ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> མཐུན་ཚོགས་སློབ་གླིང་། >> དཔལ་རྩེ་དྲུག་དགོན་གྱི་སྒྲུབ་གྲྭ་ཐེག་མཆོག་སྨིན་གྲོལ་གླིང་།
དཔལ་རྩེ་དྲུག་དགོན་གྱི་སྒྲུབ་གྲྭ་ཐེག་མཆོག་སྨིན་གྲོལ་གླིང་།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རྩེ་དྲུག་བཤད་སྒྲུབ་འདུས་སྤྱི།] [ཟླ་ཚེས། 10-10-10] [ཀློག་གྲངས། ]


ད་ལྟ་བཞུགས་བཞིན་པའི་སྒྲུབ་གྲྭ་བ་རྣམ་པ་དང་སྒྲུབ་གྲྭ་ཁང་།

ལོ་གསུམ་གྱི་སློབ་འཆར་རེའུ་མིག              ཉིན་རེའི་རེའུ་མིག

    ཀུན་མཁྱེན་༧ཤར་རྫ་རིན་པོ་ཆེས་ཁམས་སྟོད་ཕྱོགས་སུ་ང་ཡི་རིང་ལུགས་འདི་ཐོག་མར་རི་རྩེ་དྲུག་ལ་དར་ཐུབ་ན་རིམ་བཞིན་བསྟན་པ་རྒྱས་ཀྱི་ཡོད་གསུངས་པ་དེ་ཉིད་རྩེ་དྲུག་བླ་མ་གཡུང་དྲུང་དང་།ཚུལ་ཁྲིམས་རྣམ་རྒྱལ་རྣམ་གཉིས་ཀྱིས་དང་ལེན་ཞུས་ནས་ཀུན་མཁྱེནམཆོག་གི་དངོས་སློབ་ཁྱུང་ནག་མཁན་པོ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་༡༩༣༤ལོའི་བོད་ཟླ་༡ཚེས༡༥ཉིན་དབུ་ཚུགས།དམ་པ་དེའི་རྒྱུད་འཛིན་མཁན་པོ་བརྩོན་འགྲུས་རིན་པོ་ཆེ་དང་། སྨོན་ལམ་བསྟན་འཛིན་། གཙུག་ཕུད་ཚུལ་ཁྲིམས། གཙུག་ཕུད་འོད་གསལ་བཅས་མཁན་རབས་བཞི་ཡིས་༡༩༦༠ཐམ་པ་ལོ་བར་བསྐྱངས། ལྷག་པར་རྒྱལ་ཚབ་༧བློ་གྲོས་རྒྱ་མཚོ་ཐོག་མར་ཁྱུང་ཡུལ་དུ་ཞབས་བཅག་པ་དང་འབྲེལ་སྒྲུབ་གྲྭའི་གནས་ཚུལ་སྙན་འབུལ་ཞུས་པས། དེ་སྐབས་སྒྲུབ་གྲྭ་ལ་གལ་པོ་ཆེའི་གནས་ཚུལ་ཁ་ཤས་ལས་རྒྱུན་ལྡན་སྒྲུབ་ཁང་ཕྱི་ལ་ཐོན་མི་ཆོག་པ་དང་།མ་ཟད་སྒྲིགས་ལམ་དང་སློབ་སྦྱོང་ཐུན་བཞིའི་ཉམས་ལེན་སོགས་གང་གི་ཆ་ལ་ཐུགས་རང་ནས་གཞན་ལས་ལྷག་པའི་བསྔགས་བརྗོད་ཐོབ་པ་དང་སྟབས་ཅིག་མཁན་པོ་དེ་རྣམས་རྗེ་འབང་ཉེར་ལྔའི་གྲལ་ཡིན་པའི་བཀའ་ལུང་དང་སྒྲུབ་གྲྭར་ཐེག་མཆོག་སྨིན་གྲོལ་གླིང་ཞེས་པའི་མཚན་བཀའ་དྲིན་གནང་བ་བཅས་སོ།།

 

     འདིའི་སྒྲུབ་གྲྭའི་ཡིག་ཆ་ནི་ཤར་རྫའི་མཛོད་ལྔ་ཡིན། ཡུན་ཚད་ལོ་གསུམ་ལ་སྔོན་འགྲོ་འབུམ་དགུ་ཆ་ཚང་དང་། དངོས་གཞི་རྒྱུག་སྤྲོད།ཤར་རྫའི་གསུང་འབུམ་གྱི་ཁྲིད་ལུང་དང་མ་ཚད་ཡི་དམ་ཕྱི་ནང་གསང་གསུམ་གྱི་རྒྱུད་དང་སྒྲུབ་གཞུང་གི་དབང་ལུང་གང་ཐོན། རྩ་རླུང་ཞག་བརྒྱ། དབལ་ཕུར་བསྙེན་སྒྲུབ། ཉ་སྟོང་གི་ཚོགས། ལོ་རེར་དྲེའུ་དམར་སྟོང་ཚོགས་སོགས་ཆགས་མེད་དང་། སྒྲུབ་གྲྭ་ཐོན་ལ་ཉེ་སྐབས་རྫོགས་ཆེན་སྐུ་གསུམ་རང་ཤར་དང་བདེ་འདུས་ཀྱི་དབང་བཞི་ཞུ་ནས་མུན་མཚམས་ཞག་བརྒྱ་དང་། ཡི་དམ་གང་རུང་གི་སྒྲུབ་བ་ཞག་བརྒྱ་དང་ཐུན་བཞི་ཁས་ལེན་དགོས་པ་བཅས་ཡིན། རྗེས་སུ་ཆོས་དད་རང་མོས་སྲིད་ཇུས་ལ་བརྟེན་༡༩༨༤ལོར་མཁན་རྒན་གཙུག་ཕུད་ཚུལ་ཁྲིམས་ཀྱིས་སྔར་སྲོལ་ལྟར་སྒྲུབ་གྲྭ་ཉམས་གསོ་བྱས་དེ་རྗེས་མཁན་ཚུལ་ཁྲིམས་རབ་རྒྱས་རྣམ་དག་དང་། ད་སྐབས་མཁན་པོ་དྲང་སྲོང་བསྟན་འཛིན་རྣམ་རྒྱལ་དང་། དགེ་རྒན་ཚུལ་ཁྲིམས་བསྟན་པ་དར་རྒྱས་གཉིས་ནས་སྔར་བཞིན་ཤར་རྫའི་རིང་ལུགས་ལྟར་གྲྭ་བཙུན་ཉེར་ལྔ་ཡན་མན་ཙམ་གྱི་སློབ་མ་ལ་བཤད་ཁྲིད་ཆགས་མེད་ཀྱི་མཛད་འཕྲིན་གནང་བཞིན་བཞུགས། དུས་རིམ་རྗེས་མའི་སྒྲུབ་ཐོན་བསྟན་ལ་ཕན་ཐོག་པ་རྩེ་དྲུག་བླ་མཁན་རྣམས་དང་། ཧོར་རྒྱལ་སྲས་སྟོབས་ཀྱི་རྒྱལ་བོ། གྲུབ་ཆེན་ནམ་མཁའ་རྒྱལ་མཚན། ཨ་མདོ་ཤར་ཁོག་སྐྱང་ཚང་དགོན་ཚུལ་ཁྲིམས་དཔལ་འབྱོར། སྐུ་གཤེགས་མཐའ་ཞུ་གཡུང་དྲུང་རྒྱལ་མཚན། རྩེ་དྲུག་སྨན་གྱི་དགེ་རྒན་གཡུང་དྲུང་རྒྱལ་མཚན། འབྲས་རི་གསུམ་འདབས་བོན་དགོན་བསམ་གཏན་གཙུག་ཕུད་བཅས་སོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག