ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> གནས་རི་མཚོ་གསུམ། >> གནས་ཆེན་རྒྱལ་མོ་དམུ་རྡོ།
གནས་ཆེན་རྒྱལ་མོ་དམུ་རྡོ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ།] [ཟླ་ཚེས། 10-10-20] [ཀློག་གྲངས། ]

གནས་ཆེན་རྒྱལ་མོ་དམུ་རྡོ་གཡུང་དྲུང་སྤུངས་རྩེ།


གནས་ཆེན་རྒྱལ་མོ་དམུ་རྡོ་ནི། ཕྱི་ལྟར་ན་ཡིད་བཞིན་ནོར་བུ་རིན་པོ་ཆེ་ལྟ་བུ་དང༌། ནང་ལྟར་ན་ངོ་མཚར་རྨད་དུ་བྱུང་བའི་གཏེར་བུམ་ཟ་འོག་དར་གྱི་གདན་ལ་བཀོད་པ་ལྟ་བུ་དང༌། གསང་བ་ལྟར་ན་རི་བོ་དྲུག་ཅུའི་ཞིང་ཁམས་གདུགས་ཀྱི་རྩིབས་ཤིང་བཞིན་བཀོད་ལེགས་མཛེས་ཉམས་ལྡན་པ་ལྟ་བུ་ཞིག་སྟེ། རི་རྒྱུད་ནི་འབར་ཁམས་ཕྱོགས་ནས་མཆེད་ཅིང་གནས་རི་འདི་ཡི་མདུན་ནི། དཀར་མཛེས་ཁུལ་རོང་བྲག་རྫོང་གི་ཤར་ངོས་ཀྱི་ཉེ་འདབས་སུ་ཡོད་ལ། མིང་གཞན་གནས་ཆེན་དམུ་རྡོ་ལྷ་གཉེན་ཡང་ཟེར། གནས་མཆོག་འདི་ཡི་དབུ་རྩེ་ན་སློབ་དཔོན་བྷེེ་རོ་ཙ་ན་དགོངས་པ་བོན་དབྱིངས་སུ་གཤེགས་པའི་སྒྲུབ་གནས་དམུ་རྡོའི་དབུས་ཕུག་དང༌། སྒྲུབ་ཕུག་དེ་ཡི་གཡས་ཕྱོགས་སུ་ཡུམ་ཆེན་ཐུགས་རྗེ་བྱམས་མའི་གནས་དང༌། གཡོན་ཕྱོགས་སུ་གསང་བ་འདུས་པའི་གནས་སོགས་གནས་ཆེན་དྲུག་ཅུ་རྩ་གཉིས་དང༌། སྒྲུབ་གནས་བརྒྱ་དང་རྩ་བརྒྱད་ཡོད་པ་གསལ་ནའང༌། མདོར་བསྡུས་ན་ཤར་ཕྱོགས་སུ་ཞི་བའི་སྒྲུབ་ཕུག བྱང་ཕྱོགས་སུ་དྲག་པོ་སྒྲུབ་པའི་གནས། ནུབ་ཕྱོགས་སུ་རྒྱས་པའི་སྒྲུབ་ཕུག ལྷོ་ཕྱོགས་སུ་དབང་དྲག་སྒྲུབ་པའི་གནས་བཞིར་ཕྱེ་བར་འདུས་སམ། དེང་གི་དུས་སུ་སྒྲུབ་གནས་གཙོ་བོ་ནི། མཆོད་རྟེན་རང་འབྱུང་གི་མདུན་དང༌། ནོར་བུ་ཕུག སློབ་དཔོན་བྷེེ་རོ་ཙ་ནའི་ལོ་གསུམ་གྱི་སྒྲུབ་པ་མཛད་པའི་གནས་ཏེ་སྒྲུབ་གནས་བསམ་གཏན་ཕུག་སོགས་ལ་རྟེན་བཞེངས་ལེགས་པོ་བྱས་ཡོད་ལ་འཚམས་པ་བ་རེ་ཟུང་བཞུགས་ནས་ཡོད། གནས་རི་འདི་ལ་སྲིད་རྒྱལ་དྲེའུ་དམར་དང༌། རིག་འཛིན་སྟོང་རྒྱུངས་མཐུ་ཆེན། མཁའ་འགྲོ་སྡེ་ལྔ། རྒྱ་བོད་ཟིངས་པ་མཐུ་ཆེན། བླ་ཆེན་དྲན་པ་ནམ་མཁའ། སློབ་དཔོན་བྷེེ་རོ་ཙ་ན་སོགས་རིག་འཛིན་དུ་མའི་ཕྱག་རྗེས་དང་ཞབས་རྗེས་སོགས་བརྗོད་ཀྱིས་མི་ལངས་པ་རེ་ཡོད་པ་དཀར་ཆག་ཏུ་གསལ་པས་འདིར་མ་བྲིས་སོ། །འོ་ན་དེ་ལྟ་བུའི་གནས་ཁྱད་པར་ཅན་འདི་ལ་མཇལ་སྐོར་དུ་འགྲོ་བར་འདོད་ན། ལོ་སྐོར་བཅུ་གཉིས་ལས་རྟ་ལོ་བའི་རྟ་ཟླ་བ་ལ་སྟོད་གངས་ཏི་སེ་མན་ཆད་དང༌། སྨད་རི་བོ་རྩེ་ལྔ་ཡན་ཆད་ཀྱི་རིག་འཛིན་མཁའ་འགྲོའི་ཚོགས་རྣམས་གནས་འདིར་འདུ་བའི་ལོ་ཟླ་ཡིན་པས་སྐོར་བ་གཅིག་ལས་བྱེད་མ་ཐུབ་ནའང༌། ཀློང་རྒྱས་སྟོང་མཆོད་གཅིག་གི་ཕན་ཡོན་ཡོད་པ་གསལ་ལ། གནས་སྐོར་དུ་ཕྱིན་པ་ལ། ཕྱི་སྐོར་དུ་འགྲོ་ལུགས་དང༌། བར་སྐོར་དུ་འགྲོ་ལུགས། ནང་སྐོར་དུ་འགྲོ་ལུགས་སོགས་མཐོང་ཐོས་སུ་གྱུར། འོན་ཀྱང་བར་སྐོར་དུ་འགྲོ་ལུགས་ནི། གནས་མདུན་ནས་བཙན་ལྷ་ཕྱོགས་སུ་བྱིན་དགོས་ལ་བཙན་ལྷ་རྫོང་ཐོག་ཏུ་མ་ཐོན་པའི་བར་སྐབས་ཤིག་ནས་ཆུ་ཆེན་གཡུང་དྲུང་ལྷ་སྟེང་ཕྱོགས་སུ་འགྲོ་ལམ་ཤེས་དགོས་པས་འགྲོ་ལམ་དེ་བརྒྱུད་ནས་གཡུང་དྲུང་ལྷ་སྟེང་གི་ཉེ་འདབས་སུ་ང་ནན་ཆོས་ཟེར་བ་ཞིག་ཡོད་པ་དེར་འཐོན། དེ་ནས་བྲག་སྟེང་དང༌། པ་ཝམ༌། རོང་བྲག་རྫོང་ཐོག་བརྒྱུད་དེ་གནས་མདུན་དུ་སླེབས་ཐུབ་པ་ཡིན་ནོ།།

དེ་དང་དེ་བཞིན་དུ་བོན་གྱི་གནས་ཆེན།
༡ མཁའ་འགྲོ་དོམ་གདོང༌།
༢ གནས་མཆོག་བྱ་དུར་རམ་མཁའ་འགྲོ་འུག་གདོང༌།
༣ མ་རྒྱུད་ཀྱི་གནས་ཤར་དུང་རི།
༤ མཁའ་འགྲོ་སྨན་གདོང༌།
༥ མ་རྒྱུད་ཀྱི་གནས་མཆོག་བྲག་བྱ་རྒོད།
༦ མ་རྒྱུད་ཀྱི་གནས་མཆོག་དམུ་རིའི་གནས།
༧ རྨ་རྒྱུད་སྐུ་བླ་བྲག་དཀར།
༨ བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་སྒྲུབ་གནས་གཉན་པོ་གཡུ་རྩེ།
༩ གབ་ཏོག་〈〈ཡང་ན་བཀའ་བཏགས〉〉གསེར་གྱི་རྡོ་རིང༌།
༡༠ གནས་མཆོག་རྫ་ཕྱུགས་བྲག་དཀར།
༡༡ གླིང་ཆེན་འགྱིང་རི།
༡༢ ཐུགས་ཆེན་སྟག་ལྷའི་སྒྲུབ་ཕུག
༡༣ རྨ་ཆེན་གངས་རི་སོགས་ཀྱི་གནས་བཤད་མདོར་བསྡུས།

དེ་ལ་སོགས་གནས་རི་རྩ་ཆེན་ལ་སོགས་ཙམ་རེ་མཁོ་འདོད་ཡོད་ན། ཧི་མ་ལ་ཡའི་བོན་དྲ་ཚིགས་ཀྱི་ལས་འཛིན་རྣམ་པའི་མདུན་ནས་དྲ་ཚིགས་སུ་བཀོད་ཆོག་པའི་ཆོག་མཆན་ཞུས་དང་ཕྲན་གྱིས་མཁོ་འདོད་ལྟར་འདྲ་པར་དང་གནས་བཤད་མདོར་བསྡུས་བཅས་སྤྱན་ལམ་དུ་འབུལ་རྒྱུས་ཞབས་ཕྱི་སྒྲུབ་ངེས་ཡིན་ལགས།

དགེ་བའི་བཤེས་གཉེན་ཆེན་མོ་སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ་ལགས་ནས་ངེད་དྲ་བར་མུ་མཐུད་ནས་མཁོ་སྤྲོད་གནང་རོགས་ཞུ་རྒྱུ་དང་ཁོང་གི་མཛད་འཕྲིན་དག་ལེགས་འགྲུབ་ཡོང་བའི་མོས་འདུན་ཞུ་ཞུ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག