སྤུ་རྒྱལ་ཤེས་རིག་ཞིབ་འཇུག་ཚོགས་པའི་ལས་རྟགས་ནོར་བུ་ཁྱུང་ལྡིང་མ།
༡༽སྤུ་རྒྱལ་ཤེས་རིག་ཞིབ་འཇུག་གི་ནང་དོན། གནའ་བཟང་དེང་སྤྱོད་ཀྱི་རྩ་དོན་བཞིན་གནའ་བོའི་བོད་ཀྱི་ཤེས་རིག་གི་ལེགས་ཆ་མ་ལག་དང་བཅས་པ་རྣམས་རྒྱུད་འཛིན་དང་དར་སྤེལ་གཏོང་བ་དང་། མངོན་མིན་རིག་གནས་ཤུལ་བཞག་དག སྔོག་འདོན་དང་རྒྱུད་མཐུད་བྱེད་རྒྱུ། ཕྱོགས་ཀྱི་ཤེས་ཡོན་ཅན་རྣམས་ཉམས་མྱོང་བརྗེ་རེས་དང་བསམ་པའི་སློབ་གསོ་སྤེལ་རེས་ཡོང་བ། རྒྱལ་ཁབ་དང་མི་དམངས་ལ་ཕན་ཐོག་ཡོད་པའི་རིག་གཞུང་དང་རྩོམ་རིག་རྣམས་བརྒྱུད་བསྒྲགས་བྱེད་པ། ཞིང་འབྲོག་ལས་དང་། ཚོང་ལས་གཉེར་སྐྱོང་། རང་བྱུང་གི་གནོད་འཚེ་འགོག་ཆེད་ཁོར་ཡུག་སྲུང་སྐྱོབ་ལ་མཐོང་ཆེན་བྱེད་པ། དཔལ་འབྱོར་དར་སྤེལ་སོགས་ཀྱི་སློབ་གསོའི་ནང་དོན་ཡོད་པའི་ཤེས་རིག་སྟེ།
སྤུ་རྒྱལ་ཤེས་རིག་ཞིབ་འཇུག་ཁང་གིས་བསྒྲིགས་པའི་དཔེ་དེབ།
གནའ་དེང་དང་གསར་རྙིང་གི་རིས་སུ་མེད་པར་འབྲེལ་ཡོད་མཁན་དབང་རྣམ་པའི་གལ་ཆེའི་གསུང་རྩོམ་རིགས་ཕྱོགས་སྒྲིག་བྱས་ཏེ་༼སྤུ་རྒྱལ་ཤེས་རིག་ཞིབ་འཇུག༽ཅེས་པའི་དེབ་ཕྲེང་དང་།༼སྤུ་རྒྱལ་གངས་དཀར་༽ཞེས་པའི་དུས་དེབ་མུ་མཐུད་འདོན་སྤེལ་བྱེད་རྒྱུ། དམངས་ཁྲོད་ཤེས་རིག་རྒྱུད་འཛིན་གྱི་དགོས་མཁོར་འཚམ་པའི་བོད་རྒྱ་སྐད་ཡིག་དང་། ཚན་རྩལ་གྱི་སློབ་གསོར་ཤུགས་སྣོན་རྒྱག་པ། ཞིང་འབྲོག་ཁུལ་གྱི་མི་དམངས་རྣམས་ལ་ཡ་རབ་ཞབས་ཞུའི་སྒོ་ནས་སྨན་བཅོས་བྱེད་རྒྱུ་དང་། འཚོ་བའི་དཀའ་ངལ་ཡོད་པའི་མང་ཚོགས་རྣམས་ལ་རིན་མི་དགོས་པར་སྨན་བཅོས་ཞབས་ཞུ་བྱེད་རྒྱུ།
༢༽སྤུ་རྒྱལ་ཤེས་རིག་ཞིབ་འཇུག་གི་དགོས་པ། འཛམ་གླིང་ས་སྒང་ཧྲིལ་པོའི་ཡང་རྩེ་སྤུ་རྒྱལ་གངས་རིའི་ལྗོངས་འདིར་ད་ཡན་མི་ལོ་སྟོང་ཕྲག་དུ་མའི་གོང་ནས་ཞང་བོད་ཀྱི་ཤེས་རིག་དར་ས་ཆེ་བའི་ཡུལ་གྱི་ལྟེ་གནས་ཤིག་ཡིན་པ་མ་ཟད་ཐུན་མིན་ཡུལ་གྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་ཞིང་འབྲོག་འཚོ་བའི་ཉམས་མྱོང་དང་འབྲེལ་བའི་ཤེས་རིག་དར་ས་ཞིག་ཏུ་མངོན་མོད་ཀྱང་བར་ལམ་ཉམས་གུད་དུ་ཕྱིན་ཏེ་ཉག་ཕྲ་བའི་ཚུལ་གྱིས་གནས་ཡོད་པར་བརྟེན། ང་ཚོས་མེས་པོའི་ཤུལ་བཞག་གི་རིག་གནས་དེ་དག་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ཆེད་དུ་ཞིབ་འཇུག་གི་ལས་དོན་གཉེར་རྒྱུ་དང་། ཚན་རིག་གི་ལྟ་བ་གོང་མཐོར་བཏོན་ཏེ་སློབ་སྦྱོང་ལ་སྐུལ་སྤེལ་གཏོང་རྒྱུ་ནི་རྒྱལ་ཕན་དམངས་སྐྱོར་དང་སྤྱི་ཕན་ཞབས་ཞུ་ཡོང་རྒྱུར་གདོན་མི་ཟ་བས་དོན་སྙིང་ཆེན་པོ་ལྡན་ཡོད།
༣༽སྤུ་རྒྱལ་ཤེས་རིག་ཞིབ་འཇུག་གི་དམིགས་ཡུལ། ཐུན་མིན་ཞང་བོད་ཀྱི་ཁྱད་ནོར་ཤེས་རིག་འདི་དག་གཉེར་སྐྱོང་ཡག་པོ་ཡོང་རྒྱུ་དང་། ཕྱོགས་མེད་མཁས་དབང་ཡོངས་ཀྱིས་རྒྱུས་ལོན་བྱེད་དུ་འཇུག་པ། དུས་བབ་དང་འཚམས་པའི་དེང་རབས་རིག་གནས་ལ་ཡིད་ཆེས་དང་། སློབ་གསོར་མཐོང་ཆེན་བྱེད་པ། ལག་ལེན་གནད་ལ་ཁེལ་བའི་སྒོ་ནས་དཔལ་ཡོན་གཉིས་དར་སྤེལ་བྱེད་ཐུབ་རྒྱུ་བཅས་ཡིན།།
འགན་འཛིན་མི་སྣ། ཁྱུང་གངས་དཀར་པ། གཡུང་དྲུང་རྣམ་དག ཚུལ་ཁྲིམས་རྒྱལ་མཚན། གཡུང་དྲུང་ཕྲིན་ལས། དམུ་རྒྱལ་ཉི་མ།
ས་གནས། ཁྱུང་པོ་སྟེང་ཆེན་ཁུལ་སྤུ་རྒྱལ་ཤེས་རིག་ཞིབ་འཇུག་ཁང་།
༄༅། ལས་རྟགས་ནོར་བུ་ཁྱུང་ལྡིང་མའི་མཚོན་དོན་ངོ་སྤྲོད།
ཕྱི་རིམ་འབྱུང་མདོག་རིམ་པར་བརྩེགས་པ་ནི་སའི་གོ་ལའི་ཆགས་ཚུལ་དང་དབྱིབས་དགོས་འདོད་ཀུན་འབྱུང་ནོར་བུའི་གཟུགས་ནི་སྤྱིར་སའི་གོ་ལ་འདི་ཉིད་སྐྱེ་འགྲོ་ཀུན་གྱི་འཚོ་བའི་དགོས་པ་ཐམས་ཅད་ཀྱི་འབྱུང་གཞི་ཡིན་པ་མ་ཟད་སྐབས་དོན་དང་འབྲེལ་བའི་ཁྱུང་ཡུལ་ནོར་བུའི་ས་ཆ་ཞེས་པའང་མཚོན།
རྩེ་མོར་ཁྱུང་ཆེན་ལྡིང་བ་ནི་ཁྱུང་པོའི་མི་རྒྱུད་ཁྱུང་ལས་བྱུང་བའི་ལོ་རྒྱུས་དང་འབྲེལ། ས་ཆ་ལའང་“ཞང་ཞུང་”ངམ་“ཁྱུང་ཡུལ་”ཞེས་འབོད་པ་མཚོན།།
དབུས་ཀྱི་སྤུ་རྒྱལ་གངས་དཀར་ནི་ད་ཡན་མི་ལོ་སྟོང་ཕྲག་དུ་མའི་གོང་ནས་ཞང་ཞུང་གི་ཤེས་རིག་འཕེལ་རྒྱས་བྱུང་བའི་བརྒྱུད་རིམ་ནང་ཕུལ་བྱུང་གི་མི་སྣ་དྲན་པ་ནམ་མཁའ་སོགས་བཞུགས་ཏེ་རིག་གནས་དང་ལོ་རྒྱུས་དུ་མ་ཞིག་དང་བླ་སྲོག་གཅིག་ཏུ་སྦྲེལ་ནས་ཡོད་པ་དང་། སྤུ་རྒྱལ་ཞེས་པའི་ཐ་སྙད་འདི་ཡང་བོད་ཀྱི་ཡིག་རྙིང་ཁྲོད་དུ་ཧ་ཅང་དོན་སྙིང་ལྡན་པའི་དཔྱད་གཞི་ཞིག་ཏུ་མངོན་གྱི་ཡོད་པས་ལོ་རྒྱུས་ཀྱི་གཏན་ཚིགས་ཤིག་ཏུ་མཚོན།
མདུན་དུ་དལ་མཚོའི་རླབས་ཕྲེང་འཛད་མེད་གཡོ་བ་ནི་གསར་དར་དེང་རབས་རིག་པ་འབྱུང་མུས་སུ་གནས་པ་མཚོན།
གཟི་མིག་ལྔ་པ་ནི་གནའ་བོའི་རིག་པའི་གནས་ཆེན་ལྔ་མཚོན་པ་དང་། མཚོ་རླབས་ཀྱིས་བཏེགས་པའི་ཚུལ་དུ་ཡོད་པ་ནི་གསར་དར་ཚན་རྩལ་གྱི་མཚོ་རླབས་ཇི་ལྟར་གཡོས་ན་དེ་ཚད་ཀྱི་མཚན་སྙན་དང་གཟི་བརྗིད་བླ་ན་འབར་ཞིང་གནའ་དེང་ཤེས་རིག་གཉིས་པོ་གཅིག་ཕན་གཅིག་གྲོགས་ཟུང་འབྲེལ་དུ་གནས་པ་མཚོན།
ནོར་བུ་ཁྱུང་ལྡིང་མ་བཟོ་བཀོད་པས།