ཞང་ཞུང་སྒོ་བའི་འདུས་སྡེ་ཁྱུང་བོ་རྩེ་དྲུག་དགོན།
༧རྩེ་དྲུག་སྤྲུལ་སྐུ་བསྟན་འཛིན་འོད་ཟེར་མཆོག་དང་དཔོན་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་སོགས།
ཞང་ཞུང་སྒོ་པའི་འདུས་སྡེ་ཁྱུང་པོ་རྩེ་དྲུག་དགོན་ནི་འདས་ཟིན་པའི་ལོ་རྒྱུས་དང་། ད་ལྟའི་བསྟན་བཞེངས་གནས་རི་འདུས་སྡེ་བཅས་གང་ནས་བལྟས་ན་བོན་དགོན་ཁག་ནས་རྒྱ་ཆེའི་གཟི་བརྗིད་དང་ལྡན་པ་ནི། ཞྭ་དཀར་བོན་གྱི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བས་རྩེ་དྲུག་དགོན་ནི་ད་སྐབས་བོད་ཀྱི་བོན་དགོན་ཁག་གི་མ་དགོན་ཞིག་ཡིན་པ་ཡང་ཡང་གསུངས་པ་མ་ཟད། མདོ་དབུས་ཁམས་གསུམ་གྱི་བོད་ཀྱི་ལྷ་སྡེ་དང་དགོན་པ་མང་པོ་ཞིག་གིས་དེ་ལྟར་ངོས་འཛིན་ཡོད་པ་བཅས་ཀྱིས་གསལ། འདིར་སྒོ་པ་ཞེས་པའི་དོན་ནི། ཞང་ཞུང་རྒྱལ་པོའི་རྒྱལ་ས་གོང་འོག་བར་གསུམ་གྱི་འོག་མ་སྟེ་ཞང་ཞུང་རྒྱལ་པོའི་རྫོང་མཁར་གྱི་ཞིག་ཤུལ་ལྡན་པ་དང་གནས་ཀྱི་སྐུ་རྒྱབ་ཏུ་ཞང་བོད་མཁས་པ་མི་བཞིས་བཞེངས་པའི་འདུ་ཁང་གི་ཆགས་ཤུལ་དང་ཡི་དམ་མང་པོའི་དཀྱིལ་འཁོར་གྱི་བཀོད་པ་ཡོད་པ་བློ་ལྡན་གྱི་མགུར་འབུམ་ལས་གསུངས་ཡོད་པ་མ་ཟད། བོད་རྒྱལ་གཉིས་པ་མུ་ཁྲི་བཙད་པོས་བོད་ཀྱི་ས་གནས་གྲགས་ཆེ་བ་རྣམས་ལ་འདུས་གནས་སོ་བདུན་བཏབས་པའི་ཡ་གྱལ་ཞིག་དང་། གཞན་བོན་གྱི་མཁས་པ་མི་བཞི་དང་དྲན་པ་ནམ་མཁའ་སོགས་བོན་གཤེན་དུ་མ་ཞིག་གིས་གནས་འདིར་གདན་ས་བསྐྱངས་ནས་བསྙེན་སྒྲུབ་བྱས་པའི་ལོ་རྒྱུས་གསལ་བ་དང་། ལྷག་པར་བོན་གྱི་གསང་སྔགས་ཀྱི་སྟོན་པ་འཆི་མེད་གཙུག་ཕུད་ཀྱིས་རྩེ་དྲུག་ལྷུན་གྱི་སྒང་གཡུ་ལུང་ཤེལ་གྱི་བྲག་ཕུག་ཏུ་གསང་སྔགས་སྤྱི་སྤུངས་བསྒྲུབས་ནས་སངས་རྒྱས་པའི་སྐབས། ལྷོ་འཛམ་བུ་གླིང་འདིར་གཡུ་ལུང་ཤེལ་བྲག་ནས་བྱིན་བརླབས་འཕོས་པའི་རྩེ་དྲུག་ལྷུན་གྱི་སྒང་ཞིག་ཡོད་གསུངས་པ་དེ་གནས་འདི་ཉིད་ཡིན་པ་ཤར་རྫ་རིན་པོ་ཆེ་སོགས་སྐྱེས་ཆེན་མང་པོས་གསུངས་པ་བཅས་ཀྱིས་རྒྱུ་མཚན་ལ་བརྟེན་ནས་རྩེ་དྲུག་གནས་དགོན་འདི་ཉིད་ཞང་ཞུང་སྒོ་པའི་ལྟེ་གནས་སུ་འབོད་པ་རེད།། ༧ལོ་རྒྱུས་ཀྱི་བརྒྱུད་རིམ་ཐད་ལ་མུ་ཁྲི་བཙད་པོས་ཕྱག་བཏབས་ནས་ད་བར་ལོ་༣༠༠༠ལྷག་ཟིན་གྱི་ཡོད་ལ། བར་དུ་སྤྲུལ་སྐུ་བློ་ལྡན་དང་། སངས་རྒྱས་གླིང་པ། དབལ་འབར་སྟག་སླག་ཅན་སོགས་ཀྱིས་བསྐྱར་བཞེངས་བྱས་ནས་གདན་ས་བསྐྱངས་བ་མ་ཟད། རིག་གནས་གསར་བརྗེ་མ་བྱས་པའི་སྔོན་ལ་ཀུན་མཁྱེན་ཤར་རྫ་པའི་རིང་ལུགས་ལྟར་གྱི་དགོན་འདིར་བཤད་སྒྲུབ་སྒོམ་གསུམ་ཆ་ཚང་ལྡན་པའི་བླ་རབས་དང་མཁན་རབས་མང་པོ་ཞིག་བརྒྱུད་ནས་བསྟན་པ་འཕེལ་རྒྱས་སུ་བཏངས་བ་རེད། རིག་གནས་གསར་བརྗེའི་རྗེས་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལ་བརྟེན་ནས་༡༩༨༢ལོར་མཆོག་སྤྲུལ་༧རིན་ཆེན་རྒྱལ་མཚན་གཙོས་ཁྱུང་པོའི་བླ་མ་མཁན་པོ་མང་པོ་ཞིག་རྒྱས་འཛོམས་ངང་ནས་དགོན་པ་ཉམས་གསོའི་མཛད་སྒོ་སྤེལ་བ་ནས་བཟུང་སྤྱིར་ཕྱི་ནང་གི་བསྟན་བཞེངས་མང་པོ་་བྱས་ཀྱང་། འབུར་དུ་ཐོན་པ་ཞིག་ལ་བཤད་སྒྲུབ་སྒོམ་གསུམ་གྱི་བསྟན་པ་སླར་གསོ་བྱས་པ་དེ་ཡིན།།
༧སྐབས་འདིར་བཤད་གྲྭའི་མཚམས་སྦྱོར་མདོར་བསྡུས་ཞུས་ན།
བཤད་གྲྭའི་ལོ་བཅུ་གསུམ་གྱི་སློབ་འཆར་རེའུ་མིག
བཤད་སྒྲུབ་སློབ་གཉེར་ཁང་།
བཤད་གྲྭའི་ཚོགས་སྒྲིག་དུས་བསྟུན་འཁོར་ལོའི་རེའུ་མིག
རྩེ་བླ་༧རིན་ཆེན་རྒྱལ་མཚན་རིན་པོ་ཆེ་མཆོག་གིས་བཤད་གྲྭ་འཛུག་རྒྱུ་དགོངས་པ་བཞེས་ཏེ། རྩེ་དྲུག་གྲྭ་པདྨ་རྡོ་རྗེ་བརྩོན་འགྲུས་རིན་པོ་ཆེ་དང་བཤད་གྲྭའི་སློབ་དཔོན་བཅས་ཀྱི་ཆེད་དུ་སྨན་རིའི་མཁན་སློབ་གཉིས་ཀྱི་མདུན་སར་བཏངས་བས་དམ་པ་གཉིས་ནས་ཐུགས་དགྱེས་བཞིན་དུ་དགེ་བཤེས་ཆེན་མོ་དྲང་སྲོང་གཡུང་དྲུང་མཆོག་བཀའ་དྲིན་བསྩལ་བ་རེད། དེར་བསྟེན་སྨྲ་དབང་ཡོངས་འཛིན་༧བསྟན་འཛིན་རྣམ་དག་རིན་པོ་ཆེ་བོད་ལ་ཕེབས་པ་དང་བསྟུན་རྩེ་བླ་༧གར་དབང་རྣམ་རྒྱལ་གྲགས་པ་རིན་པོ་ཆེ་དང། ༧མཆོག་སྤྲུལ་རིན་ཆེན་རྒྱལ་མཚན། མཁན་པོ་གཙུག་ཕུད་ཚུལ་ཁྲིམས་གཙོས་པའི་བླ་གྲྭ་རྒྱས་འཛོམས་ཐོག བོད་མེ་སྟག་༡༩༨༦ ལོའི་བོད་ཟླ་ ༦ཚེས་༣ཉིན་བཤད་གྲྭ་དབུ་འཛུག་གི་རྟེན་འབྲེལ་གྱི་མཛད་སྒོ་ཚུགས།
བཤད་སྒྲུབ་གཉིས་དང་གྲྭ་ཚང་མཁན་པོ། མཚན་ཉིད་རྒན་ལགས་བཅས།
སྐབས་དེར་འཇའ་འོད་ཀྱི་གུར་ཁང་དབུབ་པ་སོགས་བཀྲ་ཤིས་པའི་རྟེན་འབྲེལ་དུ་མ་བྱུང་བ་ལ། ཡོངས་འཛིན་རིན་པོ་ཆེ་མཆོག་ནས་མ་འོངས་པར་བསྟན་པ་རྒྱས་པའི་རྟགས་ཡིན་པས་གསུངས་གནང་ཐོབ། དེ་རྗེས་༡༩༨༨ལོའི་བོད་ཟླ་༡༠ཚེས་༣ལ་དྲང་སྲོང་གཡུང་དྲུང་རིན་པོ་ཆེ་བཤད་གྲྭའི་སློབ་དཔོན་ཁྲི་ལ་མངའ་གསོལ་བ་དང་སྟབས་ཅིག་མཚན་ཉིད་བཤད་གྲྭ་དབུ་ཚུགས། སློབ་མ་ནི་ཁྱུང་པོ་རྩེ་དྲུག་དགོན། ལུང་དཀར་དགོན། སྟེང་ཆེན་དགོན། ཀོ་རྒྱལ་དགོན། རི་ཁྲོད་དགོན། སྨན་རྒྱས་དགོན། སྤུ་ལ་དགོན། ཁྲོམ་ཚང་དགོན་བཅས་ནས་བླ་མ་གྲྭ་པ་༦༠ཡར་ལྷག་ཙམ་བྱུང་བ་རེད། སྐབས་དེའི་ཡིག་ཆ་ནི། མཁན་ཆེན་ཉི་མའི་བསྡུས་གྲྭ། སྤ་ཚང་འབྲུག་རིན་པོ་ཆེའི་བསྡུས་གྲྭ། མཁན་ཉི་མའི་ཕར་ཕྱིན། རྗེ་མཉམ་མེད་པའི་མཛོད་འགྲེལ། འདུལ་བ་ཀུན་བཏུས་དང་མདོར་བསྡུས་འགྲེལ། སྡེ་སྣོད་མཛོད་ཕྱི་དུམ་དང་། གསང་སྔགས་བསྐྱེད་རྫོགས། རྫོགས་ཆེན་དྲང་དོན་དང་ངེས་དོན་བཅས་ལོ་བདུན་རིང་རྩེ་དྲུག་དགོན་དང་ལུང་དཀར་དགོན་ཟུང་ལ་སློབ་མཐའ་བསྐྱངས་ནས་༡༩༩༤ལོར་དགེ་བཤེས་དགུ་མཚན་བཏགས་ཐོབ་པ་དང་ཆབས་ཅིག་སློབ་དཔོན་དྲང་སྲོང་གཡུང་དྲུང་རིན་པོ་ཆེ་ལ་རྩེ་བླ་༧རིན་ཆེན་རྒྱལ་མཚན་གྱིས་སྔར་ནས་ཞལ་གསུངས་གནང་བ་ལ་བསྟེན་ནས་བསྟན་པའི་རྒྱལ་མཚན་རྩེ་དྲུག་སློབ་དཔོན་དགོས་པའི་བཀའ་འཕྲིན་གནང་། དེར་རྩེ་བླ་༧གར་དབང་རྣམ་རྒྱལ་གྲགས་པ་དང་འཇམ་སྤྲུལ་ཤེས་རབ་དཔལ་ལྡན་གཙོས་མཁན་སློབ་འདུས་པ་རྒྱ་མཚོའི་མ་གྲོས་བསམ་པ་གཅིག་མཐུན་གྱིས་གྲོས་ཆོད་བྱུང་བ་ལ་བརྟེན་༡༩༩༤ལོའི་ཟླ་བ་༦་པའི་ཚེས་༡༥ཉིན་བསྟན་པའི་རྒྱལ་མཚན་གྱིས་བཤད་ཁྲིད་ཀྱི་དབུ་ཚུགས། ལོ་དེའི་ནང་ཞྭ་དཀར་བོན་གྱི་གོང་ས་ཆེན་མོ་སྐྱབས་རྗེ་རྒྱལ་བ་སྨན་རི་བ་༧ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་བོད་ལ་ཆིབས་བསྒྱུར་ཐོག་མར་གནང་བ་དང་ཁེལ་བས་མཆོག་ཉིད་ནས་རྩེ་དྲུག་སློབ་དཔོན་ལུང་རྟོགས་བསྟན་པའི་རྒྱལ་མཚན་ཞེས་མཚན་བཏགས་གནང་བ་དང་སྟབས་ཅིག་སྤྱིར་དགོན་པའི་སྒྲིགས་ཁྲིམས་འགྲོ་ལུགས་དང་། ལྷག་པར་བཤད་གྲྭའི་སྒྲིགས་ཁྲིམས་དང་སློབ་ཁྲིད་སྐྱོང་སྟངས་སོགས་བཀའ་དྲིན་བསྩལ་བ་མ་ཟད་བཤད་གྲྭའི་ཡིག་ཆ་གཏན་ཁེལ་བཟོས་པ་སྟེ། གཞུང་ཁྲིད་ཀྱི་ཡིག་ཆ་ནི་མཁན་ཆེན་ཉི་མའི་བསྡུས་གྲྭ་དང་། རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་ཚད་མ། འགྲོ་མགོན་བློ་གྲོས་ཀྱི་ཚད་མ། སྟོན་པའི་བཀའ་ཐེག་འགྲེལ་མེ་ལོང་དགུ་སྐོར། རྗེ་རིན་པོ་ཆེ་དང་དགའ་སྟོན་གྱི་ཐེག་འགྲེལ། རྗེ་རིན་པོ་ཆེ་དང་འགྲོ་མགོན་གྱི་ས་ལམ། མཁན་ཆེན་ཉི་མའི་ཕར་ཕྱིན་སྐབས་བརྒྱད་དང་། དཔལ་ཆེན་གྱི་ཁམས་འགྲེལ། ཡར་མེ་བ་དང་རྗེ་རིན་པོ་ཆེའི་དབུ་མ། དྲན་པ་ནམ་མཁའ་དང་། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། རྗེ་རིན་པོ་ཆེ་བཅས་ཀྱི་མཛོད། ཡར་མེ་བ་དང་། རྗེ་རིན་པོ་ཆེའི་འདུལ་བ་ཀུན་བཏུས་དང་མདོར་བསྡུས། གསང་སྔགས་ལ། ཤར་རྫའི་སྡེ་སྣོད་མཛོད་སྨད་ཆ་དང་། གསང་སྔགས་བསྐྱེད་རྫོགས། མ་རྒྱུད་སངས་རྒྱས་རྒྱུད་གསུམ་སོགས་དང་། རྫོགས་ཆེན། དྲན་པ་ནམ་མཁའི་དྲང་དོན་མུན་སེལ་དང་། ངེས་དོན་ནམ་མཁའ་འཕྲུལ་མཛོད། ཨ་ཁྲིད། བཅས་ཡིན་ལ་གཞན་རྣམས་ཟུར་ཁྲིད་ཙམ་ལས་གཞུང་ཁྲིད་ཀྱི་ཡིག་ཆ་ཁས་ལེན་རྒྱུ་མེད་གསུངས་པ་ལ་གཞིར་བཟུང་། ༡༩༩༤ལོའི་བོད་ཟླ་༡༠པའི་ཚེས་༣ཉིན་རྩེ་དགོན་བླ་སྤྲུལ་འདུས་པ་རྒྱ་མཚོས་གྲོས་མོལ་གནང་སྟེ་ལོ་དགུ་ཡི་སློབ་འཆར་བཟོས་པ་མ་ཟད། ཡིག་ཆ་གཞུང་དང་རིག་གནས་གང་ཞིག་ཡིན་ན་རྒྱལ་བ་སྨན་རིའི་ལུགས་བཞིན་བྱས་པ་མ་ཟད་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་རྩེ་དགོན་སློབ་དཔོན་གྱི་ཁྲི་རུ་མངའ་གསོལ་བྱས་པ་དང་། ཁོང་གིས་འགན་ཁུར་འོག་བཤད་གྲྭ་མུ་མཐུད་རྒྱུན་འཛུག་གནང་རྒྱུ་གྲོས་ཆོད་བྱུང་བ་ནས་བཟུང་༢༠༠༨ལོ་བར་སློབ་མ་སུམ་ཅུ་དང་དྲུག་ཅུ་ཡན་མན་ཙམ་ལ་དབྱར་དགུན་དང་གཟའ་འཁོར་གྱི་ངལ་གསོ་ཕུད།
རྩོད་པ་གནང་བཞིན་པ།
དེ་མིན་ཉིན་ལྟར་གཞུང་ཁྲིད་དང་ཟུར་ཁྲིད་རིག་གནས་བཅས་ཁྲིད་ཐེངས་གསུམ་དང་སྔ་ཕྱི་དྲོ་རྩོད་པ་ཐེང་གཉིས་ལ་ཆུ་ཚོད་གསུམ་དང་ཕྱེད་ཀ་བདུན་ཕྲག་གི་དམ་བཅའ་བཅས་གནང་གི་ཡོད། དེ་སྐབས་དབྱར་ཁ་བོད་ཟླ་༥པའི་ཚེས་༢༠ནས་༦པའི་ཚེས་༥བར་དབྱར་ཁའི་ངལ་གསོ་དང་། བོད་ཟླ་༡༡པའི་ཚེས་༢༨ནས་༡༢པའི་ཚེས་༧བར་དགུན་ཁའི་ངལ་གསོ་དང་། དེ་མིན་བོད་ཟླ་དང་པོའི་ལོ་གསར་སྐབས་ཞག་བདུན་ལ་ངལ་གསོ་ལས་རྒྱུན་པར་བཤད་གྲྭ་འཚོགས་ཀྱི་ཡོད། ལྷག་པར་༢༠༠༠ལོ་དང་། ༢༠༠༣དང། ༢༠༠༤ལོ་བཅས་ལ་རྒྱལ་བ་སྨན་རི་བའི་དགེ་བཤེས་བཟོད་པ་འགྱུར་མེད་དང་ ཡོན་ཏན་ཕུན་ཚོགས་ འཕགས་མཆོག་སེམས་དཔའ་ སྐལ་བཟང་ བཅས་ཀྱིས་གཙོ་སྐྱོང་གནང་སྟེ་གཡས་རུའི་འཆད་རྩོད་ཆེན་མོ་ལྟར་ཚད་མའི་རིག་སྒྲ་དབུ་ཚུགས་ཤིང་མ་ཚད་༢༠༠༥་ལོར་མཆོག་སྤྲུལ་༧བསྟན་འཛིན་འོད་ཟེར་རིན་པོ་ཆེས་གཙོ་སྐྱོང་འོག་མདོ་དབུས་ཁམས་གསུམ་གྱི་བླ་སྤྲུལ་འདུས་པ་རྒྱ་མཚོ་རྒྱས་མཛོམས་ཐོག་གནས་ལྔ་རིག་པའི་དུས་དྲན་གྱི་མཛད་སྒོ་ཚུགས།
སློབ་གཉེར་བ་དག་གི་རྩོད་པ་གནང་བཞིན་པ།
༢༠༠༦ལོར་བཤད་སྒྲུབ་སློབ་གཉེར་ཁང་བསྐྱར་གསོ་བྱས་པ་ནས་བཟུང་བཤད་སྒྲུབ་སློབ་གླིང་འཕེལ་རྒྱས་སོང་ཡོད་ལ།ལྷག་པར་༢༠༠༨ལོར་སྔར་གྱི་ཉམས་མྱོང་དང་། ད་ལྟའི་གནས་བབ་ལ་གཞིར་བཟུང་བཤད་སྒྲུབ་སློབ་གླིང་གི་སྒྲིགས་ཁྲིམས་བཅོས་བསྒྱུར་བཟོས་ཏེ་ལོ་༡༣གྱི་སློབ་འཆར་རེ་མིག་དང་། ཉིན་རེར་གཞུང་ཁྲིད་དང་ཟུར་ཁྲིད་སྔ་ཕྱི་དྲོ་རྩོད་པ་ཐེང་གཉིས་རེ་ཆགས་མེད་དང་རིག་གནས་ལ་སུམ་རྟགས་དག་གསུམ་དང་། མངོན་བརྗོད་སྙན་ངག་ནག་རྩིས། དཀྱིལ་འཁོར་དང་ལྷ་དང་མཆོད་རྟེན་བཅས་ཀྱི་ཐིག་རྩ་དང་གཟུངས་འཇུག་ལག་ལེན་སྨན་སོགས་ཆ་ཚང་འཁྲིད་རྒྱུ་དང་།
རྩོད་པ་གནང་བཞིན་པ།
བདུན་ཕྲག་རེར་དམ་བཅའ་དང་། རང་གཞན་གྱི་དགོན་པ་གང་ རུང་ན་ལོ་རེར་ཚད་མའི་རིག་སྒྲ་ཆགས་མེད་འཚོགས་རྒྱུ་དང་། ངལ་གསོ་ཡང་དགུན་ཁ་བོད་ཟླ་༡༠པའི་ཚེས་༢༠ནས་༡༢པའི་ཚེས་༢༠་བར་ཟླ་བ་གཉིས་དང་། དབྱར་ཁ་བོད་ཟླ་༥པའི་ཚེས་༡༩ནས་༢༥བར་དབྱར་སྐྱིད་གྲོལ་རྒྱུ་དང་། དགོན་པའི་དུས་མཆོད་ཟླ་བ་གཅིག་ལྷག་ཙམ་ལས་བཤད་གྲྭ་ཆགས་མེད་འཚོགས་རྒྱུ་མ་ཟད། བན་བོན་གཉིས་ཀྱི་བཀའ་དང་བཀའ་བརྟེན་ལོ་རྒྱུས་རིག་གཞུང་རིག་གནས་བཅས་ལྡན་པའི་དཔེ་མཛོད་ཁང་དང་། དེ་བཞིན་ཞང་བོད་མེས་འོད་རྩོམ་སྒྲིགས་ཚོགས་པ་བཙུག་ནས་ལོ་ལྟར་དུས་དེབ་རེ་དང་། དེ་མིན་དགོས་འཁོའི་དེབ་གཉིས་ནས་གསུམ་བར་བསྐྲུན་རྒྱུ་གྲོས་ཆོད་བྱས་ནས་རྩོམ་སྒྲིགས་ཚོགས་མི་སོགས་གཏན་ཁེལ་བྱས་པ་བཅས་དང་།
མཚན་ཉིད་དགེ་རྒན་རྣམ་པ།
དགེ་རྒན་ལ་ཡང་དགེ་བཤེས་བསྟན་འཛིན་འགྱུར་མེད་དགེ་རྒན་ཆེན་མོ་དང་། ཐབས་མཁས་དགེ་འཕེལ་དགེ་རྒན་དང་ཚོགས་གཙོ་གཅིག་ཆོག་དང་། དེ་བཞིན་སྨིན་གྲོལ་ཁྲི་གཙུག་རྒྱལ་མཚན་ ཕུན་ཚོགས་དབང་འདུས་ཤེས་རབ་རྣམ་རྒྱལ་སོགས་དགེ་རྒན་མང་པོ་སྒྲིགས་འཛུགས་དང་། གཞན་དགོན་པ་ཁག་ནས་ཡོན་ཏན་ཅན་གདན་འདྲེན་ཞུ་རྒྱུ་དང་། ལོ་རེའི་གསར་ཞུགས་སློབ་མ་བསྡུ་བའི་དུས་ཚོད་ནི་བོད་ཟླ་༡པོའི་ཚེས་༨དང་བོད་ཟླ་༥ཚེས་༢༥བཅས་ལ་ཡིན། བཤད་གྲྭ་ཚུགས་ནས་ལོ་རེར་བོད་ཟླ་༡པོའི་ཚེས་༨ཉིན་སྨྲ་སེང་སྒྲུབ་བ་ཆེན་མོ་དབུ་བཟུང་ནས་ཚེས་༡༥ཉིན་བཀའ་དབང་དང་། ཚེས་༡༦ནས་༡༨བར་སྲིད་རྒྱལ་ཁྲི་ཚོགས་རེ་ཆགས་མེད་དང་སྐབས་སྐབས་སྲིད་རྒྱལ་འབུམ་ཚོགས་འབུལ་གྱི་ཡོད། ཟླ་རེའི་ཚེས་༢༢ཉིན་དགེ་སློབ་ཚང་མ་རེས་མོ་སྐོར་ནས་ལོ་རྒྱུས་དང་རིག་གནས་སོགས་གཏམ་བཤད་ཀྱི་སློབ་ཚན་བཅས་ཕྱོགས་གང་ས་ནས་བསྟན་པ་འཕེལ་བའི་ཆ་རྐྱེན་བསྐྲུན་པ་ལ་བསྟེན་ད་སྐབས་དགེ་སློབ་༡༠༥ཙམ་ཡོད་པ་དང་། དེ་དག་ཚང་མར་བཞུགས་ཤག་དང་ཉིན་རེར་གསོལ་ཟས་ཐེང་བཞི་རེ་བཅས་སྤྱི་གཞུང་ནས་གནང་གི་ཡོད།
སྐབས་བརྒྱད་པའི་དགེ་བཤེས་མཚན་བཏགས་གསུང་བཞིན་པ།
སྐབས་བརྒྱད་པའི་དགེ་བཤེས་མཛད་སྒོ།
གསར་བཞེངས་ཀྱི་དགེ་བཤེས་མཚན་བཏགས་དགོས་ན་དབུ་འཛུག་རྒྱུ་དགེ་བཤེས་མང་ཉུང་ལ་ལྟོས་ནས་ངེས་པར་དུ་བོད་ཟླ་༡༢པའི་ཚེས་༡༥ཉིན་བཀྲ་ཤིས་རྟེན་འབྲེལ་གྱི་མཛད་སྒོ་ཡིན་པ་དང་དེའི་སྐབས་དགེ་སློབ་ཚང་མ་འཛོམས་དགོས། བཤད་སྒྲུབ་སློབ་གླིང་འདི་ནས་དགེ་བཤེས་༢༣མཚན་རྟགས་ཐོན་ཡོད་ལ། དེའི་ནང་དགོན་པ་ཁག་གི་དབུ་བླ་གསུམ་དང་མཁན་པོ་ལྔ་དགེ་རྒན་བརྒྱད་སོགས་བྱུང་ནས་ཡུལ་གྲུ་ཁག་ལ་བསྟན་པ་སྐྱོང་བཞིན་གནས། སྤྱིར་རྩེ་དྲུག་དགོན་ལ་ད་སྐབས་དགོན་གཞུང་དང་། སྒྲུབ་གྲྭ བཤད་གྲྭ སྒོམ་གྲྭ གྲྭ་ཚང་བཅས་ཁག་ལྔ་ལ་འདུས་པ་༢༥༠ཡར་ལྷག་ཡོད་པ་དང་། དགོན་པ་སྤྱི་གཞུང་གི་འཚོགས་ཁང་ཆེན་མོ་ཀ་བ་༡༢༠ལྡན་པ་གཅིག་བཞེངས་གྲུབ་ལ་ཉེ་བ་དང་། གསེར་གདུང་ཁང་། ཁྲོ་སྐྱབས་ལྷ་ཁང་། བཤད་སྒྲུབ་སྒོམ་གསུམ་གྱི་སློབ་གཉེར་ཁང་གསུམ། དགོན་པའི་ཇ་ཁང་ཆེན་མོ། སྟེང་ཆེན་རྫོང་ཐོག་ཏུ་ཡོད་པའི་མགྲོན་ཁང་། ཆབ་མདོ་ས་ཁུལ་དུ་ཡོད་པའི་མགྲོན་ཁང་བཅས་དགོན་པ་ལ་ཁང་པ་ཆེན་པོ་དགུ་དང་། སྒེར་གྱི་གྲྭ་ཤག་༡༠༠ཡར་ལྷག་ཙམ་ཡོད་ལ། ད་སྐབས་དགོན་གྱི་གཙོ་སྐྱོང་བ་མཆོག་སྤྲུལ་༧བསྟན་འཛིན་འོད་ཟེར་རིན་པོ་ཆེ་མཆོག་དང་། མཆོག་སྤྲུལ་༧ཐེག་མཆོག་འོད་ཟེར་རྒྱལ་མཚན་རིན་པོ་ཆེ་རྣམ་པ་གཉིས་ཀྱི་མཛད་འཕྲིན་འོག་བཤད་སྒྲུབ་སྒོམ་པའི་བསྟན་པ་རྒྱས་བཞིན་བཞུགས།
རྩེ་དྲུག་བཤད་སྒྲུབ་འདུས་སྤྱི་ནས་མཚམས་སྦྱོར་ཞུས་པའོ།།