ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> མཐུན་ཚོགས་སློབ་གླིང་། >> བོན་གཞིས་ཉིན་སློབ་ཏུ་མཐོ་འབྲིང་ངམ་འཛིན་རིམ་བཅུ་གཉིས་high Schoolགསར་འཛུགས་ཀྱི་དབུ་འབྱེད་མཛད་སྒོ།
བོན་གཞིས་ཉིན་སློབ་ཏུ་མཐོ་འབྲིང་ངམ་འཛིན་རིམ་བཅུ་གཉིས་high Schoolགསར་འཛུགས་ཀྱི་དབུ་འབྱེད་མཛད་སྒོ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྲི་གཡུང་དྲུང་།] [ཟླ་ཚེས། 11-04-10] [ཀློག་གྲངས། ]


༧རྒྱལ་བ་གཤེན་གྱི་འབྱུང་ལྡན་ ༣༠༡ གི་བགྲང་བྱ་ལྕགས་ཡོས་ལོའི་བོད་ཟླ་གཉིས་པའི་ཚེས་བཞི་སྟེ། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་བདུན་ཉིན་༧འཕགས་ཡུལ་ཧི་མ་ཅཱལ་གྱི་མངའ་ཁོངས་བོན་གཞིས་ཉིན་སློབ་ཏུ་མཐོ་འབྲིང་ངམ་འཛིན་རིམ་བཅུ་གཉིས་high Schoolགསར་འཛུགས་གནང་བའི་དབུ་འབྱེད་མཛད་སྒོའི་གནས་བསྡུས་དང་དཔར་རིས་ཁག་གཅིག

དེ་ཡང་རྒྱལ་བ་གཤེན་གྱི་འབྱུང་ལྡན་ ༣༠༡ གི་བགྲང་བྱ་ལྕགས་ཡོས་ལོའི་བོད་ཟླ་གཉིས་པའི་ཚེས་བཞི་སྟེ། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་བདུན་ཉིན་གྱི་ཞོགས་པའི་ཕྱག་ཚོད་འཁོར་གྲངས་དགུ་དང་ཕྱེད་ཀའི་ཐོག་བོན་གཞིས་ཉིན་སློབ་ཀྱི་སློབ་སྤྱི་ཆེན་མོ་S.P. Sharma མཆོག་དང་བོན་གཞིས་ཊོ་ལན་ཇིའི་ས་གནས་ཉིན་སློབ་ཀྱི་སློབ་སྟོན་ཚོགས་གཞོན། བོན་བུ་ཁྱིམ་ཁང་གི་དབུ་འཛིན་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་རྣམ་གཉིས་གཙོས་དགེ་སློབ་ཡོངས་ཀྱིས་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་བོན་གཞིས་ཉིན་སློབ་ཏུ་གདན་འདྲེན་དང་ཕེབས་བསུ་ཞུས་ཏེ། འཛིན་རིམ་བཅུ་གཉིས་high Schoolགསར་འཛུགས་ཀྱི་དབུ་འབྱེད་རྟེན་འབྲེལ་དང་རབ་གནས་བཀྲ་ཤིས་སོགས་གསོལ་བསྩལ་གནང་།


༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་མཐོ་འབྲིང་འཛིན་གྲྭར་དབུ་འབྱེད་གནང་བ།

༧སྐྱབས་རྗེ་རྒྱལ་སྨན་རི་བ་མཆོག་གིས་བཀའ་སློབ་བསྩལ་གནང་བ།

བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་སོགས་ཀྱིས་གསུང་བཤད་གནང་བཞིན་པ།

ཕྱག་ཚོད་བཅུ་བའི་ཐོག་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་འཛིན་རིམ་བཅུ་གཅིག་གི་གསར་ཞུགས་སློབ་ཕྲུག་བཞི་བཅུ་ལྷག་ལ་སློབ་དེབ་གསར་པ་དང་རྟེན་འབྲེལ་བྱིན་དར་སོགས་བསྩལ་གནང་མཛད། དེ་ནས་སློབ་སྤྱི་མཆོག་དང་སློབ་དགེ་རྣམས་ལ་ཐུགས་རྗེ་ལེགས་གསོལ་གྱི་དར་ཁ་བསྒྲོན་གནང་མཛད།


༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་དགེ་སློབ་རྣམས་ལ་བྱིན་དར་སོགས་གནང་བཞིན་པ།

རྟེན་འབྲེལ་གྱི་སློབ་ཁྲིད་དབུ་འཛུགས་གནང་བ།

དེ་མུར་སློབ་དགེ་རྣམ་པས་རྟེན་འབྲེལ་ཙམ་དུ་སློབ་ཕྲུག་རྣམ་པར་སློབ་ཁྲིད་ཀྱི་དབུ་འཛུགས་ཡང་ཞུས་ཡོད་པ་རེད།  ཕྱག་ཚོད་བཅུ་དང་ཕྱེད་ཀ་ནས་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་དང་། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་ལགས། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་དགེ་བཤེས་ཤེ་ཙུ་རྒྱ་མཚོ་ལགས། དེ་མིན་དཔལ་གཤེན་བསྟན་སྨན་རིའི་གླིང་གི་ལས་སྣེ་ཡོངས་དང་གྲྭ་ཚང་འདུས་མང་། བོན་གཞིས་མང་ཚོགས་ཚང་མ་བཞུགས་གནས་སུ་བཀོད་པ་དང་བོན་གཞིས་ཉིན་སློབ་ཀྱི་སློབ་གཙོ་མཆོག་དང་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་རིན་པོ་ཆེ། ས་གནས་བོན་གཞིས་ཀྱི་གཞིས་འགོ་ཕུར་པ་དབང་ལྡན། གཞན་ཡང་འབྲེལ་ཡོད་ཚོགས་སྡེ་ཁག་གི་སྐུ་མགྲོན་རྣམ་པས་རིམ་པ་བཞིན་དུ་བཀའ་སློབ་གསུངས་བཤད་གནང་བ་དང་། བར་མཚམས་རྣམས་སུ་གཞས་དང་ཞབས་བྲོ་སོགས་ཀྱང་སྤྱན་འབུལ་ཞུས་ཡོད་པ་རེད།
བོན་གཞིས་ཉིན་སློབ་འདི་ཐོག་མར་༡༩༧༥ལོར་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་འབྲེལ་ཡོད་སྡེ་ཁག་སྙན་གསེང་དང་གནད་ཡོད་མི་སྣ་དག་ལ་བཀའ་མངགས་གནང་བ་སོགས་ལ་བརྟེན་ནས་གསར་དུ་བཙུགས་གནང་བ་དང་། དེ་དུས་འཛིན་རིམ་ལྔ་པ་ལས་མེད་པ་དང་། ཕྱི་ལོ་༡༩༨༠ལོ་ནས་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་མཆོག་ཊོ་ལན་ཇིའི་ས་གནས་སློབ་སྟོན་ཚོགས་གཞོན་དུ་བསྐོ་བཞག་གནང་བ་དང་དེ་ནས་ཕྱི་ལོ་༡༩༨༩ལོར་འཛིན་རིམ་བརྒྱད་པར་གནས་སྤར་དང་དེ་དུས་སློབ་ཕྲུག་ཀྱང་གྲངས་༡༣༢ཡོད། དེ་རྗེས་ཕྱི་ལོ་༢༠༠༣ལོར་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་བཀའ་དགོངས་བཞིན་གོང་རིམ་སྡེ་ཁག་ལ་སྙན་གསེང་ཞུས་ཏེ་འཛིན་རིམ་བཅུ་བ་གསར་འཛུགས་གནང་ཐུབ་ཡོད་པ་དང་སློབ་ཕྲུག་ཀྱང་གྲངས་འཕར་ཏེ་གྲངས་༢༨༨འདུས་ཡོད་པ་རེད།


སློབ་ཕྲུག་རྣམས་ཀྱིས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་འདོན་བཞིན་པ།

སློབ་ཕྲུག་རྣམས་ཀྱིས་རྩེད་རིགས་ཞབས་བྲོ་འཁྲབ་བཞིན་པ།

མཐོ་འབྲིང་high Schoolའཛིན་གྲྭའི་གསར་ཞུགས་སློབ་ཕྲུག་རྣམས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་དང་ལྷན།

དེ་རྗེས་ན་ནིང་ཕྱི་ལོ་༢༠༡༠ལོར་ཡང་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་བཀའ་མངགས་བཞིན་ཊོ་ལན་ཇིའི་ས་གནས་ཉིན་སློབ་ཀྱི་སློབ་སྟོན་ཚོགས་གཞོན། བོན་བུ་ཁྱིམ་ཁང་གི་དབུ་འཛིན་དགེ་བཤེས་ཉི་མ་གྲགས་པ་རིན་པོ་ཆེ་མཆོག་གིས་སྐུ་ངལ་བསྐྱོན་ཏེ་འབྲེལ་ཡོད་གོང་རིམ་སྡེ་ཁག་ལ་འབྲེལ་བ་ཞུས་ཏེ་ཁྲིམས་མཐུན་བཀའ་འཁྲོལ་འོག ཕྱི་ལོ་༢༠༡༡ལོར་ཟླ་བཞི་པའི་ཚེས་༧ཉིན་འཛིན་རིམ་བཅུ་གཉིས་high Schoolཏེ་མཐོ་འབྲིང་གསར་སྤར་བྱུང་ཡོད་པ་དང་། ད་ལྟའི་ཆར་སློབ་ཕྲུག་ཀྱང་གྲངས་༥༦༧ཡོད། སློབ་ཕྲུག་གི་ཡོང་ཁུངས་ཀྱང་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཁག་ནས་ཕེབས་ཡོད་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་ཙམ་མོ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག