ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> གནས་རི་མཚོ་གསུམ། >> རྩེ་དྲུག་གནས་ཀྱི་ངོ་སྤྲོད།།
རྩེ་དྲུག་གནས་ཀྱི་ངོ་སྤྲོད།།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རྩེ་དྲུག་ལོ་རུ་མཁན་པོ།] [ཟླ་ཚེས། 10-09-22] [ཀློག་གྲངས། ]


རྒྱལ་བ་གཤེན་རབ་བྱིན་རླབས་གནས། །རིག་འཛིན་བརྒྱད་ཅུ་གྲུབ་པའི་གནས། །གྱིམ་ཤོད་ཤེལ་ལེ་རྒྱ་སྐར་ལ། །ཞི་ཁྲོ་སྒྲུབ་ནས་འདི་སངས་རྒྱས། །

དང་པོ་ཡིད་བཞིན་ནོར་བུ་རྩེ། །སྦྱིན་པ་མཐར་ཕྱིན་རྩེ་མོ་འཐོབ།། ཐུགས་རྗེ་བྱམས་མའི་གནས་རི་ཡིན། ། སྟོང་རྒྱུང་མཐུ་ཆེན་མེ་རི་སྒྲུབ།། བསྟན་སྲུང་སེང་གདོང་སྡེ་ལྔ་གནས།།

གཉིས་པ་དྲི་མེད་ཤེལ་དཀར་རྩེ།། ཚུལ་ཁྲིམས་མཐར་ཕྱིན་དྲི་མེད་འཐོབ།། དབལ་ཆེན་གེ་ཁོད་གནས་རི་ཡིན།། རིག་འཛིན་བརྒྱད་ཅུ་སྒྲུབ་པས་གྲུབ།། སྟན་སྲུང་སྒྲ་བླ་ཉི་པང་སད།།

གསུམ་པ་མཉམ་ཉིད་མཐོང་བ་རྩེ།། བཟོད་པ་མཐར་ཕྱིན་གཉིས་མེད་འཐོབ།། རིག་འཛིན་མཁའ་འགྲོའི་གནས་རི་ཡིན།། ཡབ་སྲས་གསུམ་གྱི་སྒྲུབ་ཕུག་ཡོད།། བསྟན་སྲུང་ཡེ་ཤེས་དབལ་མོ་གནས།།

བཞི་པ་བསམ་འགྲུབ་དགའ་བ་རྩེ།། བརྩོན་ འགྲུས་མཐར་ཕྱིན་རྫུ་འཕྲུལ་འཐོབ།། དབལ་སྲས་རྔམ་པའི་གནས་རི་ཡིན།། ཤ་རི་དབུ་ཆེན་བཤད་སྒྲུབ་གཙུག། བསྟན་སྲུང་སྲིད་པའི་རྒྱལ་མོ་གནས།།

ལྔ་པ་མི་འགྱུར་གཡུང་དྲུང་རྩེ།། བསམ་བསྟན་མཐར་ཕྱིན་གཡོ་མེད་འཐོབ།། ཁྲོ་བོ་ལྷ་རྒོད་སྟག་ལའི་གནས།། བསྟན་སྲུང་མི་བདུད་གཟའ་ཆེན་གནས།།

དྲུག་པ་ཆེན་པོ་ཏོག་ཆེན་རྩེ།། ཤེས་རབ་མཐར་ཕྱིན་ཆེན་པོ་འཐོབ།། ཁྲོ་བོ་དབང་ཆེན་ལས་བཞིའི་གནས།། མུ་སྤུང་གསལ་སྟང་སྒོམ་སྒྲུབ་གཙུག ། བསྟན་སྲུང་མ་བདུད་བཙན་ རྒྱལ་གནས།། དུར་ཁྲོད་མ་རྒྱུད་མཁའ་འགྲོའི་གནས། །

གནས་གསུམ་མཁའ་འགྲོ་རྟག་དུ་སྤྲིན་བཞིན་འདུས།། དམ་ཅན་རྒྱམ་མཚོའི་ཕྲིན་ལས་ཐོག་མེད་སྒྲུབ།། ཁྱད་པར་དུར་ཁྲོད་སེལ་བ་གླིང་གི་དཀྱིལ།། རྡོ་བ་བམ་ཆེན་གན་རྒྱལ་འདྲ་བ་ལ།། མཁའ་འགྲོ་སེང་གདོང་རྟག་དུ་གནས།། ཚོགས་གཞོང་གཡང་གཞི་འདྲ་བ་ལ།། བོར་ཆོག་ཚོགས་གཉིས་རང་རྫོགས་ཡོད།། ཐོད་པ་བོར་ཆོག་མཁའ་སྤྱོད་ཞིང༌།། བམ་རོ་ཚོགས་འཁོར་ཚོགས་ཆེན་རྫོགས།། རིག་འཛིན་མཁའ་འགྲོའི་གྲལ་དུ་ཚུད།། ཚོགས་ཀྱི་བདག་པོ་མངོན་དུ་གྱུར།། ཕུང་པོ་འདི་རུ་བཞག་ཚད་སྐྱེ་བ་བདུན་ལ་ངན་སོང་མེད་པ་རིག་འཛིན་བརྒྱད་ཅུས་སྨོན་ལམ་གྱི་ནུས་པ་ཡིན་ནོ།། བཀའ་རྟགས་རང་བྱོན་ཕྱག་རྗེས་ཞབས་རྗེས་ཡོད།། སྐོར་བ་བཅུ་རེ་སྙིང་པོ་དུང༌།། ཕྱག་འཚལ་སྐོར་བ་སྙིང་པོ་དུང༌།། གྱིམ་ཚ་རྨ་ཆུང་སྒྲུབ་པའི་གྲུབ་རྟགས་ཡོད།། སྙན་སྒྲུབ་དྲོད་ཚད་བརྒྱ་འགྱུར་འཕེལ།། དོན་གཉིས་ལྷུན་གྱི་གྲུབ་པར་བྱུང༌།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག