ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> གནས་རི་མཚོ་གསུམ། >> གནས་མཆོག་སྐུ་བླ་བྲག་དཀར།
གནས་མཆོག་སྐུ་བླ་བྲག་དཀར།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ།] [ཟླ་ཚེས། 10-10-05] [ཀློག་གྲངས། ]

      རྨ་རྒྱུད་སྐུ་བླ་བྲག་དཀར་ནི་ཀན་སུའུ་ཞིང་ཆེན་རྨ་ཆུ་རྫོང་ཐོག་ནས་སྤྱི་ལེའུ་ལྔ་ཙམ་ཡོད་པའི་ལྷོ་ནུབ་འཚམས་སུ་《 ཡུལ་སྐད་དུ་ཨ་མྱེ་གོས་ལྭ་ཟེར》རྔམ་རྒྱུད་དང་ལྡན་པའི་གནས་རི་ཞིག་ཡོད་པ་དེ་ཡིན། རྨ་རྒྱུད་སྐུ་བླ་བྲག་དཀར་གྱི་སྒྲུབ་གནས་དེ་ནི་བླ་མ་ཞུ་སྒོམ་འཁྲུལ་ཞིག་དང༌། སྤྲུལ་སྐུ་ཁྲོ་གཉན་རྒྱལ་མཚན་སོགས་ཀྱི་སྒྲུབ་གནས་ཁྱད་པར་ཅན་ཞིག་ཡིན་པར་མ་ཟད། ཀན་སུའུ་ཞིང་ཆེན་རྩེ་དབུས་དགོན་པའི་བླ་སྤྲུལ་གང་མང་ཞིག་གནས་དེར་བཞུགས་ཡོད་པས། རྨ་ཉིན་རྩེ་དབུས་རི་ཁྲོད་ཞེས་འབོད་སྲོལ་ཡོད།

         ལྷག་པར་དུ་སྙིག་མའི་དུས་འདིར་སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་དང༌། ནད་མུག་མཚོན་གསུམ་གྱི་བསྐལ་པ་ལ་སོགས་སེལ་བའི་ཐབས་ཁྱད་པར་ཅན་ལ་དམིགས་ནས (བསྟན་རྩིས་ནོར་བུའི་ཕྲེང་བ་ལྟར་ན་སྤྱི་ལོ་༡༤༤༦ལོ་ཡིན་སྙམ་ལ། གནའ་བོའི་ཞང་བོད་ཚིག་མཛོད་ལྟར་ན་སྤྱི་ལོ་༡༣༨༦ལོ་ཡིན་པ་གསལ། ) རབ་བྱུང་བདུན་པའི་མེ་སྟག་ལོ་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔ་སྟེ། སྤྱི་ལོ༡༤༤༦ལོ་མཁའ་འགྲོ་སྲིད་པའི་རྒྱལ་མོ་ཡིས། མཁའ་འགྲོ་གསང་གཅོད་ཀྱི་མན་ངག་གཉན་པོ་སྤྲུལ་སྐུ་ཁྲོ་གཉན་རྒྱལ་མཚན་ལ་སྙན་བརྒྱུད་དུ་གནང་སའི་གནས་ཁྱད་པར་ཅན་ཡིན་པ་དང༌། ཡང་ན་བླ་མ་ཞུ་སྒོམ་འཁྲུལ་ཞིག་མི་ལོ་བཅུ་ཕྲག་དུ་མའི་རིང་ལ། སྒྲུབ་པ་ཉམས་ལེན་བྱས་ཤིང་མཐར་དགོངས་པ་བོན་དབྱིངས་སུ་གཤེགས་སའི་གནས་ཀྱང་དེར་ཡིན་པ་སོགས་ལུང་གིས་གྲུབ་སྟེ།དང་པོ་མཁའ་འགྲོ་གསང་གཅོད་ལས། ཡིད་ཆེས་པའི་ལོ་རྒྱུས་ནི། ཁོ་བོ་དམུ་གྱེར་ཁྲོ་གཉན་བདག། གནས་མཆོག་སྐུ་བླ་བྲག་དཀར་ནས། སྟག་ལོ་དཔྱིད་ཟླ་ར་བ་ཡིས། བཅོ་ལྔ་གདུག་གི་ནུབ་མོ་ལ། བདག་ནི་ཉམས་ལེན་སྐྱོང་ཙམ་ན། མཁའ་ལ་འཇའ་ཚོན་འོད་དུ་བྱུང༌། ཞེས་དང༌། གསང་བ་མན་ངག་གནད་དུ་འདུས་པའི་གདམ་པ་ལས། རིག་འཛིན་མཁའ་འགྲོ་གནད་འདུས་འདི། ཁོ་བོ་ཁྲོ་གཉན་རྒྱལ་མཚན་བདག ཐང་ཡངས་པ་གཅིག་ལ་འདུག་ཙམ་ན། མཁའ་འགྲོ་སྲིད་པའི་རྒྱལ་མོ་ཡིས། མན་ངག་གཉན་པོ་ལུང་དུ་གནང༌། ཞེས་དང༌། བསྟན་རྩིས་ནོར་བུའི་ཕྲེང་བ་ལས། མེ་སྟག་ཁྲོ་གཉན་རྒྱལ་མཚན་ལ། མཁའ་སྤྱོད་རིག་འཛིན་མཇལ་སྣང་དང༌། སྙན་རྒྱུད་ཐོག་མ་བྱུང་བའི་ལོ།།(༥༧༥)ཟླས་ཕྲིས་རབ་བྱུང་བདུན་པའོ།། ཞེས་དང༌། ཡང་ཞུ་སྒོམ་རྣམ་ཐར་ལས། ང་ཞུ་སྒོམ་བུ་ཆུང་སྙོན་པས། འཆི་ཁས་ལེགས་བཤད་ཚིག་གསུམ། ཀུན་གྱི་ཡིད་ལ་ཞོག་ཅིག ད་ནི་རྒན་རྒོན་འགྲོ་ལ་རིང༌། མི་ལོ་བརྒྱ་དང་བརྒྱད་ཅུ་ཀྱ་ལྔ་སོང༌། ད་ནི་མཁའ་སྤྱོད་གནས་ལ་འགྲོ། ཞེས་གསུངས་ནས། རྨ་རྒྱུད་སྐུ་བླ་བྲག་དཀར་རྩེ་རྫོང་ནས། དགུན་ཟླ་འབྲང་པོའི་ཚེས་བཅོ་ལྔའི་ཉིན། ཁྲི་གདུག་ཉི་མའི་རྩེ་ཤར་ལ། ཕུང་པོ་ལྷག་མ་མ་ལུས་པ། མཁའ་ལ་གཞའ་ཚོན་འོད་དུ་སངས་རྒྱས་ཏེ་སོང་ངོ༌། ཞེས་གསུངས་པ་སོགས་ལུང་གི་རྒྱབ་བསྟན་མང་ངོ༌།

 

དེས་ན་རྨ་རྒྱུད་སྐུ་བླ་བྲག་དཀར་གྱི་འདབས་རོལ་དུ་ཡོད་པའི་ངེ་ཤིང་དགོན་པ་ནི། སྔོན་ཆད་བོན་དགོན་ཞིག་ཡིན་པའི་བཤད་སྲོལ་ཀློང་ལྟར་གྲགས་འདུག་ལ། དེ་བཞིན་དུ་ངེ་ཤིང་དགོན་པའི་གྲྭ་བཙུན་ཞིག་གིས་ཀྱང(བཙན་དབང་གིས་བོན་སྙིང་མ་གསལ་དགོན་དུ་བསྒྱུར་བ་ཡིན་པ་ལས། བན་ཁ་སྙིང་མ་གསལ་མར་བསྒྱུར་དགོས་པའི་རྒྱུ་མཚན་མེད་སྙམ) སྔོན་ཆད་སྙིང་མ་ཡིན་ནའང་ཕྱིས་སུ་གནས་སྤར་ཏེ་གསལ་དགོན་དུ་བསྒྱུར་བ་ཡིན་ཞེས་གསུངས་པ་མ་ཟད་ཐོག་དང་པོ་དགོན་པ་འདེབས་མཁན་ཙོག་གེ་གཅོད་པ་ (ཙོག་གེ་ནི་ཡུལ་ལུང་གི་ཁ་སྐད་འགྱུར་བ་ཡིན་པ་ལས་དོན་ལ་རྩེ་དབུས་ཟེར)ཟེར་བ་ཞིག་ཡིན་པའི་ངོ་སྤྲོད་བྱས།

དེ་ལྟར་ན་རྩེ་དབུས་དང་འབྲེལ་འདྲེས་ཆེས་ཆེ་བར་སྣང༌། རྩེ་དབུས་བླ་རབས་སུ་གཅོད་པ་ཟེར་བ་ཞིག་གི་མཚན་མེད་ནའང༌། མཁའ་འགྲོ་གསང་གཅོད་ལ་གྲུབ་པ་ཐོབ་པའི་རྣལ་འབྱོར་བ་མང་དུ་བྱོན་པའི་ལོ་རྒྱུས་འདུག་པས་དགོན་འདེབས་པ་པོའི་ འཁྲུངས་ཡུལ་ཙོག་གེ་ཡིན་པ་དང༌། གཅོད་ལ་གྲུབ་པ་ཐོབ་པའི་ཙོག་གེ་གཅོད་པ་ཞེས་འབོད་ན་ཆོག་སྙམ། བཤད་ཕྱོགས་སུ་སྔོན་མའི་དགོན་ཤུལ་དུ་དེང་སེང་ཡང་ལྷ་ཁང་ཆུང་ཆུང་ཞིག་ཡོད་པ་ལ་དེའི་ནང་དུ་སྔོན་མའི་ལྷ་སྲུང་ལ་གསོལ་མཆོད་བྱེད་ས་ཞིག་ཡིན་པའི་གཏམ་ཐོར་བུ་རེ་གོ་མྱོང་ཡང་ལོ་རྒྱུས་གསལ་བོར་རྩད་མ་ཆོད་པས་རེ་ཞིག་བཞག་གོ། 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག