོ་བཅུ་གསུམ་གྱིས།གང་ཟག་གཞན་གྱི་འདོད་དབང་གིས་བཅོས་བསླད་མེད་པའི་བཀའ་ཡི་གླེགས་བམ་མང་པོ། མདོ་སྡེ།འབུམ་སྡེ། རྒྱུད་སྡེ། མཛོད་སྡེ་བཅས་སྡེ་ཚན་བཞིར་ཕྱེས་ནས་གསས་ཁང་ཆེན་པོ་དཀར་ནག་བཀྲ་གསལ་དུ་བཞག་པ། དེ་ལ་སངས་རྒྱས་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་རིན་པོ་ཆེ་ཞེས་གསོལ་བ་དང༌། དེ་དག་ལ་དོན་གྱི་དགོངས་འགྲེལ་བཀའ་བརྟེན་བརྩམས་པས། སྟོན་པའི་བཀའ་ལ་སློབ་དཔོན་བཀའ་ཡིས་བརྟེན། ཞེས་གསུངས་པ་ལྟར། གཡུང་དྲུང་བོན་གྱི་བཀའ་བརྟེན་གྱི་ཐོག་མ་ཡང༌། སློབ་དཔོན་མུ་ཆོས་མཛད་པའི་བོན་སྡེ་རྣམས་ལ་ངོས་འཛིན་ཞུ་བ་ཡིན་ནོ། །ཁྱད་པར་དུ་སྤང་བསྒྱུར་གྲོལ་གསུམ་གྱི་བོན་སྡེ་ཟབ་རྒྱས་ལེགས་བཤད་རྒྱ་མཚོའི་ཚོགས་རྣམས།གདུང་སོབ་སྟོན་པའི་དངོས་སློབ་མཆོག་ཏུ་གྱུར་པ་ལོ་ཙཱ་བ་ཆེན་པོ་རྟག་གཟིགས་ཀྱི་མཁས་པ་དམུ་ཚ་ཏྲ་ཧེ་དང༌། ཞང་ཞུང་གི་མཁས་པ་ཁྲི་ཐོག་སྤར་ཙ། སུམ་པའི་མཁས་པ་ཧུ་ལི་སྤར་ཡ། རྒྱ་གར་གྱི་མཁས་པ་ལྷ་བདག་སྔགས་གྲོལ། རྒྱ་ནག་གི་མཁས་པ་ལེགས་ཏང་རྨང་པོ། ཁྲོམ་གྱི་མཁས་པ་གསེར་ཐོག་ལྕེ་འབྱམས་བཅས་འཛམ་གླིང་མཁས་པའི་རྒྱན་དྲུག་གིས། རང་རང་གི་སྐད་དུ་བོན་སྡེ་བསམ་གྱིས་མི་ཁྱབ་པ་ཕབ་བསྒྱུར་གནང་སྟེ། འཆད་རྩོད་རྩོམ་པའི་བ་དན་དཀར་པོ་དགུང་དུ་བཙུགས་ཤིང༌། བཤད་སྒྲུབ་བསྟན་པའི་ཉི་མ་བསྟན་འགྲོའི་བདེ་སྐྱིད་པད་ཚལ་བཞད་པའི་གཉེན་དུ་བསུས་པ་རེད།
དེ་དང་སྒོ་ཀུན་ནས་མཚུངས་པ་ཐེག་ཆེན་གཡུང་དྲུང་བོན་གྱི་རིག་པའི་ཕ་ས་ཆེན་པོ་ལུགས་གཉིས་སྟོབས་ཀྱི་དཔལ་ཡོན་གནམ་སའི་ཁྱོན་བཞིན་དར་མྱོང་བའི་ཞང་ཞུང་རྒྱལ་པོའི་མངའ་ཁོངས་སུ་ཡང༌། སྟོན་པའི་བསྟན་པ་འཕྲུལ་ངག་བདེན་པའི་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ཉིད། ཐོག་མར་ཞང་ཞུང་སྲིད་པའི་རྒྱལ་པོ་ཧོས་རྗེ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་ལ། ཞང་ཞུང་བོན་གྱི་ཡུལ་རི་བོ་གངས་དཀར་ཏི་སེའི་མདུན་དྲུང་དུ། རྒྱལ་བ་གཤེན་རབ་མི་བོས་དངོས་སུ་བསྟན་པ་བཞག་པས། བསྟན་པ་ཞང་ཞུང་ལ་སྔ་བའི་གཏན་ཚིགས་ཆགས་ཤིང༌། ཞང་ཞུང་བོན་གྱི་རྒྱལ་པོ་ཞེས་པའི་བླ་དྭགས་ཀྱང་དེ་ནས་ཆགས་པ་ཡིན།
དེ་ལྟར་རིམ་བཞིན་དཔའ་མཛངས་སྟོབས་ཀྱི་འཁོར་ལོས་ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་ལ་དབང་བསྒྱུར་མགོ་བོ་ནོན་པའི་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་དམ། རྒྱལ་རབས་བཞི་བཅུ་ལྷག་གི་རིང་ལ་རྒྱལ་ཁམས་མངའ་རིས་ཐམས་ཅད་སངས་རྒྱས་གཡུང་དྲུང་བོན་གྱིས་བསྐྱངས་པའི་ལོ་རྒྱུས་ཡོད་ལ། ལྷག་པར་དུ་རྒྱལ་བ་གཤེན་རབ་མི་བོའི་ཐུགས་ཀྱི་གཉེར་དཔོན་བླ་ཆེན་ཁོད་སྤུངས་དྲན་པ་ནམ་མཁས། རྟག་གཟིགས་ཀྱི་མཁས་པ་དམུ་ཚ་ཏྲ་ཧེ་དང༌། ཟ་རང་མེ་འབར་སོགས་ཀྱི་ཞབས་ལ་གཏུགས་ཏེ། ཐོས་བསམ་འཆད་ཉན་གྱི་བསྟན་པའི་དུང་ཆེན་ཕྱོགས་སུ་བུས་ཤིང༌། བསྙེན་སྒྲུབ་ཉམས་ལེན་གྱི་སྲོལ་བཟང་རྨ་མེད་པ་བསྐྱངས་ཏེ་རྒྱལ་བའི་བཀའ་ཡི་དགོངས་འགྲེལ་དུ་མ་མཛད་ནས་བསྟན་པའི་གསལ་བྱེད་དུ་གྱུར་པའི་ལེགས་བཤད་མང་པོ་རྗེས་བཞག་གི་བཀའ་དྲིན་བསྐྱངས།
དེ་དང་དུས་མཚུངས་སུ་སྟོང་ཆེན་དམུ་ཚ་གྱེར་མེད་དང༌། ལྡེ་བོན་གྱིམ་ཚ་རྨ་ཆུང༌། སྙ་བོན་ལི་ཤུ་སྟག་རིང་གསུམ་གྱིས། རྟག་གཟིགས་ཀྱི་ཡུལ་ནས་ཕྱི་ནང་གསང་བའི་བོན་སྡེ་རྣམས་ཞང་ཞུང་ཡུལ་དུ་གདན་དྲངས་ནས་བསྟན་པའི་བླ་སྲོག་འཆད་ཉན་སྒོམ་སྒྲུབ་ཀྱི་སྒོ་བརྒྱ་ཅིག་ཆར་དུ་ཕྱེས་པ་དང༌།
སྤྱི་ལོའི་སྔོན་༡༧༥༡ལོར་སྐུ་འཁྲུངས་པ་མཁས་པ་ལི་ཤུ་སྟག་རིང་གིས། གལ་མདོ་རིགས་པའི་ཚད་མ་དང༌། མན་ངག་ལུང་གི་ཚད་མ་སོགས་གྲོལ་ལམ་གཙོ་བོར་བསྟན་པའི་རྫོགས་ཆེན་གྱི་ཚད་མའི་རིག་གཞུང་ཟླ་མེད་པ་དག་མཛད་པ་ནས། ཚད་མ་རིག་པའི་གཞུང་ལུགས་སྔོན་ལས་དར་རྒྱས་གོང་འཕེལ་དུ་སོང་སྟེ་འཛམ་གླིང་མཐོ་སྒང་གི་ཁྱོན་ཀུན་ན་ཚད་མའི་འཆད་ཉན་གྱི་དགའ་ཚལ་ཡོངས་སུ་རྒྱས་པ་བྱུང༌། དུས་རབས་བདུན་པའི་ནང་བཞུགས་པའི་མཁས་མཆོག་ཤ་རུ་དབུ་ཆེན་གྱིས། གཏན་ཚིགས་ངེས་པའི་གལ་མདོ་ཏན་ཏྲ་ཉི་མའི་འཁོར་ལོ་དང༌། སྤྱི་ལོའི་སྔོན་མི་ལོ་༩༡༤ལ་སྐུ་འཁྲུངས་པ་རྒྱུང་ཡར་བླ་ཆེན་དྲན་པས། རྣམ་འབྱེད་འཕྲུལ་གྱི་ལྡེ་མིག དུས་རབས་བདུན་པའི་ནང་བཞུགས་པའི་དག་པོ་དྲན་པ་ནམ་མཁས། རྫོགས་ཆེན་མེ་ལོང་བདུན་པ་སོགས་གཡུང་དྲུང་བོན་གྱི་ཚད་མ་རིག་པའི་རྣམ་བཞག་དག་ནི། བོད་གངས་ཅན་གྱི་ཤེས་རིག་བང་མཛོད་ནང་གི་རིན་ཐང་གིས་མཚོན་དུ་མེད་པའི་ནོར་བུ་རྙིང་བ་ཞིག་ཡིན་པ་ཡང་བཤད་ཅི་ལ་འཚལ།
དེ་བཞིན་དུ་གཡུང་དྲུང་གི་བོན་རིན་པོ་ཆེ་ལ། མཁྱེན་དཔྱོད་རིག་པའི་དཔལ་གྱིས་མངོན་པར་ཕྱུག་པའི་གྲུབ་ཐོབ་བོན་གཤེན་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང༌། སེ་བོན་ཤ་རི་དབུ་ཆེན། ལྡེ་བོན་གྱིམ་ཚ་རྨ་ཆུང༌། མེ་ཉག་ལྕེ་ཚ་མཁར་བུ་སོགས་སྨད་ཀྱི་མཁས་པ་མི་བཞིས་བཀའ་གཞུང་ཉན་བཤད་ཀྱི་སྡེ། བཤད་དང་སྒྲུབ་པའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་ཅིང༌། ལྷག་པར་དུ་གཡུང་དྲུང་གི་བོན་སྡེ་ཇི་སྙེད་ཅིག ཞང་ཞུང་སྨར་གྱི་སྐད་ལས་སྤུ་རྒྱལ་བོད་ཀྱི་སྐད་དུ་བསྒྱུར་ཏེ། ཐོས་དོན་ཉམས་ལེན་གྱི་བོན་འཁོར་སྐལ་ལྡན་གདུལ་བྱའི་བསོད་ནམས་ཀྱི་དཔལ་དུ་བསྐོར་བ་ཡིན་ནོ། །
དེ་ཡང་ཆུ་མགོ་གངས་ལ་གཏུགས་པ་ནང་བཞིན། ཞང་ཞུང་ནི་གཡུང་དྲུང་བོན་གྱི་ཤེས་རིག་ལོ་རྒྱུས་ཀྱི་བྱུང་ཁུངས་ཕུགས་མ་དེ་ཡིན་སྟབས། ཞང་ཞུང་གི་སྐད་དང་ཡི་གེ། གོམས་གཤིས་སོགས་གནའ་བོའི་སྲོལ་བཟང་མ་ཉམས་པའི་ཐུན་མིན་ཞང་ཞུང་རྒན་པོའི་ཀུན་སྤྱོད་ལ། ང་ཚོས་སྲུང་སྐྱོབ་དང་ཡི་རངས་ཞུས་ཏེ། ནོར་བུའི་ནོར་ཉམས་ཆོད་པའི་སྒོ་ནས། ཕ་ནོར་བུས་འཛིན་བྱས་ན། བསྟན་པ་འཛིན་སྐྱོང་གི་སྡོམ་ཚིག་དང་ནམ་ཡང་མི་འབྲལ་བ་ཞིག་ཀྱང་ཅི་ལ་མིན། དེས་ན་རྣམ་འདྲེན་སངས་རྒྱས་སྟོང་གི་ཐུ་བོ་སྟོན་མཆོག་གཤེན་རབ་མི་བོའི་ཞབས་ཟུང་གསེར་གྱི་འཁོར་ལོ་མངོན་པར་བསྒྱུར་བའི་གནས་མཆོག་ཁ་བ་ཅན་གྱི་ཡུལ་དུ་ཡང༌། མགོ་ནག་བོད་པ་ཚང་གི་ངོ་མཚར་ལུགས་གཉིས་གསེར་གྱི་ཁང་བཟང་གསར་དུ་བསྐྲུན་པའི་བྱེད་པོ་བོན་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོས་རྒྱལ་ཕྲན་སིལ་མ་རྣམས་དབང་དུ་བསྡུས་ཤིང༌། ལྷ་ཀླུ་མི་ཡི་གཤེན་པོ་རྣམས་ཀྱི་ཞབས་ཀྱིས་ཟིན་པའི་ཞང་ཞུང་གི་བོན་གཤེན་རིག་འཛིན། གཤེན་ནམ་མཁའ་སྣང་བ་མདོག་ཅན་དབུ་བླར་བཀུར་ཏེ་རྒྱུ་འབྲས་བདེན་པའི་གཡུང་དྲུང་གི་བོན་རིན་པོ་ཆེ་ལ་ཉམས་ལེན་མཛད་པ་ནས་བཟུང༌། བོད་རྗེ་གཉའ་ཁྲི་ནས་གནམ་རི་སྲོང་བཙན་བར་རྒྱལ་རབས་སུམ་ཅུ་སོ་གཉིས་དེ་བོན་རྒྱལ་འབའ་ཞིག་ཡིན་ཚུལ་དང༌། ཡུལ་གྱི་མིང་ལའང་བོན་ཡུལ། ཞེས་འབོད་པ་དེ་སྟོན་པ་གཤེན་རབ་དྭགས་ཀོང་གི་བདུད་འདུལ་ལ་བྱོན་སྐབས་ནས་ཐོགས་པའི་ཚུལ་སོགས་ནི་རྩ་བ་མེད་པའི་ཚིག་དང༌། འབྱུང་ཁུངས་མེད་པའི་ཆུ་ལྟ་བུ་ཞིག་མ་ཡིན་པར་ལོ་རྒྱུས་ཀྱིས་ང་ཚོར་བཞག་པའི་བདེན་དཔང་ཉག་གཅིག་ཡིན་ལ།
རྗེས་སུ་མིང་བརྡ་དེ་དག་ལ་རིམ་གྱིས་འགྱུར་བ་ཕྲན་ཙམ་ཐེབས་ཏེ། བོད་རྒྱལ་དང་བོད་ཡུལ་ཞེས་འབོད་པ་འཛམ་གླིང་ས་མཐོའི་ཡང་རྩེར་ཆགས་པའི་ཡུལ་གྲུ་ཆེན་པོ་འདི་ལ། ནང་པའི་གྲུབ་མཐའ་ཀུན་ཀྱི་རྒྱལ་པོ་མདོ་སྔགས་ལུང་རྟོགས་གཉིས་ཀྱིས་བསྡུས་པའི་གཡུང་དྲུང་གི་བོན་རིན་པོ་ཆེ་དར་ཏེ། རྒྱལ་གཤེན་བསྟན་པ་མཉམ་ཆགས། ཞེས་ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི་ཡི་ཐ་མ་གནམ་རི་སྲོང་བཙན་བར་རྒྱལ་རབས་སོ་གཉིས་ཀྱི་རིང་ལ། སྔགས་སེམས་ཀྱི་བོན་སྡེ་དུ་མ་ཞིག་ཞང་སྐད་ལས། བོད་སྐད་དུ་བསྒྱུར་ནས་ཞང་བོད་ནང་བསྟན་གྱི་ངོ་བོ་ཟླ་ལྟར་རྒྱས་ཤིང་ཉི་ལྟར་གསལ་བ་དང༌། ལྷག་པར་དུ་གཉའ་ཁྲི་ཡབ་སྲས་ཀྱི་རིང་ལ། ཞང་ཞུང་ནས་མཁས་པ་ཆེན་པོ་བརྒྱ་དང་རྩ་བརྒྱད་གདན་དྲངས་ཏེ། ཞང་བོད་ཀྱི་ཡུལ་དུ་བོན་གྱི་འདུ་གནས་སུམ་ཅུ་སོ་བདུན་བཙུགས་ཤིང་ལྟ་སྤྱོད་འབྲས་བུ་བླ་ན་མེད་པའི་བོན་སྡེ་རྣམས་ལ་ཐོས་བསམ་སྒོམ་གསུམ་གྱི་མཛད་པ་ཚུལ་བཞིན་སྐྱོང་བའི་འཇའ་ལུས་འཕོ་ཆེན་ཉེར་བཞི། རིག་འཛིན་གྲུབ་ཆེན་བརྒྱད་ཅུ། མཐུ་བོ་ཆེ་མི་དགུ་ལ་སོགས་སྙན་ངག་པས་འུད་བསྟོད་བྱས་པ་ཙམ་མ་ཡིན་པར་རྒྱལ་ཁམས་ལྷག་མེད་དུ་བསྒྱུར་ནུས་པའི་མཁས་གྲུབ་དོན་གྱི་དཔའ་བོ་སྟག་སེང་དར་མའི་ཁྱུ་ཚོགས་འཁྲིགས་པ་ལྟར་བྱོན་ནས་འཆད་རྩོད་རྩོམ་པའི་བོན་འཁོར་བསྐོར་ཅིང༌། ལོག་པར་ལྟ་བའི་རྒོལ་བ་བཅོམ་སྟེ་ནང་བསྟན་རིག་པའི་ཕ་ས་ཆེན་པོ་ཁ་བ་གངས་རི་ར་བའི་སྣོད་བཅུད་ཀྱི་སྙན་པའི་བ་དན་དཀར་པོ་གླིང་བཞིའི་ཏོག་ཏུ་བསྒྲེངས་པར་བྱས་ཏེ། གནམ་ལ་ཉི་ཟླ་ཟུང་གཅིག་གིས་བརྒྱན་པ་ལྟར། ས་ལ་ཡང་བཤད་སྒྲུབ་ཟུང་གཅིག་གིས་བརྒྱན་ཏེ་རྒྱལ་ཁམས་གཡུང་དྲུང་བོན་གྱིས་སྐྱོང་བཞིན་གནས་པར་གྲགས་སོ། །
ཡིན་ན་ཡང་བར་སྐབས་སུ་དུས་ཀྱི་སྙིགས་མར་སྐྱེས་པའི་སེམས་ཅན་སྡིག་པ་ཅན་རྣམས་ཀྱི་བསོད་ནམས་ཀྱི་འཕེལ་ཁ་བྲི་ཞིང༌། བསྟན་ལ་ལོག་པར་ལྟ་བའི་ནག་ཕྱོགས་བདུད་རིགས་ཀྱི་མགོ་འཕང་ཅུང་ཟད་མཐོན་པོར་བཏེགས་ཏེ་རྒྱལ་བསྟན་རིན་པོ་ཆེ་ལ་ལོ་རྒྱུས་ཀྱི་གྱོང་གུད་རིམ་པ་གསུམ་ཙམ་བྱུང་མྱོང་ན་ཡང༌། མདོ་ལས། སངས་རྒྱས་བསྟན་པ་རྗེས་བཞག་ཀྱང༌། །སྤྱིར་ནི་མཁའ་ལ་ཉི་ཤར་བཞིན། །ཕྱོགས་བཅུ་ཀུན་ཏུ་ཡོངས་ཁྱབ་ནས། །སྒྲིབ་ཀྱང་ནུབ་པར་མི་འགྱུར་ཏེ། །གནས་སྐབས་མུན་དང་སྣང་བ་བཞིན། །གསལ་དང་མི་གསལ་ཆ་ཙམ་འབྱུང༌། །ཞེས་སྟོན་པ་སངས་རྒྱས་ཀྱིས་ལུང་དུ་བསྟན་པ་ལྟར། གནས་སྐབས་སུ་བསྟན་ལ་འཕེལ་འགྲིབ་ཀྱི་ཡོ་ལང་ཅུང་ཟད་བྱུང་སྟེ་ལས་སྐལ་གྱི་ཟླ་བ་མར་ངོ་ལ་ཆས་ཀྱང༌། དྲང་བདེན་གྱི་ཉི་མ་ནམ་ཡང་འགོག་མ་ནུས་པས། དུས་སྙིགས་ཀྱི་མུན་ནག་ཆེས་ཤིན་ཏུ་སྟུག་པའི་བརྒྱ་ཕྲག་ཉེར་གཅིག་པའི་དེ་རིང་ཡང༌། ལོ་རབས་ཁྲི་ཕྲག་གིས་རྙིང་བའི་ཞང་བོད་ནང་བསྟན་རིག་གནས་ཀྱི་གཟི་འོད་རྣོན་པོ་འཛམ་བུ་གླིང་གི་ཕྱོགས་བཞི་མཚམས་བརྒྱད་དུ་འཕྲོས་ཏེ་གང་ཞིག་ལུས་ཅན་ཡོངས་ཀྱི་མི་འདོད་སྡུག་བསྔལ་གྱི་བ་མོ་དྲུངས་ནས་འཇོམས་པའི་གཉེན་དུ་གྱུར་པས་སོ། །
དེ་ལྟར་རྡོ་ལག་བརྒྱུད་དང༌། ཆུ་ལམ་ཞུགས་ཀྱི་ཚུལ་དུ་ཞང་ཞུང་སྟོད་སྨད་གཉིས་སམ་བོད་དང་བོད་ཆེན་པོའི་ཡུལ་དུ་གཡུང་དྲུང་གི་བོན་འདི་ཉིད་འཛིན་སྐྱོང་སྤེལ་བ་ལ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་གདུང་རྒྱུད་གྲགས་ཅན། བྲུ་ཞུ་སྤ་རྨེའུ་གཤེན་དང་ལྔ། ཁྱུང་པོ་དཀར་ནག་སེར་གསུམ། འཕགས་པ་རྣམ་གསུམ་ཞིག་ཆེན་བཅོ་བརྒྱད་ལ་སོགས་པའི་གདན་ས་ཁག་རིམ་པར་བྱུང་བ་ལས།བོན་གྱི་གཏེར་སྟོན་བརྒྱ་རྩའི་གཙོ་བོ་ཕྱི་དར་བསྟན་པའི་དབུ་འབྱེད་སྤྲུལ་བའི་སྐུ་མཆོག་གཤེན་ཆེན་ཀླུ་དགའི་ཟབ་མོ་གཏེར་གྱི་བཀའ་བབ་བུ་ཆེན་རྣམ་བཞིའི་ནང་ཚན་བྲུ་ཆེན་ནམ་མཁའ་གཡུང་དྲུང་གིས་སྤྱི་ལོ་༡༠༣༥ལོར་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ལ་འགྲེལ་ཆེན་བཏབ་སྟེ་བོད་ཆེན་པོའི་ལྗོངས་སུ་བཤད་སྲོལ་ཐོག་མར་བཏོད་པས་ཁོང་དང་མཁས་གྲུབ་རིན་ཆེན་བློ་གྲོས་ཀྱི་བར་གཡས་རུའི་སྟོན་པ་བཅོ་བརྒྱད་དུ་གྲགས་པ་ཀུན་ཀྱིས་གབ་མཛོད་ས་གསུམ་ལ་འགྲེལ་ཆེན་རེ་མཛད་དེ་མཁས་པའི་གྲགས་པ་ཀུན་ཏུ་འབར་ཞིང་བླ་མ་བྲུ་ཆེན་པོ་ཞེས་གྲགས་སྙན་གཏམ་གྱི་རྔ་བོ་ཆེ་ས་ཆེན་པོའི་ཁྱོན་དུ་ལྡིར་བ་བྱུང༌། བྲུ་རྗེ་གཡུང་དྲུང་བླ་མས་བྲུ་ཡི་གདན་ས་ཆེན་པོ་དཔལ་ལྡན་ལྷུན་གྲུབ་དབེན་ས་ཁ་ཞེས་པའི་བོན་གྱི་དགོན་སྡེ་ཆེན་པོ་ཞིག བོད་ཡུལ་རུ་བཞིའི་ནང་ཚན་གཡས་རུའི་ས་ཡི་ཐིག་ལེ་རུ་བོད་རབ་བྱུང་དང་པོའི་ཆུ་བྱི་ལོ་སྟེ་སྤྱི་ལོ་༡༠༧༢ལ་ཕྱག་བཏབ་མཛད་ཅིང༌། ལོ་རྒྱུས་ཀྱི་ཡིག་ཚང་ལྟར་ན་སྔོན་ཆད་བོན་གྱི་གྲྭ་ས་ཆེས་ཆེ་ཤོས་ཤིག་སྟེ། གནས་འདིར་གབ་མཛོད་ས་གསུམ་སོགས་ལ་འཆད་ཉན་གཙོ་བོར་བྱེད་པའི་སྐལ་ལྡན་བུ་སློབ་ཀྱི་ཚོགས་ནི་ཁྲི་ཕྲག་གི་གྲངས་སུ་འཕེལ་ཏེ་རྒྱལ་བསྟན་ཚུལ་བཞིན་དུ་བསྐྱངས་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་བོ། །
གདན་ས་ཆེན་པོ་དེའི་རྩོད་གྲྭ་དང་མཁན་སློབ་སྨྲ་བའི་སེང་གེའི་ཚོགས་ཀྱི་གསུང་གི་བདུད་རྩི་ལས་སྐྱེས་ཤིང༌། གཞུང་ལུགས་རབ་འབྱམས་གནས་ལ་གཟིགས་པ་མཐའ་མེད་པའི་མཁས་གྲུབ་དོན་གྱི་དཔའ་བོ་ཇི་སྙེད་ཅིག་བྱུང་བའི་ནང་ལས། བཤད་སྒྲུབ་བསྟན་པའི་རྒྱལ་མཚན་མི་ནུབ་སྲིད་པའི་རྩེ་རུ་མངོན་པར་བསྒྲེངས་པའི་མཛད་འཕྲིན་ཅན་ནི། གཡས་རུའི་སྟོན་པ་བཅོ་བརྒྱད་དང་ཀུན་མཁྱེན་རྒྱལ་བ་གཉིས་པ་ཡབ་སྲས་སོགས་ཡིན་ལ། མདོར་ན་གནའ་སྔ་མོར་དགོན་སྡེ་ཆེན་པོ་འདིར་གཡས་རུའི་འཆད་རྩོད་ཆེན་མོ། ཞེས་གཤེན་གྱི་སློབ་གཉེར་བ་བརྒྱ་སྟོང་མང་པོས། ཚད་མ་རིག་པའི་རྩོད་སྤོང་ཤན་འབྱེད་ཀྱི་རྣམ་དཔྱོད་རིག་པའི་འཁོར་ལོ་བསྐོར་བའི་ཟླ་ངོ་ཧྲིལ་བོ་གཅིག་གི་རིང་ལ་ཚད་མའི་རྩོད་གྲྭ་འཚོགས་པའི་སྲོལ་ཡང་དར་ཏེ་སྐབས་དེ་དག་ནས་གངས་ཅན་ལྗོངས་ཀྱི་ཚད་མ་རིག་པའི་འཕེལ་རིམ་ལོ་རྒྱུས་ཀྱི་ཁྲོད་ན་ངོ་གནོང་མི་དགོས་པའི་གོ་གནས་འགངས་ཆེན་ཞིག་བཟུང་ཡོད་པ་ཡང་ཤིན་ཏུ་གསལ། ཡང་ཁྱད་དུས་རབས་བཅུ་གཉིས་པའི་འགོར་བྱོན་པ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་ཡ་གྱལ་བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས། གཡུང་དྲུང་བོན་གྱི་ཚད་མ་རིག་པའི་ཉིང་དོན་ཡོད་དགུའི་གནད་བརྒྱ་གཅིག་ཏུ་འདུས་པའི་ཟིན་ཏིག་ལྟ་བུ་སྟེ། ཚད་མའི་སྙིང་བོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད། སོགས་བརྩམས་ནས་གསུང་རྩོམ་གླེགས་བམ་མང་པོ་རྗེས་བཞག་མཛད་པ་ནི། བོད་གངས་ཅན་གྱི་བཤད་སྒྲུབ་བསྟན་པ་གསལ་བའི་ཉི་མ་མེ་གྲོགས་དང༌། ཆར་བ་ཆུ་གྲོགས་ཀྱི་དཔེ་རུ་གྱུར་པ་ཡིན་ལ། ཁྱད་པར་དུ་གཞུང་ལུགས་འདི་ཉིད་ཀྱིས། ཚད་མ་རིག་པའི་ཐུན་མོང་མ་ཡིན་པའི་གནད་རྩ་བཟུང་ཞིང་ལམ་སྲོལ་བཏོད་ཡོད་པས།
འགྲོ་མགོན་བླ་མའི་ཚད་མའི་གཞུང་ལུགས། ཞེས་བོན་ཕྱོགས་སུ་གྲགས་པའི་མེ་དཔུང་འབར་དང་འབར་བཞིན་ཡོད། དེ་ལྟ་བུའི་གདན་ས་ཆེན་པོ་དེ་ལ་བརྒྱུད་འཛིན་གྲུབ་པའི་འདུས་སྡེ་བརྒྱ་ཕྲག་གི་གྲངས་སུ་འཕེལ་བ་ལས། བོན་གྱི་རྩ་བའི་གྲྭ་ས་གྲགས་ཅན་དཔལ་ལྡན་བཀྲ་ཤིས་སྨན་རི་དགོན་པ། ཞེས་མཁས་བཙུན་གྲུབ་པའི་དབང་པོ་གསེར་རིའི་ཕྲེང་ལྟར་བྱོན་པའི་འདུས་སྡེ་ཆེན་པོ་ནི། འཛམ་གླིང་འདིར་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་ལུང་ཟིན་སྐྱེས་མཆོག་ཀུན་མཁྱེན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས།
གཡས་རུ་གཙང་གི་ས་ཆར་བོད་རབ་བྱུང་བདུན་པའི་ཤིང་བྱ་སྟེ་སྤྱི་ལོ་༡༤༠༥ལོར་ཕྱག་བཏབ་གནང་བ་ཞིག་ཡིན་ཞིང༌། མདོ་སྔགས་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་གཞན་དྲིང་མི་འཇོག་པའི་སྐྱེས་མཆོག་མང་དུ་བྱོན། ལྷག་པར་དུ་འཛམ་གླིང་མཁས་པའི་གཙུག་རྒྱན་རྗེ་མཉམ་མེད་བླ་མ་ཁོང་ཉིད་རང་ལུགས་ཀྱི་རྩོད་གྲྭ་ཆེན་མོ་ཁག་ཏུ་མ་ཟད། གཞན་སྡེའི་རྩོད་གྲྭ་ཆེན་མོ་དཔལ་ལྡན་གསང་ཕུག་ནེའུ་ཐོག་དང༌། ར་བ་སྟོད་པ། འབྲས་བུ་སྐྱེད་ཚལ། ན་ལེན་ཊ་བཅས་ཆོས་སྡེ་ཁག་ཏུའང་དམ་བཅའ་དང༌། རྩོད་སྤོང་གི་གྲྭ་སྐོར་མཛད་དེ་རང་གཞན་མཁས་གྲུབ་རྒྱ་མཚོ་ལྟ་བུའི་གཞུང་གི་དགོངས་དོན་རྗེན་གཅེར་དུ་གཟིགས་པས། ཡེ་ཤེས་འོད་ཀྱི་སྤྱན་གཅིག་པ་ཞེས་པའི་གྲགས་སྙན་ཁ་བའི་མེ་ཏོག་དཀར་པོ་གངས་རྒྱལ་ཏི་སེའི་དབུ་རྩེ་ན་ལྷབ་ལྷུབ་ཏུ་སྤུངས་པར་བྱས།
ཁོང་གིས། རྗེའི་འཕྲུལ་སྒྲོན་རྣམ་ལྔ། ཞེས་གྲགས་པ་གཞུང་པོད་ཆེན་ལྔ་ཡི་བདག་ཉིད་ཅན་གྱི་གཙོས་བསྟན་པའི་གསལ་བྱེད་བཀའ་བརྟེན་གླེགས་བམ་བཅུ་ཕྲག་ལྷག་རྗེས་བཞག་གི་བཀའ་དྲིན་བསྐྱངས་ཤིང༌། ལྷག་པར་དུ་འཕྲུལ་སྒྲོན་རྣམ་ལྔའི་ནང་ཚན། ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་རྩ་འགྲེལ་གཉིས་དང༌། ཚད་མའི་ཐལ་ཕྲེང་སོགས་ཚད་མའི་རིག་གཞུང་འགྲན་ཟླ་དང་བྲལ་བ་མང་པོ་བརྩམས་ཏེ། སྟོན་པ་སངས་རྒྱས་ནས་ཞང་བོད་ཀྱི་ལྗོངས་སུ་རིམ་པར་དར་བའི་ཚད་མ་རིག་པ་སོགས་གབ་མཛོད་ས་གསུམ་ལ་འཆད་ཉན་བྱེད་པའི་སྔ་སྲོལ་བཟང་པོའི་ཞིང་ས་ལ་མཁས་བཙུན་བཟང་གསུམ་གྱི་ས་བོན་བཏབ་ཅིང་འབྲས་བུ་སྨིན་དུ་བཅུག་པས། རྗེ་རྒྱལ་བ་གཉིས་པ་མཆོག་ནི་རྒྱལ་གཤེན་བསྟན་པའི་རིང་ལུགས་འཛིན་པ་རྣམས་ཀྱི་བསྟན་དང་འགྲོ་བའི་སྤྱི་གཙུག་གི་ནོར་བུ་ལྟ་བུ་མཆོད་པའི་གནས་དང༌། བཀུར་བའི་ཞིང་དུ་འཛིན་པ་ཡིན་ནོ། །
དེ་བཞིན་དུ་བོན་གྱི་རིག་འཛིན་ཆེན་པོ་གྱེར་མི་ཉི་འོད་ཀྱི་རྣམ་སྤྲུལ་སངས་རྒྱས་མི་ཡི་རྣམ་རོལ། མདོ་སྔགས་སྲིད་པའི་མིག་གཅིག་སྣང་སྟོན་རྒྱལ་བའི་དབང་བོ་སྐྱབས་མགོན་ཟླ་བ་རྒྱལ་མཚན་དཔལ་བཟང་པོས། རབ་བྱུང་བཅུ་བཞི་བའི་ཤིང་རྟའི་ལོ་སྟེ་སྤྱི་ལོ་༡༨༣༤ལོར། དཔལ་གཤེན་བསྟན་རྣམ་རྒྱལ་ཀུན་གྲགས་གླིང་ངམ་རབ་ལེགས་གཡུང་དྲུང་གླིང༌། ཞེས་བྱ་བ་ཕྱག་བཏབ་མཛད་ཅིང༌། ཁོང་དང༌། མདོ་སྔགས་ཉི་ཟླ་ཟུང་འབྲེལ་གྱི་བསྟན་པའི་གསལ་བྱེད་ཆེན་པོ་མཁས་གྲུབ་དོན་གྱི་གྲགས་པ་ཕྱོགས་ཀུན་འབར་བའི་སྨྲ་དབང་ཀུན་མཁྱེན་ཉི་མ་བསྟན་འཛིན་ཟུང་གིས། གནས་འདིར་བཤད་སྒྲུབ་བསྟན་པའི་སྲོལ་ཆེན་བཙུགས་པ་ནས། རྗེ་སྨན་རི་བའི་རིང་ལུགས་ཀྱི་ཕྱི་ནང་གི་སྒྲིག་སྲོལ་ཚུལ་བཞིན་དུ་སྐྱོང་བའི་རྣམ་དག་འདུལ་བ་འཛིན་པའི་འདུས་སྡེ་གྲངས་སུ་འཕེལ་ཞིང༌། འཆད་རྩོད་རྩོམ་གསུམ་གྱི་བྱ་བར་ཐོགས་ཆགས་མི་མངའ་བའི་མཛད་འཕྲིན་རླབས་པོ་ཆེས། རྣམ་འདྲེན་བརྒྱད་པའི་དགོངས་བཞེད་འཁྲུལ་མེད་དུ་འདོམས་པ་ལ་མཁས་མཆོག་གསེར་རིའི་ཕྲེང་ལྟར་བྱོན་ཏེ། ཞང་བོད་ནང་བསྟན་རིག་གནས་དང་བཅས་པར་གསོས་སྨན་བསྣན་ཅིང༌། གསོ་སྐྱོང་མཛད་པས་རང་རེའི་ཚད་མ་རིག་པའི་འཕེལ་རིམ་ལོ་རྒྱུས་ལ། སྐས་ཚིགས་གསར་བ་ཞིག་བསྣན་ཡོད་པ་ཡང༌། སྐབས་དེ་དག་གི་དཔྱོད་ལྡན་རིགས་པ་སྨྲ་བའི་ཁྱུ་མཆོག་རྣམས་ཀྱི་སྐུ་དྲིན་ཁོ་ན་ལས་བྱུང་བས་སོ། །
དེ་བཞིན་དུ་ཞང་ཞུང་རིག་པའི་གཏེར་མཛོད་ཤེས་རིག་གི་འགོ་ཁུངས་སུ་ཆེ་བའི་རྔ་བའམ་མངའ་བ་ཞེས་པའི་བོད་ཀྱི་ཡུལ་གྲུ་འདི་ལ་ཡང༌། ཞིག་ཆེན་བཅོ་བརྒྱད་ཀྱི་གཙོ་བོ། སྣང་ཞིག་དོ་འཕགས་ཆེན་པོའི་ཞབས་པད་བསྟན་འགྲོའི་མགོན་དུ་བཞད་པ་ནས་བཟུང༌། ཞང་བོད་ཆོས་རིག་གཉིས་ཀ་གནས་འདིར་གསར་དུ་འདྲེན་པའི་བསམ་བློ་བ་ཐོག་མ་དེ་བྱུང་བ་ཡིན་ལ། སྣང་ཞིག་བྱ་ཆེན་ཉི་མ་འཛིན་གྱིས། རྒྱལ་བསྟན་ཕུན་ཚོགས་བླ་བྲང་བཞེངས་པ་ནས། ཞང་བོད་ཆོས་རིག་གཉིས་ཆར་དད་པའི་གྲུབ་སྡེ་སེར་འཚོགས་ཀྱི་གཞི་རྐང་གྲ་རྒྱས་པ་ཞིག་ཀྱང་ཚུགས་པ་རེད། དེ་རྗེས་སྣང་ཞིག་རིན་ཆེན་རྒྱལ་མཚན་གྱིས། དོ་འཕགས་ཆེན་པོའི་བྱིན་གྱིས་བརླབས་པའི་ས་གནས་གཡས་རི་རིན་ཆེན་མཎྚལ་སྤུངས་པ་ལྟ་བུའི་སྟེང་དུ། རྒྱལ་བསྟན་ཕུན་ཚོགས་བླ་བྲང་གི་རབ་བྱུང་འདུལ་བའི་སྡེ་རྒྱ་ཆེར་བཏང་སྟེ། ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་གཡུང་དྲུང་གླིང༌། ཞེས་པའི་དགོན་སྡེ་བཏབ་པ་ནི། རྔ་ལྗོངས་སུ་ཞང་བོད་ནང་བསྟན་རིག་གནས་སམ་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་སྒོམ་སྒྲུབ་བྱེད་པའི་བཀའ་གཞུང་ཉན་བཤད་ཀྱི་འདུས་སྡེའི་རྟེན་འབྲེལ་གྱི་རྩ་བ་ཡོངས་སུ་ཚུགས་པ་ལགས་ཤིང༌། རྗེས་སུ་འགྲོ་འདྲེན་བྱེ་བའི་གཙུག་རྒྱན་བླ་མ་སྣང་སྟོན་ཆེན་པོས། སྤྱི་ལོ་༡༩༡༩ལོར། རབ་ལེགས་གཡུང་དྲུང་གླིང་གི་དཔོན་སློབ་ཁྲི་རབས་བཅུ་གཅིག་པ། དགོན་འདིའི་དཔོན་སློབ་ཁྲི་རབས་དང་པོ་ཡོངས་འཛིན་ཤེས་རབ་གྲགས་པ་མཆོག་གདན་དྲངས་ཏེ་གནས་འདིར་བཤད་སྒྲུབ་བསྟན་པའི་ནམ་ལངས་ཤིང་རྩོད་སྤོང་ལུང་རིགས་འབུམ་སྡེའི་གཟི་འོད་ཕྱོགས་བརྒྱར་བཀྱེས་པ་ནས། ད་ལྟ་སྤྱི་ལོ་༢༠༡༠བར། མི་ལོ་བརྒྱ་ཕྲག་གི་གྲངས་སུ་ཉེ་བ་ཡིན། སྤྱིར་འཁྲུལ་སྣང་དབྱིངས་སུ་ཞིག་པའི་གདན་ས་ཆེན་པོ་འདིར། བསྟན་འགྲོའི་དོན་ཆེན་མཛད་པའི་སྐྱེས་མཆོག་བླ་རབས་ཤེལ་དཀར་གྱི་ཕྲེང་བ་ལྟར་རིམ་བཞིན་བྱོན་པ་ལས། རྒྱལ་བ་གཉིས་པའི་རྣམ་རོལ་ཏུ་དོན་གྱིས་བསྔགས་ཤིང༌། མཁས་གྲུབ་བྱེ་བའི་གཙུག་རྒྱན་དུ་ངང་གིས་བཞེངས་པའི་ངེས་དོན་སྐྱབས་རྗེ་བླ་མ་སྣང་ཞིག་ནམ་མཁའ་བློ་གྲོས་དཔལ་བཟང་པོ་མཆོག་གིས། དཔོན་སློབ་ཤེས་རབ་གྲགས་པ་ལགས་གདན་དྲངས་ཏེ། རྒྱལ་གསུང་སྙིང་བོ་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་གནས་འདིར་གསར་དུ་ཚུགས་པ་མ་ཟད། བསྟན་དང་དེ་འཛིན་སྐྱེས་བུ་ལུས་དང་གྲིབ་མ་བཞིན་དུ་སྐྱོང་བར་ཞལ་གྱིས་བཞེས་པའི་དུས་བབས་བསྟན་པའི་བཀའ་སྲུང༌། དགེ་བསྙེན་གནོད་སྦྱིན་མཐུ་ལྡན་དང༌།སྲོག་བདག་ཤ་ཟན་རྒྱལ་མོ་ལ་སོགས། བཤད་སྒྲུབ་བསྟན་པ་འཛིན་པའི་སྐྱེས་བུ་ལ། ཚེ་བསོད་འདོད་དགུའི་ནོར་ཆར་དངོས་སུ་འབེབ་པའི་མཐུ་རྩལ་ནུས་པའི་མངའ་བདག་གི་བཀའ་སྲུང་བསྐོས་པ་དང༌། ཁོང་གི་མཁྱེན་རབ་རྒྱ་མཚོའི་ཀླུང་ལས་འཁྲུངས་པའི་ལྗགས་རྩོམ་ལེགས་བཤད་འདོད་འབྱུང་དབྱིག་གི་དབང་བོ་མང་དུ་བྱུང་བ་ལས། མདོ་སྔགས་སེམས་གསུམ་གྱི་ལྟ་བའི་གནད་འདུས་ཤིང༌།
བཅུ་རིག་ཤེས་བྱ་ཡི་ཉིང་དོན་སྲོག་ཏུ་བཟུང་བའི་ལེགས་བཤད་འབུམ་གྱི་ཉིང་ཏིག་སྟེ། མདོ་སྨད་དུ་བཤད་སྒྲུབ་བསྟན་པ་གསར་དུ་ཚུགས་པའི་དགའ་སྟོན་གཡང་འབོད་ཚིགས་སུ་བཅད་པ་ཚངས་པའི་དབྱངས་ཀྱི་ང་རོ། ཞེས་མཐོང་དང་ཐོས་པ་ཙམ་གྱིས་མཁས་མང་འབུམ་གྱི་ཐུགས་ཡིད་ངང་གིས་འཕྲོག་པའི་ལེགས་བཤད་རྨད་དུ་བྱུང་བ་དག་བརྩམས་གནང་མཛད་དེ། བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་ནམ་ཡང་ནུབ་མེད་སྲིད་མཐའི་བར་དུ་དར་ཞིང་རྒྱས་པའི་ཐུགས་སྨོན་བསླུ་བ་མེད་པ་མཛད་པའི་སྐུ་དྲིན་གྱིས། དགོན་སྡེ་ཆེན་པོ་འདིར་མདོ་རྒྱུད་ཀུན་ཀྱི་སྙིང་བོ་བཤད་སྒྲུབ་ཉི་ཟླ་ཟུང་གཅིག་གི་རྩ་བ་ཚུགས་ཤིང༌། རྩེ་མོ་ཕྱོགས་སུ་རྒྱས་པ་རེད།
དང་ཐོག་དགོན་སྡེ་འདི་ལ་མཚོན་ན་ཐོག་མར་རབ་བྱུང་འདུལ་བ་འཛིན་པའི་སྐྱེས་བུའི་ཞལ་གྲངས་ཉུང་ཉུང་ལས་མེད་ན་ཡང༌། རྒྱལ་བ་སྣང་སྟོན་རིམ་བྱོན་གྱི་ཐུགས་བསྐྱེད་མཚུངས་པ་མེད་པའི་འོག རིམ་བཞིན་ཟིན་མེད་འཁོར་བའི་བྱ་བར་ངེས་འབྱུང་ཟབ་མོའི་རྐྱེན་གྱིས་བསྐུལ་བའི་གཤེན་གྱི་འདུས་སྡེ་བརྒྱ་ཕྲག་བརྒྱད་ལྷག་གི་གྲངས་སུ་འཕེལ་ཏེ། རིགས་རུས་གདུང་རྒྱུད་ཀྱི་ཆེ་བའི་ཡོན་ཏན་གཞན་གྱིས་ཟླ་དང་བྲལ་བའི་གྲུབ་བརྙེས་རིག་འཛིན་གོང་མའི་ཕ་ཁྱིམ་ལྟ་བུ་གྱུར་པའི་གཤེན་སྡེ་ཆེན་པོ་འདི་རུ།
བསྟན་པའི་སྲོག་ཤིང་འདུལ་བའི་བརྒྱུད་པ་འཛིན་ཞིང༌། བསྟན་པའི་སྙིང་པོ་གསང་སྔགས་ཀྱི་ཉམས་ལེན་དང་མི་འབྲལ་བར། བསྟན་པའི་ཡང་རྩེ་རྫོགས་ཆེན་གྱི་ལྟ་སྒོམ་སྤྱོད་གསུམ་རྩེ་རུ་ཆིབས་པའི་སྣང་སྟོན་མུ་ལ་མ་ཏི་སོགས་བླ་སློབ་ཡང་སློབ་ཀྱི་ཚོགས་ནི་ས་ཆེན་པོའི་རྒྱན་དུ་བྱོན་པས། ཞང་བོད་ནང་བསྟན་རིག་པའི་ངོ་བོ་དཀར་ཕྱོགས་ཟླ་བའི་འཕེལ་ཁ་དང༌། དབྱར་གསུམ་ཆུ་བོའི་བཞུར་རྒྱུན་ལ་འགྲོགས་ཏེ་ཁ་བ་གངས་ཅན་པའི་བླ་སྲོག་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དེ་ཉིད་ལུས་ཅན་ཕན་བདེའི་དཔལ་དུ་གྱུར་པ་ཞིག་ལགས་སོ། །
འོན་ཀྱང༌། སྤྱི་ལོ་༡༩༥༨ལོར་ལོ་རྒྱུས་ཀྱི་རླུང་འཚུབ་དམར་པོ་གཡུག་ཐེངས་གཅིག་གིས་དགོན་འདིའི་རྟེན་དང་བརྟེན་པ་བཅས་ལ་གོད་ཆག་ཡིད་སྐྱོ་བ་ཞིག་ཐེབས་པའི་གཏམ་རྒྱུད་ཡ་ང་བ་འདིས་མི་རྣམས་ཀྱི་སེམས་སུ་ཕངས་སེམས་བརྗེད་དུ་མི་བཏུབ་པའི་དྲན་ཤིང་རིང་མོ་ཞིག་བསླངས་ཡོད་པ་སྨོས་མ་དགོས་ལ། དེ་དང་དུས་མཚུངས་སུ། རབ་འབྱམས་རིག་པའི་གཞུང་ལུགས་མཐའ་དག་གི་དགོངས་པ་སྒྲིབ་མེད་དུ་གཟིགས་པའི་དགེ་བའི་བཤེས་གཉེན་དུ་མ་དང༌། བླ་གྲྭ་དགེ་འདུན་པའི་སྡེ་ཚོགས་གྲངས་མང་བ་ཞིག་གི་སྐུ་ཚེའི་འདུ་བྱེད་ཀྱང་རྫོགས། ལྷག་པར་དུ་བདག་ཅག་གི་འདྲེན་པ་ཆེན་པོ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་སྐྱབས་མགོན་བསྟན་པ་རབ་རྒྱས་དཔལ་བཟང་པོ་མཆོག་གི་སྐུ་ཡི་ཉིན་བྱེད་ཀྱང་དུས་ཚོད་འདི་དང་འགྲོགས་ཏེ་རེ་ཞིག་ནུབ་ཕྱོགས་ཆུ་ལྷའི་ཕང་བར་བཞུད་སོང་བས། བླ་སློབ་ཁ་གྱེས་པའི་འགྱོད་གདུང་གི་མིག་ཆུ། བགྲེས་སོང་དག་གི་མིག་མཐའ་ན་ད་དུང་འཁྱིལ་ཞིང༌། བུ་སློབ་མང་པོའི་སེམས་ཁོང་ན་རྟག་ཏུ་ཉར་བཞིན། ཁོང་གི་སྐུ་ཡི་སྣང་བརྙན་དད་པའི་རྟེན་དུ་བཞག་སྟེ་ལོ་ཟླ་དུ་མའི་འཁོར་ལོ་སྐྱོ་གདུང་གིས་བསྐོར་བ་ནི་བསམ་པས་མཐའ་མེད་ཀྱང༌། བརྗོད་པས་གྲངས་མི་ལང་བ་ཞིག་ཅི་ལ་མིན།
ཡང་ཕྱོགས་གཞན་ཞིག་ནས་དཔག་ན། ཐམས་ཅད་མཁྱེན་པ་ཁོང་གིས་དགོས་པའི་དབང་གིས་སྐུ་མི་རྟག་མྱ་ངན་ལས་འདས་པའི་ཚུལ་བཞེས་པའི་སྟ་གོན་གྱིས། ཁོང་གི་རྒྱལ་བའི་རྒྱལ་ཚབ་སྐུ་ཡི་ངོ་བོ་མིན་ཡང་གསུང་གི་རང་བཞིན་ཅན། རྗེ་བླ་མ་རྒྱ་འོབས་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ། སྣང་ཞིག་ཚང་གི་རྒྱལ་ཚབ་ཀྱི་ཁྲི་ལ་དབང་བསྐུར་བའི་བཀའ་དྲིན་གྱིས། རྒྱལ་ཚབ་རིན་པོ་ཆེས་སྡེ་འདིའི་བོན་སྲིད་བྱ་བའི་རླབས་ཆེན་གྱི་བསྟན་པ་མ་ཉམས་གོང་འཕེལ་དང༌། ཉམས་པ་སླར་གསོའི་ཕྱོགས་ལ་ཐབས་མཁས་ཐུགས་རྗེའི་མཛད་པ་ཟབ་མོ་དང་ནམ་ཡང་འབྲལ་བ་མེད་པའི་སྐུ་དྲིན་ནི། བླ་མའི་བཀའ་དྲིན་ལན་གྱིས་འཁོར་ཐབས་མེད། སྟོང་གསུམ་གསེར་གྱིས་བཀང་སྟེ་ཕུལ་ཀྱང་མིན། །ཞེས་གསུངས་པ་ལས་མ་འདས་སོ། །
སྤྱི་ལོ་༡༩༨༠ལོར། དུས་ཀྱི་འགྱུར་ལྡོག་ལ་ཕྱིར་འགྱུར་བ་ཅུང་ཟད་ཐེབས་ཏེ། རྒྱལ་བསྟན་ཕྱི་དར་གྱི་དབུ་ཚུགས་པ་ནས་བཟུང༌། སྣང་ཞིག་རྒྱལ་ཚབ་རྗེ་བླ་མ་རྒྱ་འོབས་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེའི་བཀའ་དྲིན་དང༌། སྣང་ཞིག་དོ་འཕགས་ཆེན་པོའི་ཐུགས་བསྐྱེད་སྨོན་ལམ་བཟང་པོའི་ནུས་མཐུ། སྐལ་ལྡན་གདུལ་བྱ་རྒྱ་མཚོའི་སྐུ་བསོད་སོགས་ཀྱི་ཉེར་ལེན་ལ་བརྟེན་ནས་བསྟན་འཛིན་སྐྱེས་བུའི་སྡེ་བསྡུས། འཆད་ཉན་སྒོམ་སྒྲུབ་ཀྱི་སྲོལ་མཐུད། སྐུ་གསུང་ཐུགས་གསུམ་གྱི་རྟེན་བཞེངས་སོགས་སྐལ་ལྡན་བསོད་ནམས་གསོག་པའི་ཞིང་ས་རུ་བསྐྲུན་ཅིང༌། ཁྱད་པར་དུ་སྤྱི་ལོ་༡༩༨༣ལོར། འཁྲུལ་བའི་སྣང་བ་དབྱིངས་སུ་ཞིག་པའི་དར་དཀར་གྱི་ཉག་ཐག་མ་ཆད།མཁའ་འགྱིང་གཉན་གྱི་གདུང་རྒྱུད་བསླད་མེད་འཛིན་པའི་ཤེལ་དཀར་གྱི་ཕྲེང་བ་མ་འཐོར་བ།
བོན་འབངས་འགྲོ་བའི་རེ་སྒུག་གི་ཉི་མ་སེར་པོ་སྟེ། སྣང་ཞིག་བྱ་ཆེན་བླ་རབས་སོ་དགུ་བའི་མཚན་དཔེ་ཡིད་བཞིན་ནོར་བུའི་བཀོད་པ། མཁའ་མཉམ་འགྲོ་བའི་བདེ་སྐྱིད་ཀྱི་གཉེན་དུ་བཞད་པ། ད་ལྟའི་བསྟན་པའི་བདག་པོའམ་བསྟན་འཛིན་གྱི་རྒྱལ་པོ་སྟེ། སྐྱབས་མགོན་མཐོང་བ་དོན་ལྡན་༧སྣང་ཞིག་རྗེ་ཚུལ་ཁྲིམས་བསྐལ་བཟང་བློ་གྲོས་རྒྱ་མཚོ་དཔལ་བཟང་པོ་མཆོག་དང༌། རྒྱལ་ཚབ་ཐམས་ཅད་མཁྱེན་པ་ཟུང་གིས་དབུ་ཁྲིད་ལམ་སྟོན་འོག དགོན་སྡེ་འདིར་དུས་རྒྱུན་རྣམ་དག་འདུལ་བ་འཛིན་པའི་སྐྱེས་བུ་བརྒྱད་བརྒྱ་ལྷག་གི་འདུ་འཚོགས་རྒྱས་ཤིང༌། དུས་ཆེན་སོགས་ཀྱི་སྐབས་སུ་གཤེན་གྱི་བླ་གྲྭ་ཆིག་སྟོང་ཉིས་བརྒྱ་ལྷག་ཙམ་གྱི་ཞལ་གྲངས་ལྷན་དུ་འཛོམས་པའང་ཡོད།
མདོར་ན་དགོན་སྡེ་ཆེན་པོ་འདིས། དུས་རྒྱུན་མདོ་སྔགས་རྒྱུད་སྡེ་རྒྱ་མཚོའི་གཞུང་ལ་ཐོས་བསམ་སྒོམ་སྒྲུབ་དང༌། བསླབ་པ་སློབ་གཉེར་གྱི་བྱ་བའི་ཁ་ཕྱོགས་བཟང་པོ་མིག་ལྟོས་སུ་ལེན་བཞིན། དགོན་སྡེ་དང་དགོན་སྡེའི་བར་མཐུན་ལམ་གསེར་གྱི་ཟམ་ཆེན་སྲ་བརྟན་དུ་བཙུགས་ཤིང༌། གྲུབ་མཐའ་དང་གྲུབ་མཐའི་བར་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པར་བྱས་ཏེ། གང་ཞིག་ཆུ་དང་ཆུ་བོ་ཐམས་ཅད་མཐར་ཐུག་རྒྱ་མཚོའི་ཀློང་དུ་ཐིམ་པ་ནང་བཞིན། ནང་བའི་གྲུབ་མཐའ་ཐམས་ཅད་ཀྱི་དོན་གྱི་འདུས་སོ་མཐར་ཐུག་རོ་གཅིག་ཀློང་གཅིག་གི་དགོངས་དོན་ལས་མི་འདའ་བའི་བསྟན་པ་འཛིན་སྐྱོང་གི་བྱ་བར་རྟག་ཏུ་འགྲུས་བཞིན་ཡོད་པ་ནི། སྡུག་བསྔལ་བྲལ་འདོད་དང་བདེ་བ་ལྡན་འདོད་ཀྱི་ལུས་ཅན་ཡོད་དོ་ཅོག་གི་སྐུ་བསོད་ཉག་གཅིག་གི་རྒྱུ་ལས་གྲུབ་པ་ཞིག་ཀྱང་ཡིན་ངེས་སོ། །
དེ་ཡང་འདི་ནས་ཡར་བགྲང་བའི་མི་ལོ་དགུ་ལྷག་གི་སྔ་རོལ་ཏེ། འབྱུང་ལྡན་སུམ་བརྒྱ་དང་གཅིག་གི་ནང་ཚན། སྤྱི་ལོ་༢༠༠༡ལོའི་བོད་ཟླ་དགུ་བའི་ཚེས་༡༣ཉིན་གྱི་ཞོགས་ཀར། བསྟན་འགྲོའི་བསོད་ནམས་ཁྱུང་སྔོན་སྐྱེས་བཟང་གིས་ཉེ་བར་དྲངས་པའི་འགྲོ་བའི་སྒྲོན་མེའི་མཚར་སྡུག་གི་གཟི་བྱིན་སྔོན་ལས་ལྷམ་མེར་ངོམ་བཞིན་དབང་ཕྱོགས་ལྷུན་པོའི་ཕྲག་གོང་ནས་གསར་དུ་འཛུམ་པའི་དུས་བཟང་གི་ཉིན་མོར། བསིལ་ལྡན་གངས་རིས་མཛེས་པའི་སྣོད་བཅུད་ཀྱི་སྙན་པ་གཡང་དུ་འགུགས་པའི་ཡུལ་གྲུ་ཆེན་པོ་འདིའི་སྨད་ཀྱི་ཆར་གཏོགས། མདོ་སྨད་རྔ་ལྗོངས་སྣང་ཞིག་དགོན་ཆེན་ནམ་ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་གཡུང་དྲུང་གླིང་ན། གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང༌། ཞེས་པའི་སློབ་གླིང་ཞིག་གསར་དུ་ཚུགས་པའི་གཏམ་གྱི་སྙན་པ་རྔ་གཡང་ཕྱུག་མོའི་མཁའ་དབྱིངས་ནས་མཆེད་དེ་ཕྱོགས་ཀྱི་ཐ་གྲུ་ཡངས་པོར་ཁྱབ། དེ་ནི་མཁས་པའི་དབུས་ན་སྨྲ་བའི་སེང་གེ་དང༌། གྲུབ་པའི་ཁྲོད་ན་རིག་འཛིན་སྟོང་རྒྱུང་མཐུ་ཆེན་དང་གཉིས་སུ་མེད་པ་མཁྱེན་བརྩེ་ནུས་གསུམ་གྱི་མངའ་བདག་ཆེན་མོ་སྙིགས་དུས་བསྟན་འགྲོའི་སྤྱི་མགོན་དམ་པ་སྣང་སྟོན་ནམ་མཁའ་བློ་གྲོས་རིན་པོ་ཆེས། ས་གསུམ་འགྲན་བྲལ་མཉམ་མེད་བླ་མ་ཡི། །རྨད་བྱུང་ལེགས་བཤད་བརྒྱུད་འཛིན་མཆོག་རྣམས་ཀྱི། །མདོ་རྒྱུད་ཀུན་ཀྱི་སྙིང་པོ་བཤད་སྒྲུབ་བསྟན། །ནུབ་མེད་སྲིད་མཐར་གནས་པའི་དོན་གཡང་སྩོལ། །ཅེས་སོགས་གསུངས་པའི་ཐུགས་སྨོན་བསླུ་བ་མེད་པའི་ས་བོན་དུས་དང་དུས་སུ་སྨིན་པ་དང༌། སྲིད་གསུམ་སྐྱེ་འགྲོ་ཡོངས་ཀྱི་ལྷ་སྐལ་ཆེན་པོས་བླ་མའི་བཀའ་བཞིན་སྒྲུབ་པའི་མཐུན་རྐྱེན་སྡོང་གྲོགས་ཀྱི་འཕྲིན་ལས་ལ་གཡེལ་བ་མི་མངའ་ཞིང༌། ལྔ་བདོའི་བསྟན་འགྲོའི་མགོན་གཅིག་སྣང་ཞིག་སྐྱབས་མགོན་ཚང་དང༌། རྒྱལ་ཚབ་ཐམས་ཅད་མཁྱེན་པ་ཟུང་གི་འགྲན་ཟླ་བྲལ་བའི་མཛད་འཕྲིན་སོགས་ལ་བརྟེན་ནས་གྲུབ་པའི་སློབ་གླིང་ཞིག་སྟེ། ང་ཚོ་སྒང་བ་བོད་པ་ཚང་གི་དཔྲལ་བའི་མིག་དང་ཁོང་གི་སྙིང་ལྟར་གྱུར་པའི་ནང་བསྟན་རིག་གནས་དང་བཅས་པར་ཕ་ནོར་བུས་འཛིན་གྱི་བྱེད་ཕྱོགས་ཆེད་དུ་གཉེར་ས་ཞིག་ཡིན་སྟབས། ད་ལྟ་རྒྱལ་བསྟན་སྤྱི་དང་ཁྱད་པར་གངས་རི་ར་བའི་ཤེས་རིག་དར་སྤེལ་གྱི་ཕྱོགས་ལའང༌།ཕན་འབྲས་ཅུང་ཟད་རེ་བྱུང་དང་འབྱུང་གིན་འདུག་པར་ཤེས་ནས་སྨྲ་བ་དག་གིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་མྱོང་བའང་ཉུང་ཉུང་ག་ལ་ཡིན། སྤྱིར་སློབ་གླིང་འདིར་གང་ཞིག་སྐོམ་པས་ཆུ་དོན་དུ་གཉེར་བ་ལྟར། ཡོན་ཏན་ལ་མོས་ཤིང༌། ཡོན་ཏན་ལ་དགའ་བའི་ཕྱོགས་སོ་སོའི་སློབ་མ་ཡོང་ཚད་བསྡུ་ལེན་བྱས་ན། ཞལ་གྲངས་ཆིག་སྟོང་ལས་བརྒལ་བའི་ཚད་དུ་བསླེབས་འདུག་མོད། སྐྱབས་རྗེ་རྣམ་གཉིས་ཀྱིས་དང་ཐོག ཟས་སྐྱ་གོས་ཧྲུལ་གྱི་འཚོ་བར་མི་འཇིགས་ཤིང༌། འབྲི་ཀློག་རིག་གནས་ཀྱི་རྨང་གཞི་བརྟན་པོར་ཆགས་པའི་སྣོད་ལྡན་གྱི་སློབ་བུ་བརྒྱ་ཙམ་ལས་མེད་ཀྱང་རུང་བའི་བཀའ་སློབ།ང་ཚོའི་སྤྱི་གཙུག་ཏུ་བབས་པ་ལྟར་ལག་ལེན་གྱི་འགྲོས་བཞིན་གཉེར་ནས་སོང་ན་ཡང༌།
མི་ཚེའི་རིན་ཐང་ཤེས་རིག་གིས་འཇལ་ཞིང༌། མི་རིགས་ཀྱི་ལ་རྒྱ་ཡོན་ཏན་གྱིས་འཛིན་པར་འདོད་པའི་དོན་གཉེར་ཅན་གྱི་སློབ་བུ་སྐོར་ཞིག མི་ལེན་ཐུ་མེད་ལྟ་བུར་གྱུར་པས། ཐོག་མར་རྐང་འཛིན་དགེ་རྒན་ཆེན་མོ་བཞི་དང༌། སློབ་མ་བརྒྱ་ཕྲག་གཅིག་ཙམ་ལས་མེད་ན་ཡང༌། རིམ་བཞིན་ང་ཚོའི་བྱ་བར་འཕོ་འགྱུར་ཆེན་པོ་བྱུང་སྟེ་ད་ལྟ་སློབ་གླིང་འདི་ལ་ཁྱོན་ཡོངས་ནས་སློབ་མ་ཉིས་བརྒྱ་ལྷག་དང༌། མཐོ་རིམ་སྔགས་རམས་པའི་ཡོན་ཚད་མངའ་བའི་དགེ་རྒན་ཆེན་མོ་བ་བརྒྱད་དང་ཟུར་ཁྲིད་དགེ་རྒན་བཞི་བཅས་ལས་བཟོ་བ་ཉེར་གཉིས། འཛིན་རིམ་བཅོ་ལྔ་ཡོད་ལ། དེ་དག་ཀྱང་བཤད་གྲྭ་བ་དང་སྒྲུབ་གྲྭ་བ་ཁག་གཉིས་སུ་འདུས། སློབ་མ་དེ་རྣམས་མང་ཙམ་ཞིག་ཕྱོགས་སོ་སོ་ནས་མ་བོས་ངང་གིས་འདུས་པའི་སློབ་གཉེར་བ་སྐོར་ཞིག་སྟེ་བོད་ལྗོངས་དང༌། མཚོ་སྔོན། ཀན་སུའུ། སི་ཁྲོན་སོགས་ཞིང་ཆེན་མང་པོ་ནས་ཕེབས་པའི་ལོ་ན་བཅོ་བརྒྱད་ཡན་གྱི་གྲྭ་བཙུན་རྐྱང་རྐྱང་ཡིན། ཁོ་ཚོས་བློ་ཐག་རྦད་ཀྱིས་བཅད་དེ་དགེ་རྒན་རྣམ་པའི་བྱམས་བརྩེའི་ཉི་ཟེར་སྙོམས་པོའི་འོག ཐོས་བསམ་འཆད་ཉན་གྱི་རེ་བའི་མེ་ཏོག་གི་འདབ་མ་འཛུམ་གྱིས་གྲོལ་བཞིན། ཡ་རབས་སྤྱོད་བཟང་གི་དྲི་བསུང་སྟུག་པོས་སློབ་གླིང་གི་ཁོར་ཡུག་ཡོངས་སུ་ཁྱབ་ནས་ཡོད། སློབ་གླིང་འདིའི་སྦྱང་བྱའི་ཡིག་ཆའི་སྐོར་ལ་ཡང༌། བོན་ལུགས་ཀྱི་ཐུན་མོང་མ་ཡིན་པའི་གབ་མཛོད་ས་གསུམ་དང༌། བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་བློ་གྲོས་རྒྱལ་མཚན། རྗེ་མཉམ་མེད་བླ་མ། ཀུན་མཁྱེན་ཉི་མ་བསྟན་འཛིན་སོགས་ཡིག་ཆའི་བདག་པོ་རྣམས་ཀྱིས་མཛད་པའི་གཞུང་ཆེན་ཁག་གཞིར་བྱས་པ་སྟེ། སྡུད་རྟགས་ཚད་གསུམ། ཐེག་འགྲེལ།མཚོན་བྱེད་ཞེ་ལྔ། ས་ལམ། ཕར་ཕྱིན། དབུ་མ། མཛོད། འདུལ་བ། གསང་སྔགས་ཕྱི་ནང་གི་རྒྱུད་སྡེ། རྫོགས་པ་ཆེན་པོའི་གཞུང་ཆེན་ཁག་རྣམས་དང༌། ཐུན་མོང་རིག་གནས་ཀྱི་སྐོར་ལ་ཡང༌། བརྡ་སྤྲོད་སྐོར་གསུམ། སྒྲ་སྙན་སྨན་རྩིས།ཡིག་བྲིས་བཟོ་རིག དཀྱིལ་འཁོར་དང་མཆོད་རྟེན་ཐིག་རྩ་ལ་སོགས་དང༌། དེ་བཞིན་དུ་རྫོགས་ཆེན་སྒོམ་གྲྭ་བས་ཀྱང༌། གཡས་རུའི་ཨ་ཁྲིད་ཆེན་མོ་དང༌། ཞང་ཞུང་སྙན་བརྒྱུད་བཀའ་རྒྱུད་སྐོར་བཞི། རྫོགས་ཆེན་ཡོངས་རྩེ་ཀློང་ཆེན། འཇའ་ལུས་ཉེར་བཞིའི་ཉམས་རྒྱུད་རྒྱས་བསྡུས་སོགས་གཞུང་ཁྲིད་གཙོ་བོར་བཟུང་ནས། གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་ཡིག་ཆ་འདི་དག་ལ་སྦྱང་བརྩོན་གཉེར་བཞིན་ཡོད་པ་ཡིན། གཞན་ཚོགས་ཁང་ཆེན་མོ་དང༌། ཇ་ཁང༌།རྫོགས་ཆེན་འཆད་ར། དཔེ་མཛོད་ཁང་དང༌། གཞུང་སྒྲུབ་ཁང༌། དཔེ་ཁྲིད་ཁང༌། སྤྱི་གཉེར་ཁང༌།ཉམས་ལེན་ཁང༌། རྩིས་འཁོར་ཁང༌། ཞང་བོད་ཤེས་རིག་ཞིབ་འཇུག་ཁང༌། ལོ་དེབ་ཞང་བོད་རིག་སྒོ་རྩོམ་སྒྲིག་ཁང༌། གཞུང་ཁྲིད་ཐེག་ཆེན་གཡུང་དྲུང་བོན་གྱི་དཔེ་ཚོགས་རྩོམ་སྒྲིག་ཁང༌། གཡུང་དྲུང་བོན་ཞང་བོད་གནའ་བོའི་རིག་གཞུང་ཞིབ་འཇུག་ཚོགས་པ་སོགས་ནང་གསེས་སུའང་ཚན་ཁག་མི་འདྲ་བའི་ཞབས་ཞུའི་སྡེ་ཚན་ཡང་བཅུ་ཕྲག་ལྷག་ཙམ་ཡོད་དོ། །
ལོ་འདི་དག་གི་རིང་ལ། སློབ་གླིང་འདིས་སྒོ་ཀུན་ནས་སློབ་སྦྱོང་ལ་ཧུར་བརྩོན་ཆེན་པོའི་ངང༌།བཙག་རླུང་བསེར་གསུམ་སོགས་ཀྱི་དཀའ་ཁག་ལ་གདོང་ལེན་ཞུས་ཏེ། དཀའ་སྤྱད་སྡུག་རུས་བྱེད་པ་ནི། ཡར་ཐོན་ཡོང་བའི་རྨང་གཞི་ཡིན་པར་བསམས་ནས། རང་དོན་དུ་ཐོས་བསམ་སྒོམ་གསུམ།གཞན་དོན་དུ་འཆད་རྩོད་རྩོམ་གསུམ།གཉིས་དོན་དུ་མཁས་བཙུན་བཟང་གསུམ་སོགས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་པའི་འབྲས་རྟགས་སུ། སློབ་དུས་སྙིང་རུས་སྡུག་བསྲན་ཅན། །ཅིས་ཀྱང་མཁས་པའི་གྲལ་དུ་བསླེབས། །གསུངས་པ་ལྟར་བསླབ་པ་མཐར་སོན་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་མཁན་ཡང་བཅུ་ཕྲག་གཉིས་ཙམ་ཕྱིན་ཏེ་སློབ་གླིང་འདི་དང༌། ཡང་ན་ཕྱོགས་སོ་སོར་དགེ་རྒན་གྱི་བྱ་བ་བསྒྲུབས་དང་སྒྲུབ་བཞིན་ཡོད། དམིགས་བསལ་དུ་སློབ་གླིང་འདི་ལ་གཞན་དང་མི་མཚུངས་པའི་ཁྱད་བོན་ཞིག་ཡོད་པ་ནི། ལོ་རེ་རེར་ཚད་མའི་འཆད་རྩོད་ཆེན་མོར་འཚོགས་བཞིན་དུས་ཡུན་ཟླ་ངོ་གཅིག་གི་རིང་ལ། འཛིན་རིམ་ཡོངས་ཀྱི་སྦྱང་བྱ་ཕལ་ཆེར་གཅིག་མཚུངས་སུ་བྱས་ཏེ་ཚད་མ་རིག་པའི་དཀའ་བའི་གནད་རྣམས་ལ། དགེ་རྒན་རྣམ་པས་མཛུབ་སྟོན་གང་ཟབ་གང་རྒྱས་ཀྱི་འོག
སློབ་མ་དག་གི་རྣམ་དཔྱོད་རིག་པའི་ལྡེ་མིག་གིས་འདྲ་མིན་རིགས་ལམ་སྣ་བརྒྱའི་སྒོ་མོ་ཚེགས་མེད་དུ་ཕྱེ་བ་ལ་བརྩོན་དང་བརྩོན་བཞིན་ཡོད་ལ། ཚད་མའི་འཆད་རྩོད་ཆེན་མོ་འདིར། གྲུབ་མཐའ་གཞན་པ་དག་ལ་ཡང་ལོ་སྔ་ཕྱི་འདི་དག་གི་རིང་ལ་ཉིན་རེ་བཞིན་འགྲོ་འོང་གི་མཐུན་ལམ་བཟོས་དང་བཟོ་བཞིན་ཡོད་པས། འདི་ལྟར་བྱེད་པ་ནི་མི་རིགས་མཐུན་སྒྲིལ་དང༌། གྲུབ་མཐའི་མཐུན་སྒྲིལ་སོགས་ལ་ཕན་པ་ཆེན་པོ་ཡོད་པར་མ་ཟད། ཕྱོགས་གཅིག་ཤེས་ནས་གཉིས་མ་མཐོང་བའི་གཏམ་རྒྱུད་དེ་རང་གཞན་གཉིས་ཀྱི་ངོ་ཚ་ཡིན་པར་ཁས་ལེན་དགོས་ཤིང༌། གྲུབ་མཐའི་གསང་དོན་མ་རྟོགས་པར།
སྐུར་འདེབས་བྱེད་པའི་ལུགས་སྲོལ་དེ་ཡང་རང་གཞན་གཉིས་ཀྱི་དོར་བྱ་ཡིན་པའི་བསླབ་སྟོན་ཞིག་ཀྱང་ངང་གིས་འབྱུང་གི་ཡོད། སློབ་གླིང་འདིའི་དབྱར་དགུན་ནང་གི་ངལ་གསོའི་དུས་ཚིགས་སྐབས་ལ་ཡང༌། བཤད་གྲྭ་བ་རྣམས་གཡུང་དྲུང་གླིང་དང༌། བསྟན་རྒྱས་གླིང༌། ཞེས་གླིང་ཚན་ཆེ་ཁག་གཉིས་སུ་བགོས་ནས་རྩོད་རྒྱུགས་ཆེན་མོ་གྲ་རྒྱས་པ་ཞིག་ལེན་བཞིན་ཡོད། དེ་ཡང་རྩོད་རྒྱུགས་འདི་ལ་མཚོན་ན་ལོ་གཅིག་གི་རིང་གི་ཆེས་དཀའ་ཁག་ཆེ་སའི་རྒྱུགས་ཆེན་ཞིག་ཀྱང་ཡིན་ཏེ།
དང་ཐོག་འཚོགས་ཆེན་དཔོན་སློབ་ཚང་དང་སློབ་གླིང་གི་དགེ་རྣམ་པས་གཞུང་རེ་རེའི་རྟགས་གསལ་གྱི་མིང་ཤོག་དྲིལ་དུ་བྲིས་ཏེ་དཔོན་སློབ་ཚང་གི་ཁྲི་མདུན་དུ་བཞག དེ་རྩོད་པ་གཏོང་མཁན་གྱིས་གུས་ཕྱག་དང་བཅས་ཏེ་བླངས་ནས། སློབ་གླིང་གི་ཚོགས་གཙོའི་ཕྱག་ཏུ་ཕུལ་དགོས་པ་དང༌། ཚོགས་གཙོས་རྟགས་གསལ་གཏོང་མཁན་ལ་རྟགས་གསལ་འཕེན་མཚམས་གང་ཡིན་ངོ་སྤྲད་དེ་སྒྲིག་སྲོལ་ལྟར་རྟགས་གསལ་གཏོང་བ་དང༌། ཁས་ལེན་འཛིན་པ་ལས་སྔ་རོལ་ཏུ་གྲ་སྒྲིག་བྱ་ཆོག་པའི་ལས་སླ་མོའི་སྒོ་ནས་རྒྱུགས་ལེན་པའི་སྲོལ་དང༌། གང་དྲན་དྲན་གྱིས་ཁ་རྩོད་ཚིག་རྩོད་ཙམ་བྱེད་ཆོག་པའི་ཉི་མ་འཁྱོལ་ཐབས་གཏོང་བ་ལྟ་བུའི་ལམ་ལུགས་ནི་འདིར་ནམ་ཡང་ཡོད་པ་མ་ཡིན་ནོ། ། དེ་དང་འདྲ་བར་སློབ་མ་རྣམས་ལ་མཚན་ཉིད་རྩ་གཞུང་རྒྱས་བསྡུས་དང༌། རིག་གནས་རྩ་ཚིག་རིང་ཐུང་གི་སྐོར་ཁྲིད་བྱའི་ལུགས་དང་བསྟུན་ཏེ་དུས་ལྟར་གཞུང་རྩ་ཆ་ཚང་བློ་རྒྱུགས་སུ་ལེན་བཞིན་ཡོད་ལ།ཚད་གཞི་འདི་དང་སློབ་གླིང་གི་སྒྲིག་ཁྲིམས་ལྟར་གྱི་ཡོན་ཏན་གྱིས་སུ་ཞིག་གིས་མ་འདང་ན་འཛིན་གྲྭ་ཡར་འཕར་མི་ཐུབ་པ་དང༌། ཚད་གཞི་ལས་བརྒལ་ཏེ་གཞུང་འགྲེལ་ཆེ་ཆུང་མང་པོ་བློ་རྒྱུགས་སུ་ཕུལ་ན་གཟེངས་བསྟོད་བྱ་དགའ་སྟེར་བཞིན་ཡོད། དེ་ཡང་དང་ཐོག་སུ་ཞིག་སློབ་གླིང་འདིར་ཞུགས་པ་ནས་བཟུང་མཐར་མ་ཕྱིན་གྱི་བར། མཚན་ཉིད་རྩོད་རྒྱུགས་དང༌། རིག་གནས་ཡིག་རྒྱུགས་སོགས་ཀྱི་སྐར་གྲངས་གསོག་འཇོག་བྱེད་སའི་ཡིག་ཚགས་གཞུང་ནས་བཟོས་ཏེ་སློབ་མཐར་ཕྱིན་རྗེས་སློབ་མ་དེའི་ཀུན་སྤྱོད་བཟང་ངན། སྒྲིག་ལམ་བརྩི་སྲུང༌། རིག་གནས་ཡོན་ཏན་གྱི་སྐར་གྲངས་མཐོ་དམན་སོགས་ཆད་ལྷག་མེད་པར་མཐར་ཕྱིན་ལག་འཁྱེར་སྟེང་དུ་བཀོད་དེ་སྤྲོད་བཞིན་ཡོད་པ་དང༌། ཞི་དུལ་བག་ཡོད་ཀྱིས་མཛེས་པའི་སློབ་མ་མང་པོས་རང་རེའི་ཤེས་རིག་གཅེས་སྐྱོང་དང༌། གོམས་སྲོལ་ག་དར་བྱེད་པའི་བྱ་བ་ཅུང་བཟང་ཤོས་སུ་སྒྲུབ་བཞིན་ཡོད་པས། ཕྱོགས་སོ་སོའི་ཤེས་ཡོན་པའི་སྡེ་དུ་མ་དང༌། ཁ་བའི་གཅེས་ནོར་ཤེས་རིག་གོམས་སྲོལ་ལ་གཅིག་ཏུ་དུང་བའི་མི་དམངས་མང་ཚོགས་རྣམས་ཀྱིས་ཀྱང༌། བསྔགས་བརྗོད་ཀྱི་རོལ་མོ་ཅི་ཡང་འཁྲོལ་ཏེ་རྗེས་སུ་ཡི་རང་གི་ལེགས་སོའི་ཐལ་མོ་ཡང་ཡང་རྡེབ་ཀྱིན་ཡོད་པ་ཐོས་སོ། །
དེས་ན་མི་རིགས་དང་ཤེས་རིག་གི་ཚེ་སྲོག་ལ་དབུགས་རྒྱུན་སྣོན་ཞིང༌། ནང་བསྟན་དང་ནང་རིག་གི་ངོ་བོ་ལ་གསལ་འདེབས་ཅུང་ཟད་རེ་ཐུབ་པའི། གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང༌།འདི་ཉིད་མི་ཉམས་ཡུན་གནས་བསྐལ་པ་རྒྱ་མཚོའི་བར་དུ་དར་ཞིང་རྒྱས་ཏེ། ཐོས་བསམ་སྒོམ་གསུམ་གྱི་བྱ་བར་རྟག་ཏུ་འགྲུས་པའི་རླབས་ཆེན་གྱི་རྣམ་པ་དཀར་བ་གང་ཞིག་མཆིས་ཚད། འགྲོ་བའི་བདེ་སྐྱིད་ཀྱི་ཉི་མ་གཟི་བྱིན་འབུམ་གྱིས་ཤར་ཅིང༌།སཱ་ལའི་སྨན་ལྗོངས་ཕྱུག་མོའི་ཚེ་བསོད་ལས་རླུང་གི་བ་དན་དགུང་དུ་རེག་སྟེ། བསམ་དོན་ལྷུན་གྲུབ་ཁ་དགེ་བཀྲ་ཤིས་འབྱུང་བའི་རྒྱུ་རུ་འགྲོ་བར་སྨོན་འདུན་ལན་བརྒྱར་ཞུ་བ་ཡིན་ནོ། ། ། །