ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> མཐུན་ཚོགས་སློབ་གླིང་། >> གངས་ཅན་མེ་རིའི་སློབ་གྲྭ།
གངས་ཅན་མེ་རིའི་སློབ་གྲྭ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་བཤེས་བསྟན་འཛིན་ཉི་མ་འོད་ཟེར།] [ཟླ་ཚེས། 10-09-15] [ཀློག་གྲངས། ]

           བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཞེས་མཆོད་བརྗོད་ཀྱིས་མདུན་བསུས་ནས། སྐབས་འདིར་གླེང་བར་བྱ་བ་ནི། འདི་ལྟར་གཡུང་དྲུང་འགྲོ་འདུལ་གླིང་གི་ཡན་ལག་གངས་ཅན་མེ་རི་བོན་རིག་གཞུང་ཚོགས་པའི་སློབ་གྲྭའི་སྐོར་མདོར་བསྡུས་ཤིག་ཞུས་ན། དོལ་མོན་འདྲེས་པའི་ས་མཚམས་གནས་ཆེན་ལྗག་འདུལ་འཇའ་ཚོན་གླིང་གི་མདུན་ཞོལ། གནས་ཆེན་མོན་རི་ཟུར་གསུམ་གྱི་གཡས་ཕྱོགས། དཀར་རྒྱལ་ཡུལ་རིས་བསྐོར་ཞེས་པའི་ས་གནས་ཀྱི་མི་སེར་རྣམས་ནི། སྔོན་ནས་གཡུང་དྲུང་བོན་གྱི་ལྷ་སྡེ་ཡིན་པ་དང་། ལྷག་པར་དུ་ཡ་ངལ་གོང་མ་ཚང་གི་མཆོད་ཡོན་ཡང་ཡིན། ས་ཕྱོགས་ཀྱི་གནས་སྟངས་དོལ་མོན་འདྲེས་མཚམས་དང་། མི་རིགས་ཀྱི་གོམས་གཤིས་རྒན་རབས་རྣམས་ཆོས་དད་ཆེ་བར་བརྟེན། ༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ། ཡང་སྟོན་བླ་མ་རྣམ་རྒྱལ་དབང་འདུས་བཅས་ཁོང་རྣམ་པ་གསུམ་གྱི་བཀའ་དགོངས་བཞིན། ངོས་ནས་གཡུང་དྲུང་འགྲོ་འདུལ་གླིང་ཞེས་ཕྱག་སྐོར་གྱི་རྟེན་ཞིག་བསྐྲུན་ཟིན་ཡོད། དེར་མ་ཟད་སྤྱིར་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་བོད་ཡིག་དང་བོད་སྐད་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་སྨྲོས་མེད་ཡིན་ན་ཡང་ས་གནས་འདི་གར་བོད་ཡིག་དང་བོད་སྐད་ཤེས་མཁན་ཆེས་ཉུང་ཉུང་ཡིན་པར་བརྟེན།

        ངས་གངས་ཅན་མེ་རི་དགོན་པའི་སློབ་གྲྭ་འདི་འཛུགས་སྐྲུན་བྱེད་རྒྱུའི་དམིགས་ཡུལ་ནི། འདི་གའི་ལྷ་སྡེ་གཙོས་མཐའ་སྐོར་ཡུལ་གྲུ་ཨོག་ཏྲ་སེར་མི་སོགས་ཡུལ་སྡེ་༣༣ལ་བོད་སྐད་དང་བོད་ཡིག་གི་ཐོག ཕ་མྱེས་དང་ཡང་མེས་ནས་དར་བའི་གཡུང་དྲུང་གི་བོན་རིན་པོ་ཆེ་མི་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོའི་ཆེད་དང་། ལུང་བ་འདི་ཚོར་དཔལ་འབྱོར་ཞན་སྟབས་བུ་ཕྲུག་རྣམས་ལ་ཤེས་ཡོན་སྤྲད་རྒྱུར་ཁག་པོ་ཡིན་པ་བཅས་ལ་བརྟེན། སློབ་གྲྭ་འདིར་དབྱིན་ཡིགི་དང་བོད་ཡིག་ནེ་དཔལ་ཡི་གེ་གསུམ་ཀ་སློབ་རྒྱུའི་དམིགས་ཡུལ་གཞིར་བཟུང་ཐོག་༢༠༠༥ལོའི་ཟླ་བ༧པའི་ནང་ཉེ་འཁོར་གྱི་ཡུལ་སྡེ་ཁག་ནས་ཕྲུ་གུ་གྲངས་༡༨ཙམ་དགོན་པར་བསྡུས་ཏེ་དགེ་རྒན་གཅིག་དང་མ་ཚབ་གཅིག་བཞག་ནས་ཐོག་མར་བོད་ཡིག་གཅིག་པོ་བསླབས། དེ་མཚམས་མའོ་ཚོགས་པའི་འགལ་རྐྱེན་ལ་བརྟེན་གནས་སྐབས་མཚམས་འཇོག་བྱེད་དགོས་བྱུང་། དེའི་རྗེས་ནེ་དཔལ་གཞུང་ནས་ཆོག་མཆན་ཐོབ་པ་སླར་ཡང་ནེ་དཔལ་དང་བོད་ཡིག་དབྱིན་གསུམ་བསླབ་འགོ་བཙུགས་ནས་ད་ལྟ་བར་ལོ་ངོ་གསུམ་ནས་བཞི་ལ་ཕྱིན་པ་ཡིན། ད་ལྟ་སློབ་ཕྲུག་༤༠ལྷག་ཙམ་ལ་རྒྱགས་ཆས་སོགས་ཚང་མ་ཕ་མ་རང་གི་ངོས་ནས་གཏོང་གི་ཡོད་ཀྱང་བྲིས་དེབ་དང་ཁྲུས་རྫས་སོགས་དགོན་པ་གཞུང་གིས་མཐུན་སྦྱོར་བྱེད་བཞིན་ཡོད།

        དེ་མ་ཟད་ཕ་མ་སོགས་བདག་པོ་མེད་པའི་རིགས་དང་། མ་ཆེན་གཉིས། མ་ཚབ་གཉིས། སློབ་དགེ་བཞི་བཅས་ལ་རྒྱགས་ཆས་སོགས་དགོན་པའི་ངོས་ནས་གནང་གི་ཡོད། སྤྱིར་སློབ་གྲྭའི་སྐོར་གནས་ཚུལ་རགས་བསྡུས་ཞིག་བྲིས་པ་འདི་ཙམ་ཡིན། འདིར་དོལ་ཕྱོགས་སུ་དར་སྲོལ་བཟང་བོ་རྒྱུད་འཛིན་ཆེད་ཕྲུ་གུ་ལ་རྒྱགས་ཆས་དང་གོན་ཆས་དགོན་པ་རང་ནས་སྦྱར་ཏེ་ལོ་གསུམ་ཟླ་གསུམ་གྱི་སྒོ་ནས་རྒྱལ་བ་མཉམ་མེད་ཀྱི་བསྟན་པལ་བསྙེན་སྒྲུབ་སོགས་བྱེད་བཞིན་ཡོད། ལོ་གསུམ་ཞེས་པ་ཡང་ལོ་རིམ་དང་བོ་ལ་བྲིས་ཀློག་འདོན་གསུམ། ལོ་རིམ་གཉིས་པ་ལ་དབང་ལུང་ཁྲིད་གསུམ། ལོ་རིམ་གསུམ་པ་ལ་བསྙེན་སྒྲུབ་ཉམས་ལེན་དང་། ལོ་གསུམ་ཚར་རྗེས་སྒྲུབ་ཐོན་གྱི་དགའ་སྟོན་ཞག་གསུམ་རིང་ལ་འགུག་སྒྲོལ་སྟབས་གསུམ་དང་སྦྱིན་སྲེག་དང་སྲི་མནན་བཅས་བྱེད་རྒྱུའི་ལུགས་སྲོལ་ཡོད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག