ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> མཐུན་ཚོགས་སློབ་གླིང་། >> རེབ་གོང་བོན་བརྒྱ་དགོན་གྱི་གསང་སྔགས་སྒྲུབ་གྲྭའི་གླིང་།
རེབ་གོང་བོན་བརྒྱ་དགོན་གྱི་གསང་སྔགས་སྒྲུབ་གྲྭའི་གླིང་།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྲི་བསོད་བསྟན།] [ཟླ་ཚེས། 11-04-02] [ཀློག་གྲངས། ]

རེབ་གོང་བོན་བརྒྱ་དགོན་གྱི་རྩེ་གསང་སྔགས་སྨིན་གྲོལ་བདུད་འདུལ་གླིང་།

སྒྲུབ་གྲྭའི་ལྷ་ཁང་དུ་བཞེངས་པའི་ཡུམ་སྲས་གཤེན་གསུམ།

བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་ལོ་གསུམ་སྒྲུབ་གྲྭ་བའི་ཕྱག་ལེན་ཀུན་གསལ་ཤེལ་དཀར་མེ་ལོང་།

བླ་མ་མཆོག་གསུམ་སྐྱབས་ཡུལ་ཀུན་ལ་འདུད། །
བླ་མེད་རྩ་གསུམ་རྩ་རླུང་ཐིག་ལེ་ཀུན། །
བླ་མ་ལྷ་ཡི་རྣལ་འབྱོར་ལ་བརྟེན་ཚུལ། །
བླ་མས་གསུངས་བཞིན་ཀུན་གསལ་མེ་ལོང་བསྟན། །

      དེ་ལ་སྒྲུབ་གྲྭ་བ་རྣམས་ཀྱིས་ལོ་དང་པོར། ཐོག་མར་བཤེས་གཉེན་བསྟེན་ནས་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་བ་དང་རྒྱབ་སྐྱོར་བཅས་ཀྱི་ཁྲིད་ལུང་དང་། དེའི་ཁྲིད་ཡིག་རྒྱས་བསྡུས་གང་རུང་ལ་བརྟེན་ནས་ཐོས་བསམ་དང་ཉམས་ལེན་ཟུང་འབྲེལ་བྱས་ཏེ་སྔོན་འགྲོ་འབུམ་དགུ་ཞག་བརྒྱའི་ནང་དུ་འགྲོ་དགོས་པས། ཉིན་རེ་བཞིན། ཕྱག་སྟོང་ཕྲག་གཅིག ཕྱག་རེ་ལ་སྐྱབས་འགྲོ་དང་སྙིང་བོ་རྣམ་གསུམ་ལྷན་དུ་འགྲོ་བར་བྱས་ན་སྟོང་ཕྲག་ལྔ། དེ་ནས་སེམས་བསྐྱེད་སྟོང་ཕྲག་གཅིག མཎྜལ་སྟོང་གཅིག་འབུལ་བ་ལ་མགོ་མཇུག་ཏུ་ཚོམ་བུ་བཅུ་བདུན་མ་འབུལ་ཞིང་གྲངས་གསོག་པ་ལ། ཨེ་མ་འབྱུང་ལྔའི་ཞེས་ཚོམ་བུ་ལྔ་སྐོར་མ་འབུལ། དེ་ནས་བླ་མའི་རྣལ་འབྱོར་སྟོང་གཅིག མགོ་མཇུག་གང་རུང་དུ་བླ་བརྒྱུད་གསོལ་འདེབས། དེ་ནས་ཡིག་བརྒྱའི་སྒོམ་བཟླས་དང་འབྲེལ་ཡིག་བརྒྱ་སྟོང་གཅིག་བཅས་འདོན་སྒོམ་ཟུང་འབྲེལ་བྱས་པས་ཉིན་གཅིག་ལ་སྟོང་དགུ་ཡིན་པས་ཞག་བརྒྱ་ལ་འབུམ་དགུ་འགྲོ་ངེས་སོ། །དེ་ལ་ཉིན་རེར་ཐུན་མཚམས་མགོ་མཇུག་ཏུ། ཨ་ཁྲིད་སྔོན་འགྲོའི་ཚིག་བཤད་ཡན་ལག་བདུན་པ་བླ་བརྒྱུད་གསོལ་འདེབས་བསྔོ་སྨོན་ཡང་དག་པ་རེ་བྱ། དེའི་ནང་དུ་སེམས་བསྐྱེད་མཆོད་པ་ཚོགས་བསགས་ཅི་ཐུབ་ཀྱི་སྒོ་ནས་བྱང་སྡོམ་གང་ནུས་ལེན་པ་གལ་ཆེ། གང་བསྙེན་བསྒྲུབ་བྱ་བའི་ཡི་དམ་གྱི་དབང་ལུང་ཞུ་ཐུབ་ཚད་བྱ། ཞག་བརྒྱ་གྲུབ་རྗེས་འཕོ་སྦྱངས་བྱེད་དགོས་པས། ཨ་ཁྲིད་ལྟར་རམ་ཀུན་མཁྱེན་ཤེས་རབ་དགོངས་རྒྱལ་གྱི་སྙན་བརྒྱུད་འཕོ་བ་འཇའ་གུར་མ་སྦྱངས་ནས་ཞག་བདུན་ནམ་བཅུ་སོགས་གང་དགོས་བྱ། དེ་ནས་དངོས་གཞིའི་ཉམས་ལེན་གྱི་ཐོག་མར་ཞི་གནས་དང་ལྷག་མཐོང་རིམ་ཅན་དུ་སྦྱང་བ། ཨ་ཁྲིད་ཐུན་མཚམས་ལྔ་བ་མན་དང་ཨ་ཁྲིད་ཀྱི་ཁྲིད་ཡིག་སྐུ་གསུམ་རང་ཤར་གྱི་དངོས་གཞི་ལྟར་བྱ། དེ་ནས་འཁོར་འདས་རུ་ཤན་ལ་ནང་གི་རུ་ཤན་གྱིས་ཆོག་པར་བྱས་ཏེ། རིགས་དྲུག་རང་སྦྱོང་། ཞག་ཞེ་དགུའི་ནང་དུ་དུ་ཏྲི་སུའི་བསྙེན་པ་འགྲོ་བར་བྱ། ལོ་སྨད་བླ་མའི་བསྙེན་ཆེན་ཚེ་དབང་བོད་ཡུལ་མ་ལྟར་ཞག་བརྒྱ་ལ་དམ་པོར་བཞུགས་དགོས། ལོ་དང་པོའི་ནང་འདིར། ལམ་རིམ་བློ་སྦྱོང་གི་ཁྲིད་(སུམ་བརྒྱ་བ་དང་དྲུག་ཅུ་བ། ཡང་ན་དྲང་དོན་མུན་སེལ་སྒྲོན་མ་སོགས)ཅི་ཐུབ་དང་། དབང་ལུང་ཁྲིད་གསུམ་ཞུ་ཅི་ཐུབ་བྱ།
      ལོ་གཉིས་པར། སློབ་ཁྲིད་ནི། རྗེ་གསང་དོན་རྣམ་འབྱེད། གསང་སྔགས་བསྐྱེད་རྫོགས་སོགས་སྔགས་རིམ་གྱི་ཁྲིད་གང་ནུས་དང་། ཡང་དབང་ལུང་མན་ངག་ཞུ་ཅི་ཐུབ་གལ་ཆེ། ཉམས་ལེན་ནི། ཡི་དམ་ཞི་བ་ཀུན་བཟང་ཨ་གསལ་གྱི་བསྙེན་ཆེན་ཕྱག་བརྒྱ། སྔར་གྱི་དངོས་གཞིའི་ཉམས་ལེན་ཐུན་སྦྱང་སོགས་གོང་འཕེལ་དུ་འགྲོ་བར་བྱ། ལོ་སྨད་ཚེ་དབང་བོད་ཡུལ་མའི་རྫོགས་ཆེན་སྙན་བརྒྱུད་དང་། ཞང་ཞུང་སྙན་བརྒྱུད་ལྟར་གྱི་རྩ་རླུང་ཕྱག་བརྒྱ། ཁྲེགས་ཆོད་ཀྱི་ཉམས་ལེན་གནད་དུ་སྨིན་པར་བྱ།
      ལོ་གསུམ་པར། སློབ་ཁྲིད་ནི། བྱང་སེམས་གབ་པ། རྫོགས་ཆེན་བསྒྲགས་པ་སྐོར་གསུམ། སྙན་བརྒྱུད་བཀའ་རྒྱུད་སྐོར་བཞི། ཡང་རྩེ་ཀློང་ཆེན་སོགས་རྫོགས་ཆེན་གྱི་བོན་སྡེ་རྣམས་ལ་ཐོས་བསམ་སྒོམ་གསུམ་ཟུང་འབྲེལ་བྱེད་ཐུབ་ན་ཐིན་ཏུ་ལེགས་པས། དེ་ལ་གབ་འགྲེལ་རིག་པའི་རྒྱ་མཚོ་དང་རྗེའི་གབ་འགྲེལ། ངེས་དོན་ནམ་མཁའ་འཕྲུལ་མཛོད་སོགས་ལ་སྦྱངས་ཅི་ཐུབ་བྱས་ན་གལ་ཆེ། ཡི་དམ་དབལ་གསས་ཀྱི་བསྙེན་ཆེན་ཕྱག་བརྒྱ། སྐབས་གང་བདེ་དང་བསྟུན་ནས་བཅུད་ལེན་ལ་ཞག་བདུན་ནམ་ཅི་ཐུབ་བྱ། ཉིན་སྣང་འོད་གསལ་གྱི་གདམས་པ་སྐུ་གསུམ་རང་ཤར་ལྟར་རམ་ཁྲིད་ཡིག་གང་མོས་ལ་ཞག་བརྒྱའམ་མ་མཐའ་ཞག་ལྔ་བཅུ་ལ་སྦྱངས། ལོ་སྨད་མཚན་སྣང་མུན་མཚམས་ཞག་ཞེ་དགུའི་ནང་དུ་བདུན་ཕྲག་བདུན་པོའི་ཁྲིད་ལྟར་ལེགས་པར་སྦྱངས།
      མདོར་ན་ལོ་གསུམ་གྱི་ནང་དུ། ཉིན་རེའི་དབང་དུ་བྱས་ན། ཐོ་རངས་གཉིད་ལས་སད་མ་ཐག སྙིང་དབུས་ཟེའུ་འབྲུ་དབུ་མའི་ལམ་མཆོག་ནས། །སྐྱབས་གཅིག་དྲིན་ཅན་བླ་མ་ཡར་ལ་བཞེངས། །ཞེས་པ་ལྟར། བླ་མའི་རྣལ་འབྱོར་ལ་བརྟེན་ནས་ཚོགས་ཞིང་སྒོམ། སྐྱབས་འགྲོ། སེམས་བསྐྱེད་སོགས་ཡན་ལག་བདུན་པ། ཨ་རྫོགས་སྙན་གསུམ་མམ་གང་རུང་གི་སྔོན་འགྲོའི་ཚིག་བཤད་ངག་འདོད་ལྟར་འདོན་སྒོམ་ཟུང་འབྲེལ་བྱ། བྱམས་མ། མཛད་བཅུ། སྨྲ་སེང་དཀར་པོའི་སྙིང་བོ་སུམ་བརྒྱ། སྨྲ་སེང་བསྟོད་པ། དྲན་པ་དང་ཚེ་དབང་བྱ་རི་མའི་ཚེ་བསྙེན་སུམ་བརྒྱ། བར་ཆོད་ལམ་སེལ། བསམ་པ་ལྷུན་གྲུབ་མ་ཅི་ཐུབ་རེ་བརྗོད། དེ་ནས་ཆུ་གཏོར། གསུར་བསྔོ། བསང་རྒྱས་བསྡུས་ཅི་རིགས་བྱ། དེ་ནས་ནངས་ཇ་བཞེས་ཏེ་བཟའ་བཏུང་རྣལ་འབྱོར་ནང་གི་སྲེག་བླུགས་དགོངས་དོན་ལྟར་བྱ། དེ་ནས་སྐབས་བབ་ཀྱི་ཉམས་ལེན་བསྙེན་སྒྲུབ་དཔེ་ཁྲིད་ཅི་ཡོད་ལྟར་འབད་ཅིང་སྤྱོད་ལམ་རྣམ་བཞི་ཉམས་ལེན་དང་འདྲེས་ངེས་སུ་བྱ། ཕྱི་དྲོ་བཀའ་སྐྱོང་ལ་འཕྲིན་བཅོལ་འབུལ། དགོང་མོ་ལུས་སྦྱིན་རྒྱས་བསྡུས་གང་མོས་བྱས་ན་སྦྱིན་པ་རྣམ་བཞི་ཆགས་མེད་དུ་བྱེད་པའི་ཕྱག་སྲོལ་ཡིན། ཉལ་ཁར་སྤྱི་བོའི་བླ་མ་སྙིང་དབུས་སུ་བཞུགས་པར་དམིགས་པ་མ་ཡེངས་པའི་ངང་ནས་གཉིད་ལོག་ན་འོད་གསལ་ཟིན་པའི་དགོས་པ་ཡོད་ལ་རྨི་བ་ལམ་ཁྱེར་སོགས་དྲན་པར་བྱ། ཁྱད་པར་རྒྱུན་དུ་སྔོན་འགྲོ་བསགས་སྦྱངས་གྲུབ་ནས་བཟུང་། ཉིན་རེ་བཞིན་ཨ་རྫོགས་སྙན་གསུམ་པོ་མི་ནུས་ནའང་། གང་རུང་ངམ་ཡང་ན་རེས་མོས་སུ་མ་ཆགས་པར་བྱ་བ་དང་ལོ་དང་པོའི་ཚེ་དབང་བསྙེན་ཆེན་གྲུབ་ནས་བཟུང་། རྫོགས་པ་ཆེན་པོའི་བླ་མ་མཆོད་པའི་ཆོ་ག་ནི་དེ་ལས་ལྷག་པ་མི་དགོས་པས། ཚེ་དབང་གི་ཤོག་དྲིལ་བརྒྱད་པ་ཕྲིན་ལས་དང་བླ་སྒྲུབ་མ་ཆགས་པར་བྱ། ལོ་གཉིས་པའི་ཡི་དམ་ཞི་བའི་བསྙེན་ཆེན་གྲུབ་ནས་བཟུང་། ཞི་བ་ཨ་གསལ་གྱི་གཞུང་ཆགས་མེད་དང་། ལོ་གསུམ་པའི་ཡི་དམ་ཁྲོ་བོ་དབལ་གསས་བསྙེན་ཆེན་གྲུབ་པ་ནས་བཟུང་། དབལ་གསས་ལས་རིམ་མ་ཆགས་པར་བྱས་ན་ཤིན་ཏུ་ལེགས། ཡང་རྩ་རླུང་དང་ཐོད་རྒལ་འོད་གསལ་གྱི་ཉམས་ལེན་གྲུབ་རྗེས། དེ་དག་ལའང་ནང་དགོང་དུ་རླུང་རོ་དགུ་ཕྲུག་འཇམ་རླུང་ཅི་ཐུབ་རེ། ཐུན་སྦྱངས་དང་ལམ་ཁྱེར་རྣམས་མ་བརྗེད་པར་བྱ་ཞིང་སྦྱིན་པ་རྣམ་བཞི་སོགས་རྒྱུན་དུ་བྱས་ན། དེ་ལ་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་བ་ཞེས་བསྔགས་པར་བྱ་བའི་གནས་ལགས་སོ། །

དེ་ལྟར་ཉམས་སུ་བླངས་པ་ན། །
ནང་བ་སངས་རྒྱས་མིང་ཙམ་མིན། །
ཁ་བཤད་དོན་ལ་གནས་གྱུར་ཏེ། །
སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །

སྐབས་དྲུག་པའི་ལོ་གསུམ་སྒྲུབ་གྲྭ་བའི་འཕོ་སྦྱངས་སྐབས་ཀྱི་ཟུར་ཞིག

སྐབས་བདུན་པའི་ལོ་གསུམ་སྒྲུབ་གྲྭ་བ་ལྷན་བཞུགས།

 

སྐབས་བརྒྱད་པའི་གསར་ཞུགས་ཀྱི་ལོ་གསུམ་སྒྲུབ་གྲྭ་བ་ལྷན་རྒྱས།

      མདོ་སྨད་བྱང་རྒྱུད་ཀྱི་བོན་གྱི་འདུས་སྡེ་ཆེན་མོ་རེབ་གོང་གསེར་མོ་ལྗོངས་ཀྱི་སྟོད་ཕྱོགས་༧བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་སྒྲུབ་པ་གྲྭ་ཚང་འདི་༧སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་བཀའ་དྲིན་གྱི་མཐུ་ལ་བརྟེན་ནས་༡༩༨༩ལོར་གསར་དུ་བཙུགས་པ་དང་། ད་ལྟའི་བར་ལོ་ངོ་ཉེར་གཅིག་གི་རིང་ལ་ལོ་མཚམས་སྒྲུབ་ཐོན་པ་༨༨ལ་སོན་ཡོད། སྐབས་བརྒྱད་པའི་ལོ་མཚམས་སྒྲུབ་གྲྭ་བ་དབུ་གསར་འཛུགས་ཀྱི་སྐབས་འདིར་ཡང་ཐེངས་སྔོན་མ་རྣམས་ཇི་བཞིན་གསར་དུ་ཞུགས་པའི་ལོ་མཚམས་སྒྲུབ་གྲྭ་བ་གཙོས་ཕྱོགས་ཡས་མས་ཀྱི་དད་ལྡན་སྟོང་ཕྲག་གཉིས་ལྷག་ལ། ༧སྐྱབས་རྗེ་བོན་བརྒྱ་མཆོག་གིས་ལྕགས་ཡོས་ལོའི་ཟླ་༢པའི་ཚེས་༡༡ཉིན་ནས་ཟླ་༣ཚེས་༡བར་དུ་ཨ་རྫོགས་སྙན་གསུམ་གྱི་སྔོན་འགྲོའི་ཁྲིད་ལུང་དང་ཁྲིད་ཡིག་དམར་མོའི་མཛུབ་ཚུགས་ཀྱི་ཁྲིད་ལུང་སོགས་གནང་བ་དང་ལྷན་དུ་སྐྱབས་འགྲོའི་སྡོམ་པ་དང་སེམས་བསྐྱེད་མཆོད་པའི་གཞི་བཟུང་ཏེ་བྱང་སེམས་ཀྱི་སྡོམ་པ་བཅས་གནང་། ཚེ་དབང་བོད་ཡུལ་མའི་དབང་དང་ཀུན་བཟང་རྒྱལ་བ་འདུས་པའི་དབང་། ཡི་དམ་དབལ་གསས་རྔམ་པའི་དབང་། ཁྲོ་བོ་རྣམ་པར་འཇོམས་པའི་དབང་སོགས་དང་བཅས་གསང་སྔགས་ཀྱི་སྡོམ་པ་གནང་བ་མ་ཟད། ཁོང་གིས་བསྟན་འགྲོ་ཁོ་ནར་དམིགས་ནས་ད་ལོར་གསར་དུ་བརྩམས་པའི་རྨ་ཆེན་པོམ་རའི་སྒྲུབ་གཞུང་ཡིད་བཞིན་ནོར་བུའི་གཏེར་མཛོད་ཀྱི་ལུང་དང་རྗེས་གནང་། བསྟན་སྲུང་མ་བདུད་བཙན་གསུམ་གྱི་རྗེས་གནང་། དེ་མིན་དགོས་གལ་ཆེ་བའི་དབང་ལུང་ཅི་དགར་བསྩལ་ཞིང་འགྲོ་ཀུན་སྨིན་གྲོལ་གྱི་ས་ལ་འགོད་ཕྱིར་སྡིག་སྤངས་དགེ་སྒྲུབ་སོགས་བསྟན་འགྲོར་ཕན་པའི་དབང་ཁྲིད་མན་ངག་གི་གདམས་པ་ཆར་ལྟར་བསྩལ་བའོ། །

༧སྐྱབས་རྗེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་གིས་དབང་བཤད་གནང་བཞིན་པ།

དབང་ལུང་ལ་གསན་བཞིན་པའི་ངུར་སྨྲིག་འདུལ་བ་འཛིན་པའི་སྡེ། 

དབང་ལུང་ལ་གསན་བཞིན་པའི་གསང་སྔགས་རིག་པ་འཛིན་པའི་བོན་གཤེན་རྒན་གྲས་ཁག་ཅིག

དབང་ལུང་ལ་ཉན་བཞིན་པའི་དད་ལྡན་མི་སྐྱ་ཕོ་མོའི་ཟུར་ཞིག

ལུས་ལ་བྱིན་དབབ་དབང་གིས་གར་བསྒྱུར་བཞིན་པའི་ཚུལ།

དབང་གི་སྐབས་སུ་དད་ལྡན་བུ་སློབ་རྣམས་ཕྱོགས་ཡས་མས་ནས་ངང་གིས་འདུ་བཞིན་པའི་ཚུལ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག