ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> གནས་རི་མཚོ་གསུམ། >> ཞང་ཞུང་ཁྱུང་ལུང་དངུལ་མཁར།
ཞང་ཞུང་ཁྱུང་ལུང་དངུལ་མཁར།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དཔོན་སློབ་བསྟན་འཛིན་རྣམ་དག] [ཟླ་ཚེས། 10-07-29] [ཀློག་གྲངས། ]

 

      དེ་ནས་ཕྱིན་པས་ཁྱུང་ལུང་རྔུལ་མཁར་རྒྱལ་བ་མཉེས་པའི་ཚལ་ལམ། ཁྱུང་ཆེན་སྤུངས་པའི་རི་ཞེས་པ་དེ། དེང་སང་མཁར་གདོང་ཟེར་ས་དེ་ཡིན་པ་གྲུབ་དབང་དཀར་ཆག་ལས་གསལ། ས་དེར་དྲན་པའི་རྡོ་སྐུ་རང་བྱོན་དུ་བཞགས་པ་དེ་ནི། ཟུར་བྱང་ལས། ཁ་རག་རྡོ་སྐུ་རང་བྱོན་ལ། གང་མཇལ་ཡི་དྭགས་བཀྲེས་སྐོམ་ཞི། ཞེས་དང་། དེ་ནི་མཛོད་སྒྲ་འགྲེལ་གྱི༼༢༽ལས། ཞང་ཞུང་གི་ཡུལ་ཨི་ཤོད་ད་ན། ཤིང་ཨ་པར་ལྗོན་པར་ཚལ། གྲོང་ཁྱེར་རྒྱལ་བ་མཉེས་ཀྱི་དབུས། མཁར་ཁྱུང་ལུང་དངུལ་མཁར་མ་མ་ཞེས་ཀྱང་བྱ། འོམ་པོ་སྒོ་བཞི་ཞེས་ཀྱང་བྱ། ཞེས་དང་། བློ་ལྡན་གྱི་ཟུར་བྱང་ལས། སྒྲུབ་གནས་ཁྱུང་ལུང་དངུལ་མཁར་ལ། གང་བསྒྲུབ་རིག་འཛིན་གྲལ་དུ་སྐྱེ། ཞེས་དང་། ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག༼༥༨༦༽ལས། གྲུབ་པའི་མངའ་བརྙེས་པའི་རིག་འཛིན་རྣམས་ཀྱིས་བྱིན་གྱིས་བརླབས་ཚུལ་ནི། ཁྱུང་ལུང་དངུལ་མཁར་རྒྱལ་བ་མཉེས་ཡུལ་དུ། བླ་ཆེན་པོ་དྲན་པ་ནམ་མཁའ། ཞང་ཞུང་བྱ་ཏི་རི་གཙུག་ལྡན་༼དེང་སང་པྲེ་ཏ་པུ་རི་ཟེར། མཆན༽དུ་ཚེ་དབང་ནམ་མཁའ་སྒྲོན་གསལ། བློ་ལྡན་གྱི་ཟུར་བྱང་ལས། བྱ་རི་གཙུག་ལྡན་གནས་མཆོག་ལ། ལོ་གཅིག་བསྒྲུབ་ན་མངོན་སངས་རྒྱས། ཞེས་དང་། དབལ་གྱི་བྲག་ཕུག་རོང་ཆེན༼དེང་སང་སྟག་རོང་ཟེར། ༽དུ་གཡུང་དྲུང་དཔའ་བོ་མཐོང་གྲོལ། ཞང་ཞུང་སྤོས་རི་ངད་ལྡན་ལ་སློབ་དཔོན་ཐ་མི་ཐད་ཀེ། མུ་ལེ་ཁྱུད་ཀྱི་འཚོ༼དཀར་ཆག་ལས་མཚོ་མ་པ་ཡིན་ཟེར། ༽འགྲམ་དུ་བོན་མོ་སྟག་ཝེར་ལི་ཝེར། ཏི་སེ་གངས་ཀྱི་ཤེལ་ཕུག་ཏུ། ཨ་ནུ་འཕྲག་ཐག་ཏི་སེ་རྫུ་འཕྲུལ་གསང་ཕྲག་ཏུ། བླ་མ་ཚེ་དབང་རིག་འཛིན། དབལ་འབར་མེ་རི་གསང་ཕུག༼དེང་སང་འབྲི་ར་ཕུག་ཟེར། འདིར་སྟོན་པའི་སྐུ་རྗེས་ཡོད་ཟེར། ༽ཏུ་བླ་ཆེན་དྲན་པ་བདུད་འདུལ། དུག་མཚོ་མུ་ལེའི་དོ་གླིང༼དེང་སང་ལ་ངག་གསེར་མཚོའི་དོ༽དུ་ཞང་ཞུང་ཐིས་དམར་སྤུངས་རྒྱུང་། གླང་ཆེན་ས་ལ་སྦས་ཕུག་ཏུ༼གླང་ཆེན་སྦས་ཕུག་ཟེར༽ཞང་ཞུང་གླང་ཆེན་མུ་ཝེར། གསང་བྲག་བྲག་དམར་ཡང་རྫོང་དུ། ཞང་ཞུང་ཙོ་མེན་གྱེར་རྒྱུང་། རྟག་ཏུ་ངུ་བུའི་རྩི་མཆོག་ཏུ། གྱེར་ཆེན་མར་མེ་སྒྲོན་གསལ། བྲག་དམར་རིན་ཆེན་སྤུངས་པ་རུ། ཞང་ཞུང་སྤུངས་རྒྱུར་མཐུ་ཆེན། ཡོངས་འདུས་དབང་གི་སྒྲུབ་ཕུག་ཏུ། ཞང་ཞུང་ལི་བོན་མུ་ཕྱ། ཞང་ཞུང་ཤོད་ཀྱི་དུམ་ཚལ་དུ། ཛོ་དམར་མེ་ཡི་བོན་པོ། ཞང་ཞུང་ཁྱུང་ལུང་དངུལ་མཁར་དུ། གར་མ་མེ་སླག་ཅན། ཞང་ཞུང་ཁྱུང་ཆེན་སྤུངས་རི་རུ། ཞང་ཞུང་ཁྱུང་ཡེར་དཀར་པོ། ཞང་ཞུང་ཕུག་ཏུ་སྒྲུབ་པའི་རིག་འཛིན་དེ་རྣམས་ཀྱི་ཞལ་ནས་ཀྱང་། གངས་རི་མཚོ་གསུམ་འདི་ཉིད་ལ། བྱིན་རླབས་ཡོན་ཏན་འདི་ལྟར་ཆེ། ཡུལ་ནི་ཞང་ཞུང་བོན་གྱི་ཡུལ། རི་ནི་མ་བརྩེགས་བོན་གྱི་རི། མཚོ་ནི་མ་བཀོད་ཁྲུས་ཀྱི་མཚོ། གནས་ནི་གསང་སྔགས་མེ་རིའི་གནས། གསང་ཕུག་དབལ་འབར་མེ་རེའི་ཕུག གང་བསྒྲུབ་ཚེ་འདིར་རིག་འཛིན་ཐོབ། ཅེས་གསུངས་པའི་ཕྱིར། དེས་ནི་རིག་འཛིན་དེ་རྣམས་དང་ཡི་དམ་དབལ་ཆེན་མེ་རི་གེ་ཁོད་སོགས་ཀྱིས་བྱིན་བརླབས་པས་འབྲེལ་ཐོག་རྣམས་ལ་དེ་ཡི་བྱིན་རླབས་འཇུག་སྟེ་སྒོ་གསུམ་གྱི་དགེ་བ་ལམ་དུ་འགྱུར། ལམ་ལ་བར་ཆད་མེད་པ། ལམ་མཐའ་རུ་ཕྱིན་པར་འགྱུར་རོ། །
      སྟོད་གནས་ངོས་འཛིན་གྱི་སྐོར་རྟོག་བཏགས་ཀྱི་སྒྲུང་གཏམ་འདྲ་མིན་ཇི་སྙེད་པའི་བཤད་སྲོལ་ཁེངས་ཡོད་ཀྱང་རང་གཞུང་ཁུངས་མ་ལ་མ་ཐུག་པར་དུ་བསྟོད་སྨད་ལ་མ་བྲེལ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག