ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> མཐུན་ཚོགས་སློབ་གླིང་། >> རྒྱལ་རོང་དགོན་ཆེས་མཐོའི་ལྔ་རིག་སློབ་གླིང་།
རྒྱལ་རོང་དགོན་ཆེས་མཐོའི་ལྔ་རིག་སློབ་གླིང་།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་བཤེས་ཤེས་རབ་སྦྱིན་པ།] [ཟླ་ཚེས། 13-01-23] [ཀློག་གྲངས། ]


ཤུག་ལུ་བསམ་གཏན་རི་ཁྲོད།

  གླིང་ཆེན་ལྔ་ཡི་བདག་ཉིད་དུ་གྱུར་པའི་འཛམ་གླིང་ས་སྒང་ཆེན་མོའི་ཡང་རྩེར་གནས་པའི་ཞང་བོད་ཀྱི་གཞིས་ཁྱིམ་དྲོན་མོ་ནས་ས་སྐྱེས་རྡོ་སྐྱེས་སུ་བྱུང་བའི་གངས་ལྗོངས་ཁ་བ་རི་པའི་ཕ་ཆོས་གཡུང་དྲུང་བོན་རིན་པོ་ཆེ་ནི་ས་མཐོའི་ཞིང་ཁམས་འདིར་སྲིད་པ་ཆགས་པའི་གངས་རྒན་ཞིག་ལས་མདང་གསུམ་ཆགས་པའི་བ་མོ་མ་ཡིན་ཡང་། རྒྱ་དཀར་ནག་གི་ཡུལ་ནས་གཡོ་འཕྲུལ་གྱི་ཚ་རླབས་ངན་པ་དུམ་ཞིག་དྭངས་གཙང་གི་ཕ་ས་འདི་རུ་འཕྱུར་ཏེ་སྲིད་པའི་གངས་རྒྱལ་རི་བོ་འབགས་བཙོག་གི་དྲྭ་བར་བཅུག་ཅིང་བཞུ་ལ་ཉེ་བའི་གནས་སུ་གྱུར་ཡང་ཐབས་མཁས་ཐུགས་རྗེ་ཅན་གྱི་བོན་གཤེན་རིག་འཛིན་གོང་མ་དང་ཕྱི་དར་སྐྱེས་ཆེན་རྣམ་པ་གཡས་རུའི་སྟོན་པ་བཅོ་བརྒྱད་སྨན་རིའི་མཁན་རབས་རིམ་བྱོན་ཤར་རྫ་འཇའ་ལུས་ཡབ་སྲས་ནས་ད་ལྟའི་དྲིན་ཅན་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱི་བར་དུ་བྱོན་པའི་བླ་མ་དགེ་བཤེས་རྣམ་པས་ཚེ་སྲོག་གི་འགྲོ་གྲོན་ཁྱེད་ཀྱི་ཆེད་དུ་ཕུལ་བས་དེང་སྐབས་འཛམ་གླིང་རྒྱལ་སྤྱིའི་རིམ་པའི་ཁྲོད་དུ་ངོམ་རིན་ཆོག་པའི་ནོར་བུ་དང་རྩེ་ཞིག་ཏུ་གྱུར་ཡོད་པ་ནི་ཡོངས་སུ་གྲགས་ཤིང་གྲུབ་པའོ།།


དགེ་རྒན་དང་བླ་མ་རྣམ་པས་བཀའ་སློབ་གསུང་བཞིན་པ།

   ཁམས་བྲག་འགོ་རྒྱལ་རོང་དགོན་པ་ནི་དང་ཐོག་དུས་རབས་བཅུ་གཅིག་པའི་གོང་དུ་ཁྲི་ཚོ་དགོན་ཞེས་འདུས་གྲྭ་ཁྲི་ཕྲག་འཛོམས་པའི་དགོན་ཆེན་ཞིག་ཆགས་ཡོད་པའི་ལོ་རྒྱུས་རྒན་རབས་རྣམ་པས་ད་ལྟར་ཤོད་བཞིན་ཡོད་ལ་དགོན་ཆེན་དེའི་ཆགས་ཤུལ་ཡང་དངོས་སུ་མཐོང་རྒྱུ་འདུག དུས་རབས་བཅུ་གཅིག་གི་སྟོད་དུ་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱི་སྐབས་སུ་བསྒྱུར་བཅོས་བསྣུབ་གསུམ་གྱི་གཏོར་བརླག་ཚབས་ཆེན་བྱུང་མྱོང་བར་གྲགས། འདི་ནས་ཡར་བརྩིས་པའི་མྱི་ལོ་ལྔ་བརྒྱའི་གོང་དུ་རྒྱལ་རོང་དགེ་བཤེས་ནང་སོ་གཡུང་དྲུང་ཡེ་ཤེས་བོད་མདོ་ཁམས་ཁུལ་གྱི་བསྟན་པའི་བདག་པོ་ལྟ་བུར་གྱུར་ཞིང་།


སྒྲུབ་གྲྭ་བ།

   ཁམས་བྲག་འགོའི་ནུབ་རྒྱུད་ཤེལ་ཆུ་སྔོན་མོ་དལ་གྱིས་བབ་པའི་གཡས་ངོགས་ཁྲོ་བོ་དབང་ཆེན་དང་མ་རྒྱུད་ཐུགས་རྗེ་ཉི་མའི་གནས་རི་མཁའ་འགྲོ་འབུམ་གནས་ཀྱི་མདུན་ཞོལ་གཏོ་ལུང་ཡང་དབེན་དང་ས་སྔོན་སོགས་རྫོགས་པ་ཆེན་པོའི་ཨ་ཁྲིད་ཀྱི་བླ་རབས་དུ་མའི་སྒྲུབ་གནས་ཁྱད་པར་ཅན་གྱི་ཆར་གཏོགས་པའི་ས་ཆ་དེར་དགོན་པ་གནས་སྤོ་མཛད་དེ་མཚན་ལ་དཔལ་རྒྱལ་རོང་གཏོ་དགོན་གཡུང་དྲུང་གླིང་ཞེས་གསོལ་ཏེ་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྤེལ། དགོན་འདིའི་གཡས་ཕྱོགས་ཤུག་ལུ་བསམ་གཏན་རི་ཁྲོད་དུ་འཇའ་ལུས་འཕོ་ཆེན་པ་དབྲ་སྲས་ཟླ་བ་གྲགས་པ་མཆོག་གིས་བཙུན་མའི་འདུས་སྡེ་བསྐྱངས་ནས་མྱི་ལོ་ཉི་ཤུ་ལྷག་ལ་སྒོམ་རྒྱུད་བསྟན་པ་སྤེལ་བས་ཉམས་རྟོགས་ཅན་གྱི་བུ་སློབ་བསམ་ལས་འདས་པ་བྱུང་ཞིང་མཐར་གཉི་ཡུལ་བདེ་ཆེན་དབེན་ཁྲོད་དུ་ཕེབས་ཏེ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་རུ་དེངས་སོ།། དེ་རྗེས་དམ་པ་ཁོང་དང་སྐུ་ཡུལ་གཅིག་པའི་རྫ་བླ་སྐལ་བཟང་བློ་གྲོས་ལགས་ཀྱིས་རི་ཁྲོད་འདིར་གཟིགས་སྐྱོང་ཟད་མེད་མཛད།


འཆད་རའི་རྣམ་པ།

   དེ་ནས་རིག་གསར་གྱི་གཡོ་འགུལ་དྲག་པོ་ཡོངས་ལ་ཐེབས་པ་སྤྱི་མཚུངས་སུ་དགོན་འདི་ཡང་མིང་ཙམ་ལས་མ་ལྷག རྗེས་སུ་གོང་རིམ་གྱིས་བསྐྱར་བཞེངས་ཆོག་པའི་ཆོག་མཆན་བསྩལ་གནང་བྱུང་བ་བཞིན་བླ་མ་འཇམ་དཔལ་རྒྱ་མཚོས་ཐུགས་འགན་གཙོ་བཞེས་གནང་ཞིང་གཞན་ལྷ་སྡེ་མི་མང་ཡོངས་ཀྱིས་ཕྱར་གྲུ་མཉམ་འདེགས་ཀྱི་སྒོ་ནས་དགོན་པ་སླར་གསོ་བྱས།


བྲིས་གཟུགས་སྦྱོང་བཞིན་པ།

   ༢༠༠༧ལོར་རྒྱལ་རོང་གཡུང་དྲུང་ཡེ་ཤེས་ཀྱི་ཡང་སྲིད་མཆོག་སྤྲུལ་འཆི་མེད་གཡུང་དྲུང་རིན་པོ་ཆེ་དགོན་འདིའི་བསྟན་པའི་བདག་པོ་རུ་བསྐོས་ཤིང་མི་འཇིགས་གསེར་གྱི་ཁྲི་ལ་མངའ་གསོལ་གྱི་མཛད་སྒོ་གྱ་ནོམ་པ་འཚོགས། ༢༠༡༠ལོར་ཁྱུང་དཀར་དགེ་བཤེས་ཟླ་བ་བསྟན་འཛིན་སྟོན་འཁོར་དང་བཅས་པ་དགོན་འདིར་བྱོན་ནས་ཁོང་དང་སྤྲུལ་སྐུ་འཆི་མེད་གཡུང་དྲུང་རྣམ་གཉིས་ཟུང་འབྲེལ་གྱི་སྒོ་ནས་བཙུན་མའི་འདུས་སྡེ་གསོ་སྐྱོང་མཛད་པ་མ་ཟད་མགྱོགས་མྱུར་དུ་བཤད་གྲྭ་འཛུག་རྒྱུའི་འཆར་གཞི་གནང་ཡང་གློ་བུར་དུ་སྤྱིར་བོན་པོ་སྤྱི་དང་སྒོས་སུ་ཁམས་ཁུལ་གྱི་བོན་པོ་ཡང་སྒོས་དགོན་པ་འདི་ཡི་ལྷ་མི་སྡེ་གསུམ་ཡོད་དོ་ཅོག་ལ་བར་ཆད་ངན་པ་འདི་ལྟར་འཕྲད་དེ་ཤེས་འཇོན་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་ཆེན་མོར་ཡུན་རིང་བསྟེན་པར་མ་དབང་པར་ཞིང་ཁམས་སུ་གཤེགས་སོང་། བར་དེར་དགེ་བཤེས་བསྟན་འཛིན་སྐལ་བཟང་མཆོག་གིས་ཟླ་བ་དྲུག་ཙམ་ལ་དཔེ་ཁྲིད་རྒྱུན་བསྐྱངས་མཛད་མཐར་ས་ཆུ་མི་འཕྲོད་བའི་རྐྱེན་གྱིས་ཕ་ཡུལ་དུ་ཕེབས་དགོས་བྱུང་བ་རེད།


མཚན་ཉིད་རྩོད་བཞིན་པ།

   དེ་ནས་མཆོག་སྤྲུལ་འཆི་མེད་གཡུང་དྲུང་དང་དགོན་པའི་ལས་སྣེ་ལྷག་བསམ་ཅན་གྱི་གྲྭ་པ་སློབ་སྦྱོང་ལ་སྐོམ་པ་ཆུ་འདོད་ལྟར་གྱི་རེ་བ་བཅོལ་བཞིན་པའི་བཙུན་མ་རྣམས་དང་། གཞན་ཡུལ་མི་ལྷ་སྡེ་སོགས་ཀྱིས་གཡུང་དྲུང་བོན་གྱི་བླ་སྤྲུལ་དགེ་བཤེས་རྣམ་པར་ཇི་ལྟར་གསོལ་བ་བཏབས་དོན་བཞིན་བྱ་བཏང་སྤྲུལ་སྐུ་ཤེས་རབ་བློ་གྲོས་རིན་པོ་ཆེས་དཔལ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་དང་མཁན་པོ་ལུང་རྟོགས་བསྟན་པ་གཡུང་དྲུང་བཅས་ལ་ཡར་ཞུ་ཕུལ་བས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགེ་བཤེས་ཤེས་རབ་སྦྱིན་པ་རྒྱལ་རོང་དགོན་ཆེས་མཐོའི་བོན་གྱི་བཙུན་མའི་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་མངགས་རྒྱུའི་ཞལ་བཞེས་རགས་ཤིང་དེ་མཚུངས་སུ་དཔའ་བརྡ་ཞུ་ཚང་དགོན་པའི་དབུ་བླ་རྣམ་རྒྱལ་གྲགས་པ་དང་དགེ་བཤེས་ཤེས་རབ་ཐབས་མཁས་མཁན་པོ་བསྟན་འཛིན་རྣམ་རྒྱལ་སོགས་ལ་དགོངས་ཁྲོལ་ཞུས་དོན་བཞིན་གནང་བ་ཐོབ།


བསྟན་རྒྱས་སྨོན་ལམ་གསུང་བཞིན་པ།

  ད་ཆར་སློབ་གླིང་འདིར་བཙུན་མ་བཅུ་ཕྲག་བརྒྱད་ལྷག་གིས་རྒྱལ་བ་སྨན་རི་བའི་ལམ་ལུགས་ཇི་བཞིན་ཉིན་རེར་ཆུ་ཚོད་བཅུ་གཉིས་རིང་སློབ་སྦྱོང་ལ་བརྩོན་ཞིང་བདུན་ཕྲག་གཅིག་གི་ནང་རྩོད་རྒྱུགས་དམ་བཅའ་ཆེན་མོ་རེ་འཚོགས་ཀྱི་ཡོད་པ་དང་། སྒྲུབ་གྲྭ་བ་རྣམས་ཡོངས་འཛིན་ཆེན་མོའི་བཅའ་གཞི་སྒྲིག་བཀོད་ཇི་བཞིན་ཐུན་བཞི་དང་དཔེ་ཁྲིད་སོགས་ལ་བརྩོན་གྱིན་ཡོད།


མཚན་ཉིད་དམ་བཅའི་སྐབས།

   སློབ་གཉེར་བ་རྣམ་པར་འཚོ་བ་དང་སྡོད་ཁང་སོགས་སྤྲུལ་སྐུ་འཆི་མེད་གཡུང་དྲུང་མཆོག་གིས་དཀའ་ངལ་གང་ཡང་མེད་པར་གཟིགས་བཞིན་པ་ཡིན་ལ་ད་དུང་ཕྱོགས་གང་སར་ནས་སློབ་གཉེར་བ་དུ་མ་འདུས་པར་བརྟེན་ཁོང་གིས་བརྩོན་འགྲུས་ཀྱི་ཚེགས་དང་ཡོ་བྱེད་ཀྱི་རྒྱུ་སོགས་གང་ལ་མ་འཛེམ་པར་འདི་ལོར་ཚོགས་ཁང་ཆེན་མོ་གཉིས་དང་སྡོད་ཤག་ཐབ་ཚང་བཅས་གསར་བཞེངས་ཀྱི་ལས་འགོ་ཚུགས་ཟིན། སློབ་གཉེར་བའི་སྦྱང་ཚན་སྐོར་གྱི་དཔེ་ཆ་ཆ་ཚང་ཁྱུང་པོ་ཀོ་རྒྱལ་དགོན་བཤད་སྒྲུབ་འདུས་སྡེས་གནང་གིན་ཡོད་པ་བཅས།།

དཔལ་རྒྱལ་རོང་དགོན་ཆེས་མཐོའི་ལྔ་རིག་སློབ་གླིང་ནས་ལོ་ཟླ་ཚེས་ཉིན་བྲིས།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག