ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> མཐུན་ཚོགས་སློབ་གླིང་། >> སྨན་རིའི་བཤད་སྒྲུབ་སློབ་གླིང་།
སྨན་རིའི་བཤད་སྒྲུབ་སློབ་གླིང་།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བོན་སྒོ་རྩོམ་སྒྲིག་ཁང་།] [ཟླ་ཚེས། 10-07-06] [ཀློག་གྲངས། ]

       དཔལ་གཤེན་བསྟན་སྨན་རིའི་བཤད་སྒྲུབ་སློབ་གཉེར་བའི་སྦྱང་བྱའི་ཐུན་མིན་གབ་མཛོད་ས་གསུམ་གཙོས་པའི་ཡིག་ཆའི་སྐོར་ནི། བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་དང༌། རྒྱལ་བ་མཉམ་མེད་ཆེན་པོ། ཀུན་མཁྱེན་ཉི་མ་བསྟན་འཛིན་སོགས་ཀྱིས་མཛད་པའི་ཕྱི་ནང་གསང་བའི་གཞུང་ཆེན་ཁག་སོགས་ཡིན།
      དང་པོ་བསྡུས་གྲྭ། ཐུན་མོང་བསྡུས་གྲྭའི་རྣམ་བཞག་རིག་པའི་བློ་སྒོ་འབྱེད་པའི་ལྡེ་མིག་ཕས་རྒོལ་ལོག་ལྟ་འཇོམས་པའི་ཐོག་མདའ་གཤེན་བསྟན་པད་ཚལ་རྒྱས་པའི་ཉི་མ། ༼ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད།༽
      གཉིས་པ་ཚད་མ་དང་ཐེག་རིམ། རྗེའི་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་རྩ་འགྲེལ་གཉིས། ཚད་མའི་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད། ༼འགྲོ་མགོན་བློ་གྲོས་རྒྱལ་མཚན།༽ རྗེ་ཡི་ཐེག་འགྲེལ།
      གསུམ་པ་ས་ལམ་དང་ཤེར་ཕྱིན། རྗེའི་ས་ལམ་འཕྲུལ་གྱི་སྒྲོན་མེའི་རྩ་འགྲེལ་གཉིས་དང་ཐར་ལམ་གསལ་བྱེད། ཐེག་པ་ཆེན་པོ་ས་དང་ལམ་གྱི་རིམ་པ་རིན་པོ་ཆེ་འཕྲུལ་གྱི་ལྡེ་མིག ༼འགྲོ་མགོན་བློ་གྲོས་རྒྱལ་མཚན།༽ ཀུན་མཁྱེན་ཉི་མའི་ཤེར་ཕྱིན་གྱི་རྣམ་བཤད་སྐབས་བརྒྱད། རྗེ་ཡི་སྡུད་འགྲེལ།
      བཞི་པ་དབུ་མ། རྗེའི་ཐེག་པ་ཆེན་པོ་དབུ་མ་བདེན་གཉིས་ཀྱི་འགྲེལ་བ།
      ལྔ་པ་མཛོད། རྗེའི་མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ། སྲིད་པའི་མཛོད་ཕུགས་ཀྱི་དེ་ཁོ་ན་ཉིད་གཏན་ལ་དབབ་པའི་འགྲེལ་བ། ༼འགྲོ་མགོན་བློ་གྲོས་རྒྱལ་མཚན།༽
      དྲུག་པ་འདུལ་བ། རྗེའི་འདུལ་བ་མདོར་བསྡུས་ཀྱི་འགྲེལ་བ་དང་བསྟན་པའི་སྲོག་ཤིང་འདུལ་བའི་བསླབ་བྱ་གསལ་བར་བྱེད་པའི་འགྲེལ་བ་འཕྲུལ་གྱི་སྒྲོན་མེ།
      བདུན་པ་སྔགས། རྗེ་ཡི་ཐེག་འགྲེལ་གྱི་སྔགས་ཕྱི་ནང་གཉིས་དང་གསང་དོན་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག རྗེའི་གསང་སྔགས་དམ་ཚིག་རྣམ་བཤད། འགྲོ་མགོན་གྱི་རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་དང་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས་ཀྱི་འགྲེལ་བ་གསལ་བྱེད་འཕྲུལ་གྱི་ལྡེ་མིག
      བརྒྱད་པ་རྫོགས་ཆེན། རྗེའི་གབ་པའི་འགྲེལ་བ། རྗེའི་ཐེག་འགྲེལ་གྱི་རྫོགས་ཆེན། འགྲོ་མགོན་གྱི་གལ་མདོ་དྲི་མེད་གསལ་སྒྲོན། མཁས་བཞིའི་གབ་འགྲེལ། ཤ་རིའི་གལ་མདོ། ཨ་སྙན་རྫོགས་གསུམ། དྲན་པའི་ནམ་མཁའ་འཕྲུལ་མཛོད་ཀྱི་རྩ་འགྲེལ་གཉིས།

སྦྱང་བྱ་ཐུན་མོང་རིག་གནས་སྐོར།

      དག་ཡིག བརྡ་སྤྲོད་ཉི་ཤུ་བདུན་པ། བརྡ་དག་རིན་ཆེན་གཏེར་ཁྱིམ། བརྡ་སྤྲོད་སྲིད་པའི་སྒྲོན་མེ།
      སྙན་ངག སྙན་ངག་དཔྱོད་ལྡན་ཡིད་འཕྲོག སྙན་ངག་རིན་ཆེན་ལྡེ་མིག
      འབྱུང་རྩིས། ནག་རྩིས་སྣང་སྲིད་མེ་ལོང༌། གཤེན་གྱི་རྩིས་གསར་རྣམ་དག
      སྐར་རྩིས། རྩིས་གཞུང་རྟ་བདུན་དབང་པོ། རྩིས་ཀྱི་ལེགས་པར་བཤད་པ་སྣང་སྲིད་གསལ་བའི་སྒྲོན་མེ་ངོ་མཚར་འོད་ཟེར་འབུམ་ལྡན། དཔྱད་གསུམ་དག་རྩིས།
      སྒྲ་སྡེབ། སྡེབ་སྦྱོར་ཀླུ་དབང་གདེང་ཀ དབྱངས་ཅན་སྒྲ་མདོའི་འགྲེལ་བ་རྒྱལ་ཡུམ་བཟང་བཟའ་རིང་བཙུན་གྱི་དགོངས་བཅུད་དཔྱོད་ལྡན་བྱེ་བའི་མགུལ་རྒྱན་སྲིད་གསུམ་དགའ་བའི་སྙིང་ནོར།
      བཟོ་རིག བདེ་བར་གཤེགས་པའི་སྐུ་གདུང་སྐུ་གཟུགས་གཉིས་ཀྱི་ཐིག་རྩ་བཀོད་གནས་རང་གྲུབ། བཟོ་རིག་གསལ་བའི་རྒྱན། ཟབ་ལམ་དཀྱིལ་འཁོར་རྒྱ་མཚོའི་ཐིག་གི་རྣམ་བཤད། རྒྱལ་བའི་སྐུ་བརྙན་དང་མཆོད་རྟེན་གྱི་གཟུངས་རྫོང་དགོས་འབྱུང་གཏེར་གྱི་མཛོད་ཆེན།
     སྨན་སྐོར། ཐུགས་འབུམ་མཁའ་སྔོན་དང༌། ཉེར་མཁོ་དཔག་བསམ་ལྗོན་ཤིང༌།

 

གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་གསར་དུ་བཙུགས་ནས་སློབ་གཉེར་གནང་ཚུལ་དང་མཐའ་དོན་དགེ་བཤེས་ཀྱི་མཚན་རྟགས་བཞེས་ཚུལ།

      ༡༩༧༦ ལོ་ནས་བཟུང་ྋསྐྱབས་རྗེ་སྨན་རིའི་ཡོངས་འཛིན་སངས་རྒྱས་བསྟན་འཛིན་རིན་པོ་ཆེས་སློབ་ཚོགས་རྣམས་ལ་བླ་མེད་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི། ཆ་ལག རྣམ་ཐར། ཉམས་རྒྱུད་རྒྱས་འབྲིང་བསྡུས་གསུམ། སྙན་རྒྱུད་རིན་པོ་ཆེ་ནམ་མཁའ་འཕྲུལ་གྱི་མཛོད་ཆེན་སོགས་གསང་བ་ཡང་གསང་བླ་ན་མེད་པའི་སྨིན་གྲོལ་རྒྱབ་རྟེན། ཚད་མའི་རྣམ་བཤད་བཅས་ཀྱི་ཁྲིད་ལུང་མན་ངག་རྣམས་བཀའ་དྲིན་བསྩལ་མུས་དང༌། ཁྱད་པར་དུ་ཕྱི་ལོ་ ༡༩༧༨ ལོའི་ཟླ་བ་ ༤ པའི་ཚེས་ ༡ ཉིན་ྋསྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གིས་ྋསྐྱབས་རྗེ་སྨན་རིའི་ཡོངས་འཛིན་དཔོན་སློབ་སངས་རྒྱས་བསྟན་འཛིན་མཆོག་ལ་བཤད་སྒྲུབ་ཀྱི་བསྟན་པ་མི་ཉམས་གོང་འཕེལ་དང༌། ཉམས་པ་སླར་གསོའི་ཆེད་དུ་༼གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་༽གསར་འཛུག་གནང་རྒྱུའི་དགོངས་གཞི་ཡོད་སྐོར་སྙན་གསན་ཞུས་པས། ྋཡོངས་འཛིན་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོའི་ངང་ལྷ་དར་དང་བཅས། བྱབྱདེ་འདྲ་ཐུགས་ལ་འཁྲུངས་པ་བཀའ་དྲིན་ཆེ། སྐལ་པ་བཟང༌།བྱབྱ ཞེས་གསུངས་པའི་བཀའ་ཆབ་ཤིས་བརྗོད་ཟབ་མོས་སྣེ་དྲངས་ཤིང༌། ཉིན་དེར་ྋདཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དབུ་འཛུགས་རྟེན་འབྲེལ་གནང་བ་ནས། རིམ་པར་འཆད་ཉན་གྱི་སྲོལ་དང༌། དུས་བསྟུན་སློབ་གཉེར་བའི་སྒྲིག་གཞི་སོགས་གཏན་འབེབས་མཛད། སློབ་གཉེར་བ་རྣམས་ཀྱིས་ྋསྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དང༌། ྋསྐྱབས་རྗེ་སྨན་རིའི་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ། དགེ་བཤེས་གཡུང་དྲུང་རྣམ་རྒྱལ་༼ལྷ་རམས་པ་བརྩོན་འགྲུས་དགོངས་འཕེལ་༽སོགས་བཤེས་གཉེན་མཁས་དབང་རྣམ་པའི་ཞལ་སྔ་ནས་བོན་སྒོ་ཕྱི་ནང་གསང་གསུམ་གྱི་ཁྲིད་གདམས་དབང་ལུང་མན་ངག་ཟབ་མོ་རྣམས་དང༌། ཐུན་མོང་རིག་གནས་སོགས་ལ་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་སྒྲུབ་ཀྱི་ཉམས་ལེན་གནང་ཚུལ་ཉིན་རེའི་དུས་ཚོད་རེའུ་མིག་ཟུར་གསལ་ལྟར་ལ། གཞན་ཡང་བཤད་སྒྲུབ་སློབ་གཉེར་བ་ཡོངས་རྫོགས་རིམ་བཞིན་བདུན་ཕྲག་རེའི་ནང་ཉིན་གཉིས་རིང་སྔོན་འགྲོ་དང་དངོས་གཞིའི་རྩོད་རྒྱུགས་དམ་བཅའ་ཆེན་མོར་བཞུགས་དགོས་པ་དང༌། དགུན་ཁའི་དུས་ཚོད་ཀྱི་བདུན་ཕྲག་སོ་སོར་ྋསྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་དང༌། མཚན་ཉིད་རྒན་ལགས། བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་སོགས་དཔང་པོར་བཞུགས་ཏེ་བཤད་སྒྲུབ་འདུས་པ་རྒྱ་མཚོའི་དབུས་སུ་འཛིན་གྲྭ་གཉིས་རེའི་བར་རིག་ལམ་རྩོད་པ་གོང་འཕེལ་ཆེད་ཐུག་ཆེན་མོ་རེ་དང་ཉིན་གཉིས་རེའི་ནང་འཛིན་གྲྭ་གོང་འོག་གི་ཐུག་ཆུང་ངུ་རེ། བདུན་ཕྲག་གཉིས་ཀྱི་ནང་འཛིན་གྲྭ་གཉིས་རེས་ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་དང༌། ཐུན་མིན་ཤེས་རིག་བཅས་ཀྱི་སྐོར་ལ་དཔྱད་རྩོམ། སྙན་རྩོམ་སོགས་སོ་སོའི་རང་མོས་ཀྱི་ལམ་ནས་རྩོམ་རྒྱུགས་བྲིས་ཏེ་རིག་གནས་འགན་འཛིན་གྱིས་ཚོགས་དབུས་སུ་སྒྲོག་སྦྱངས་དང༌། སུམ་རྟགས་དག་གསུམ་རྣམས་ལ་བདུན་རེའི་དཔོད་བྲིས་དང་སྐབས་བབས་ཀྱི་ཡིག་རྒྱུགས། མཐའ་དོན་སྦྱངས་རྒྱུགས་ཆེན་མོ། སྙན་ངག་གི་རྒྱན་ཕྲན་རེ་ལ་དཔེར་བརྗོད་གསུམ་རེ། ཐོག་མཐའ་བར་གསུམ་གྱི་ཡིག་རྒྱུགས། མཐའ་དོན་སྦྱངས་འབྲས་སྙན་ངག་གི་སྒྲ་འཁོར་བཅས་འབུལ་དགོས། དེ་བཞིན་འབྱུང་རྩིས་དང༌། སྐར་རྩིས། སྒྲ་སྡེབ་སྦྱོར། བཟོ་རིག་སྐོར་ལའང་སྐུ་གདུང་དང་དཀྱིལ་འཁོར་ཐིག་རིས། སྐུ་གསུང་ཐུགས་གསུམ་གྱི་གཟུངས་གཞུག་འབུལ་ཚུལ། གསོ་རིག་སྨན་གྱི་ལག་ལེན་བཅས་ལ་སྦྱངས་པ་ཕུལ་ཕྱིན་གནང་མཐར་སྦྱངས་འབྲས་ཤོག་བྱང་ཆེན་མོ་སོགས་སུ་རྒྱས་ཕབ་མཛད་དེ་སྐབས་བབས་ཀྱི་རིག་གནས་དགེ་རྒན་དང༌། རིག་གནས་འགན་འཛིན་སོགས་ལ་སྤྱན་འབུལ་ཞུ་དགོས།
        ཟླ་རེའི་གནམ་སྟོང་ཀུན་ལ་བླ་མ་མཆོད་པའམ་མཉམ་མེད་བླ་སྒྲུབ་ཀྱི་ཚོགས་མཆོད་རྒྱས་འབུལ་དང༌། དགོང་མོ་ྋསྐྱབས་རྗེ་མཁན་སློབ་རྣམ་གཉིས་གཙོས་བླ་སྤྲུལ་དགེ་བཤེས་རྣམས་པ་དབུ་བཞུགས་ཐོག་བཤད་སྒྲུབ་འདུས་སྡེའི་ཚོགས་འཆད་ཀྱི་སྒྲིག་གཞི་སྤྱི་ལ་སྨན་པའི་བྱབྱདགེ་འདོན་སྐྱོན་སེལ་བྱབྱགྱི་འདུ་ཚོགས། དེ་མཚུངས་སུ་ཕྱོགས་མཐའ་ནས་ཕེབས་པའི་མཁས་དབང་རྣམས་དང༌། གལ་ཆེའི་མི་སྣ་ཁག་ལས་གནའ་དེང་ཤེས་ཡོན་དང་འབྲེལ་བའི་བཀའ་སློབ། དྲིས་ལན། བགྲོ་གླེང་སོགས་གང་ལེགས་གནང་དང་གནང་མུས་ཡིན།
      ༡༩༨༠ ནས་བཟུང་ལོ་ལྟར་བོད་ཟླ་དང་པོའི་ཚེས་ཉེར་གསུམ་ནས་སུམ་ཅུའི་བར་ྋསྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དབུ་བཞུགས་ཐོག་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་དང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་ཡོངས་ཀྱིས་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་བསྙེན་བསྒྲུབ་གྲངས་ཚང་རྗེས་ྋསྐྱབས་རྗེ་ྋསྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་བཀའ་དབང་ཟབ་བསྩལ་དང༌། ༡༩༩༡ ལོ་ནས་བཟུང་ཕྱི་ཟླ་ ༤ པའི་ཚེས་ ༢ ལ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་པའི་དུས་དྲན་སྲུང་བརྩིའི་རྟེན་འབྲེལ་མཛད་སྒོའི་ཉིན་འཆར་ཅན་གཞུང་རྒྱུགས་ཕུད་པའི་དམིགས་བསལ་ངག་རྒྱུགས་འབུལ་མཁན་གྱི་བཤད་སྒྲུབ་སློབ་གཉེར་བ་རྣམས་ལ་ྋསྐྱབས་རྗེ་ྋསྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་གསོལ་རས་གཟེངས་བསྟོད་བསྩལ་གནང་སོགས་ཀྱི་སྲོལ་བཟང་རྒྱུན་མཐུད་དང༌། ༡༩༩༧ ནས་བཟུང་བོད་ཟླ་བཅུ་པའི་ཚེས་གཅིག་ནས་སུམ་ཅུའི་བར་ཟླ་བ་གཅིག་རིང་བྱབྱགཡས་རུའི་འཆད་རྩོད་བྱབྱཅེས་སྔ་རབས་བོན་གྱི་གདན་ས་ཆེན་མོ་གཡས་རུ་དབེན་ས་ཁའི་སྟོན་པ་བཅོ་བརྒྱད་ཀྱི་ནང་ཚན་བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་འ་ཞ་བློ་གྲོས་རྒྱལ་མཚན་༡༡༩༨།༡༢༦༣མཆོག་གིས་མཛད་པའི་བྱབྱཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་བྱབྱཀྱི་གཞུང་དོན་ལ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་རྣམས་ཀྱི་གཙོས་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་ཡོངས་རྫོགས་བྱབྱགླིང་སྟོད་བྱབྱདང༌། བྱབྱགླིང་སྨད་བྱབྱགཉིས་སུ་ཕྱེས་ཏེ་དཔྱད་གསུམ་རྣམ་པར་དག་པའི་འཆད་རྩོད་དམིགས་བསལ་གནང་ནས་བདུན་ཕྲག་སོ་སོར་གླིང་སྟོད་སྨད་བར་ལ་ཐུག་ཆེན་མོ་རེ་དང༌། མཐར་ྋསྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང༌། མཚན་ཉིད་རྒན་ལགས་རྣམ་གཉིས་ཀྱིས་གཞུང་དོན་དཀའ་གནད་ཆེ་ཁག་ཤོག་སྒྲིལ་བཟོས་གནང་བ་ལས་སློབ་གཉེར་བ་སོ་སོར་གང་བབས་ཀྱི་གཞུང་དང་བསྟུན་པའི་རིག་འཕྲུལ་གྱིས་བརྡར་ཤ་ལེགས་པར་བཅད་དེ་བདུན་ཕྲག་གཅིག་རིང་རྩོད་རྒྱུགས་དམ་བཅའ་ཆེན་མོའི་མཇུག་བསྡུའི་སྐབས་བཤད་སྒྲུབ་འདུས་སྡེའི་དགེ་སྐོས་མཆོག་གིས་ཤིས་བརྗོད་རྣམ་པར་དག་པའི་སྨོན་ཚིག་གིས་མཐར་བརྒྱན་པའོ། །
        གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གཉེར་བ་རྣམས་ཀྱིས་རང་ལུགས་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་རྣམས་ལ་དཔྱད་གསུམ་རྣམ་པར་དག་པའི་རིག་པའི་རྩལ་སྦྱོང་གནང་བ་མ་ཟད། ཆོས་ལུགས་ཕན་ཚུན་ཉམས་མྱོང་སྤེལ་རེས་དང་གཞུང་དོན་གོ་བསྡུར་ཆེད་གཞན་སྡེའི་གདན་ས་གྲགས་ཆེན་སེ་འབྲས་དགའ་གསུམ་གྱི་འཇང་དགུན་ཆོས་དང༌། རྡོར་གདན་དགེ་ལུགས་སྨོན་ལམ་འཕར་མ་སོགས་སུ་རྩོད་འཕྲུལ་རིགས་པའི་བགྲོ་གླེང་གི་གྲྭ་སྐོར་མཛད་པས། རང་གཞན་གྲུབ་མཐའ་ཕན་ཚུན་མཐུན་འབྲེལ་གྱི་སྒོ་མོ་ཕྱེས་ནས་རྒྱལ་བསྟན་ཡོངས་རྫོགས་ལ་སྨན་པའི་སྲི་ཞུ་བླ་ན་མེད་པའི་མཛད་འཕྲིན་བསྐྱངས་ཡོད།
      ༡༩༨༥ ལོར་རང་གཞུང་ཆོས་རིག་དྲུང་ཆེ་མཆོག་དཔལ་གཤེན་བསྟན་སྨན་རི་གླིང་དུ་ཆེད་ཕེབས་ཀྱིས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་གནང་ཕྱོགས་ཀྱི་རིམ་པ་ཁག་དང་འཛིན་སྐྱོང་བྱེད་ཚུལ་སོགས་ལ་དཔྱད་ཞིབ་མཐིལ་ཕྱིན་གནང་མཐར་དགྱེས་ཚོར་ཆེན་པོས་ཡིད་རངས་གནང་བས་མ་ཚད། ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ལ་དེ་དོན་སྙན་གསན་ཞུས་པས་ྋགོང་ས་མཆོག་ནས་ཀྱང་བསྔགས་བརྗོད་དང་འབྲེལ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་བསླབ་པ་མཐར་སོན་དགེ་བའི་བཤེས་གཉེན་རིམ་ཐོན་གྱི་ཕྱག་འཁྱེར་ཁག་ལ་ངོས་བཞེས་ཕྱག་རྟགས་བསྩལ་རྒྱུའི་ཞལ་བཞེས་གནང༌།
       ༡༩༨༦ ལོར་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་ཐུན་མིན་གཞུང་ཆེན་སྤྱི་དང་བྱེ་བྲག་བོད་ཀྱི་ཐུན་མོང་རིག་པའི་གནས་ཆེན་ཁག་ལ་སྦྱངས་འབྲས་དཔྱིས་མཐར་ཕྱིན་པའི་བཤད་སྒྲུབ་སློབ་གཉེར་བ་དྲུག་གིས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་རྟགས་བཞེས་པ་ནས་ ༢༠༠༢ ལོའི་བར་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་བཅུ་ཕྲག་དྲུག་ལ་ཉེ་བར་ཐོན་ཟིན་པ་རྣམས་ཀྱིས་ཀྱང་རང་ཡུལ་གངས་ལྗོངས་སྟོད་སྨད་བར་གསུམ་སོགས་ཕྱི་ནང་རྒྱལ་ཁབ་ཆེ་ཕྲ་དུ་མར་གནས་པའི་གཡུང་དྲུང་བོན་གྱི་དགོན་སྡེ་དང༌། ཆོས་ཚོགས། མཐོ་སློབ་བཅས་སུ་མཁན་པོ་དང༌། དཔོན་སློབ། དགེ་རྒན། ཉམས་ཞིབ་པ་བཅས་གནང་ནས་ཡབ་མེས་བོད་ཀྱི་གཅེས་ནོར་འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་བཟང་གྲགས་པའི་སྙན་པ་ཕྱི་ནང་རྒྱལ་ཁམས་ཀུན་ཏུ་ཁྱབ་བཞིན་པའོ། །
    སྤྱིར་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དགེ་བཤེས་བཏང་ཕྱོགས་ཀྱི་རིམ་པ་ནི། སྔར་སྲོལ་ལྟར་ཐོག་མར་ྋདཔལ་ལྡན་སྨན་རིའི་བླ་བྲང་དུ་རྟེན་འབྲེལ་ལྷ་དར་གྱིས་སྣེ་དྲངས་ནས་ྋསྐྱབས་རྗེ་མཁན་སློབ་རྣམ་པར་དགེ་བཤེས་གཏང་ཆོག་གི་བཀའ་འཁྲོལ་ཞུ་བ་དང༌། བོད་ཟླ་དང་པོའི་ཚེས་ལྔ་ྋརྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་ཉིན་དགེ་བཤེས་མཛད་སྒོ་དངོས་སུ་ཚུགས་ཏེ། དཔལ་གཤེན་བསྟན་སྨན་རི་གླིང་གི་གཙུག་ལག་ཁང་ཆེན་མོར་ྋསྐྱབས་རྗེ་མཁན་སློབ་རྣམ་གཉིས་ཞབས་སོར་འཁོད་རྗེས་ྋསྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་གིས་སྔོན་འགྲོའི་ཚིག་བཤད་དབུ་འཛུགས་གནང་བ་དང་འབྲེལ་བསླབ་གསུམ་འདུས་སྡེ་རྒྱ་མཚོའི་དབུས་སུ་བཀའ་རམས་པ་རྣམས་པས་རིམ་བཞིན་སྔོན་འགྲོ་གཞུང་བཤད་གྱེར་རྒྱུགས། དངོས་གཞི་དམ་བཅའི་ངག་རྒྱུགས་དང་རྩོད་རྒྱུགས་ཆེན་མོ་སོགས་ཉིན་བཅུའི་རིང་གནང་མཐར་བོད་ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་བཀྲ་ཤིས་དམ་བཅའ་དང་མཆོད་ཚིག་བཅས་གྲུབ་རྗེས་ྋསྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེའི་ཞལ་སྔ་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་ཤིང་དཔོན་གསས་བླ་མ་ྋསྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་བསླབ་པ་མཐར་སོན་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་ཕྱག་འཁྱེར་དང་བྱིན་མདུད་ལེགས་སྐྱེས་རྣམས་བཀའ་དྲིན་བསྩལ་གནང་གྲུབ་མཚམས་མཆོག་གསུམ་དགྱེས་པའི་གཏང་རག་བཀྲ་ཤིས་ཚིག་བཀྲའི་རིམ་པ་དང༌། སྐལ་བཟང་ལེགས་འབུལ་གྱི་མཛད་སྒོ་སོགས་ཀྱིས་མཇུག་ཡོངས་སུ་རྫོགས་པར་བྱ་བའོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག