ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> གནས་རི་མཚོ་གསུམ། >> སྤུ་རྒྱལ་གཡུང་དྲུང་ལྷ་རྩེ།
སྤུ་རྒྱལ་གཡུང་དྲུང་ལྷ་རྩེ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། མཁའ་འགྱིང་གྲགས་པ།] [ཟླ་ཚེས། 10-10-29] [ཀློག་གྲངས། ]

གནས་ཆེན་སྤུ་རྒྱལ་རིའི་༼གཡུང་དྲུང་ལྷ་རྩེའི༽ལོ་རྒྱུས་རགས་བསྡུས་མུ་ཏིག་དོ་ཤལ་ཞེས་བྱ་བ་བཞུགས་སོ། །

༧ ན་མོ་དམུ་ར་ཝེར་ལ་སྤུངས་སོ་གུ་དུན་ཧྲུན། 
ཐོག་མ་མེད་ནས་སྲིད་པའི་མཚོ་ཆེན་དུ། །ལས་ཉོན་རྦ་རླབས་དྲག་པོས་གདུང་བའི་འགྲོ། །
མི་ཟད་དུ་ཁས་མནར་རྣམས་ཐར་བདེའི་ལམ། །བཀྲ་བའི་དེད་དཔོན་མཆོག་གསུམ་དམ་པར་འདུད། །
ཚོགས་གཉིས་རྒྱ་མཚོའི་གོས་ཅན་ལས་འཁྲུངས་ཤིང་། ། སྒྲིབ་གཉིས་དྲི་བྲལ་མཚན་དཔེའི་ལོ་འདབ་རྒྱས ། །
མཁྱེན་གཉིས་ཡོན་ཏན་འབྲས་བུ་གཡུར་ཟ་བའི། ། དོན་གཉིས་མཐར་ཕྱིན་དམུ་རྒྱལ་སྲས་ལ་བསྟོད། །
མཁྱེན་རབ་ཟབ་ཡངས་ཨ་དར་ཤ་ཡི་ངོས། ། ཇི་སྙེད་ཤེས་བྱའི་གནས་ལུགས་ཀུན་འཆར་བ ། །
འགྲོ་བློའི་ཡོལ་གོར་སྩལ་ལ་མི་བསྙེངས་པའི། ། སྨྲ་སེང་གཞོན་ནུ་ཚེ་རབས་གཏན་གྱི་སྐྱབས། །
མཚར་སྡུག་ཀུན་རྫོགས་ཡིད་འོང་ན་ཆུང་ཚུལ། ། ལེགས་བཤད་སྙན་བདུན་རྫོགས་པའི་ལང་ཚོ་ཅན། །
དྲི་ཟའི་སྒེག་མོ་ངག་དབང་མཚོ་བྱུང་མ། ། བདག་མགྲིན་གུར་ཁང་དབུས་ན་རྟག་ཏུ་རྩེན། །

    ༧ མཆོད་པར་བརྗོད་པས་མདུན་བསུས་ཏེ་གནས་ཆེན་སྤུལ་རྒྱལ་གངས་རིའི་ལོ་རྒྱུས་འབྲི་བར་བྱ་བ་ལ་གསུམ་སྟེ། དང་པོ་གནས་ཀྱི་བཞུགས་ཚུལ་དང་རི་ཀླུང་གི་རྣམ་པ་བསྟན་པ། གཉིས་པ་སྔོན་བྱོན་སངས་རྒྱས་དང་གྲུབ་ཐོབ་རིག་འཛིན་རྣམས་ཀྱི་བྱིན་གྱིས་བརླབས་པ་དང་སྒྲུབ་པ་མཛད་ཚུལ།ཐུན་མིན་གྱི་བཀའ་རྟགས་རང་བྱོན་སོགས་ཀྱི་སྐོར་བཤད་པ། གསུམ་པ་གནས་བསྐོར་གྱི་ཕན་ཡོན་དང་འགྱུར་རྩིས་བཅས་ཁག་གསུམ་སྒོ་ནས་འཆད་པར་བྱའོ། ། 

   དང་པོ། གནས་ཀྱི་བཞུགས་ཚུལ་དང་རི་ཀླུང་གི་རྣམ་པ་བཤད་པ། དེ་ཡང་བདག་ཅག་གི་སྐྱབས་ཀྱི་མཆོག་གྱུར་ ༧ རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱི་ཞབས་ཀྱི་བཅགས་ཤིང་བྱིན་གྱིས་བརླབས་པའི་གངས་ཅན་བོད་ཀྱི་ཡུལ་འདིར།སྟོད་ན་མངའ་རིས་སྐོར་གསུམ་དང་།བར་ན་དབུས་གཙང་རུ་བཞི། སྨད་ན་མདོ་ཁམས་སྒང་དྲུག་ཏུ་ཡོད་པའི་རྔུལ་རྫ་ཟལ་མོའི་སྒང་སྟོད་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ནང་ནས་སྒོ་པ།ཁྱུང་པོ་དཀར་ནག་སེར་གསུམ་གྱི་ནང་ཚན་ཁྱུང་པོ་སེར་རྒྱལ་པོའི་ཡུལ་གྲུ་གནམ་འཁོར་ལོ་རྩིབས་བརྒྱད་གདུགས་ཕུབ་པ་ལྟ་བུའི་འོགས་པད་མ་འབད་བརྒྱད་གདན་བཏིངས་པ་ལྟ་བུའི་སྟེང་དུ་ལྷུན་བརྗིད་ཚུལ་གྱིས་བགྱིང་བའི་གནས་ཆེན་སྤུ་རྒྱལ་གཡུང་དྲུང་ལྷ་རྩེའམ་མཚན་གཞན་ལྷ་རི་ཁྱུང་རྫོང་ཞེས་སུ་གྲགས་པ་དེ་ཉིད།རྒྱལ་བ་སངས་རྒྱས་ཀུན་གྱི་བྱིན་གྱི་བརླབས་པའི་རྟགས་སུ་དབུ་རྩེར་གངས་དཀར་ཤེལ་གྱི་ན་བཟའ་ཡོད་པ་དེ་ཚ་ཟེར་ཅན་གྱིས་བཞུ་བ་བར་དཀའ་ཞིང་།སྤྲིན་དང་ན་བུན་གྱི་ཞལ་ཁེབས་ལས་མེ་ཏོག་དང་བདུད་རྩིའི་སྦྲང་ཆར་རྟག་ཏུ་འབེབས་པ།གཞའ་ཚོན་དང་འོད་ཟེར་གྱི་ཀློང་ནས་རྟགས་དང་རྟེན་འབྲེལ་བཟང་པོ་སྣ་ཚོགས་སྟོན་ཞིང་། སྦས་པའི་གནས་ཆེན་སྤུ་རྒྱལ་གངས་བཟང་ཞེས་མཚན་སྙན་རབ་ཏུ་འབར་ཞིང་། རི་བོའི་དབྱིབས་ནི་ཕྱོགས་བཞི་ནས་བལྟས་ཚེ་མཐོང་ཚུལ་མི་འདྲ་བ་རེ་ཡོད་ཅེས་གསུངས་ཏེ། རིག་འཛིན་ཀུན་གྲོལ་གསང་བ་རྩལ་གྱིས་ཚེ་ལུང་དཔལ་འབར་བྲག་ལས་གཏེར་དྲངས་པའི།སྤུ་རྒྱལ་གནས་ཀྱི་དཀར་ཆག་ལས། དེ་ལས་ཁྱད་པར་སྤུ་རྒྱལ་རི་བོ་ནི། ཤར་ནས་བལྟས་ན་གཡག་དཀར་ཆུ་ཞུགས་འདྲ། བྱང་ན་བལྟས་ན་རྨོག་ཕོར་བརྩིགས་པ་འདྲ།།ནུབ་ན་བལྟས་ན་པད་མ་སྤུང་པ་འདྲ། །ལྷོ་ན་བལྟས་ན་དབལ་གཡག་བཞེངས་པ་འདྲ།མདོར་ན་དབལ་གཡག་འགྱིང་འདྲའི་རི་བོ་ཟེར། ། ཞེས་དང་། ཞུ་གཡས་བསོད་ནམས་དབང་གྲགས་ཀྱིས་མཛད་པའི་སྤུ་རྒྱལ་གསོལ་མཆོད་དུ།

གངས་ཅན་བོད་ཀྱི་སྒྲུབ་གནས་སུ། གངས་དཀར་གནམ་དུ་ཟངས་སེ་ཟངས། །

རི་མགོ་་གུར་དཀར་ཕུག་པ་འདྲ། ། གངས་ཟུར་ཆོན་ཐག་འཐེན་པ་འདྲ། །

རི་ཟུར་མདུང་དར་བཙུགས་པ་འདྲ། །རི་རྒྱུད་དར་ཡོལ་འཐེན་པ་འདྲ། །

ལུང་པ་ཡུལ་ཆུ་འཐེན་པ་འདྲ། ། རྩི་ཤིང་ནགས་ཚལ་ཕུན་སུམ་ཚོགས། །

གཡུ་མཚོ་སྔོན་མོ་མེར་རེ་རེ། ། ན་བུའི་སྦྲང་ཆར་སི་ལི་ལི། །

ཕྱོགས་ཀྱི་ལུང་པ་ཐམས་ཅད་ལ། །ལྷོ་བུར་སྨུག་པ་ཐལ་ལ་ལ། །

ལྷ་ཆབ་དཀར་པོ་ཤ་ར་ར། ། བདུད་རྩིའི་སྤོས་དྲི་ཅི་ལི་ལི། །

སྐུ་མཁར་དེ་ལ་མཚན་གསོལ་བ། །ལྷ་རི་ཁྱུང་རྫོང་དཀར་པོ་ཞེས། །

           ཞེས་དང་། གཞན་ཡང་གནས་ཀྱི་ཕྱོགས་བཞིའི་རི་རྣམས་གཡུང་དྲུང་། འཁོར་ལོ་དང ། པད་མ། རིན་པོ་ཆེ། སོགས་རིགས་རྟགས་ཀྱི་ཚུལ་དང་། ཞི་རྒྱས་དབང་དྲག་གི་ཚུལ་དུ་ཡོད་པ་མ་ཟད། ད་དུང་གནམ་ལ་འཁོར་ལོ་རྩིབས་བརྒྱད་དང་། རྩིབས་ལ་རིགས་ལྔའི་དཀྱིལ་འཁོར། ས་ལ་པད་མ་འདབ་བརྒྱད། དེ་བཞིན་བྲག་ངོས་དང་། སྤང་ལྗོངས། རྩི་ཤིང་། གངས་རིའི་ངོས་བཅས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཡོན་ཡོད་པ། རྩི་ཤིང་མེ་ཏོག་སྣ་ཚོགས་ཀྱི་གླིང་ནས་བྱ་ཅན་དང་རི་དགས་ཚོགས་ཀྱིས་དགའ་བའི་རོལ་རྩེད་སྣ་ཚོགས་བྱེད་པ། གཡའ་རི་དང་། གངས་རི། རྫ་རི། སྤང་རིའི་ཁྲོད་དུ་རྩི་ཤིང་སྨན་སྤོས་ཀྱི་དྲི་བཟང་ངད་ཀྱིས་ཕྱོགས་ཀུན་དུ་ཁྱབ་པ།རྩི་ལོ་མེ་ཏོག་ཐམས་ཅད་འགྲོ་བ་འདྲེན་པའི་སྨན་དུ་འཁྲུངས་པ་ཤ་སྟག་ཡིན་གསུངས་པ་སྟེ།

དམར་རུ་དབང་ཆེན་ཉིན་མའི་སྤུ་རྒྱལ་གནས་ཀྱི་མཇལ་སྣང་ལས།
ཤར་གྱི་རི་རྣམས་ཐམས་ཅད་ཀུན། ། གཡུང་དྲུང་དབྱིབས་ཏེ་མཆོད་རྟེན་ཚུལ། །
བྱང་གི་རི་རྣམས་རྒྱས་པའི་རི། ། འཁོར་ལོའི་དབྱིབས་ཏེ་མཆོད་རྟེན་ཚུལ། །
ནུབ་ཀྱི་རི་རྣམས་དབང་གི་རི། ། པད་མའི་དབྱིབས་ཏེ་མཆོད་རྟེན་ཚུལ། །
ལྷོ་ཡི་རི་རྣམས་དྲག་པོ་སྟེ། ། ནོར་བུའི་དབྱིབས་ཏེ་མཆོད་རྟེན་ཚུལ། །
གནམ་ལ་འཁོར་ལོ་རྩིབས་བརྒྱད་དོད། ། རྩིབས་ལ་རིགས་ལྔའི་དཀྱིལ་འཁོར་གསལ། །
ས་ལ་པད་མ་འདབ་བརྒྱད་ལྡན། ། སྤང་ལ་མཁའ་འགྲོའི་བྲོ་ར་གསལ། །
རྩི་ཤིང་འགོ་ལ་འཇའ་ཚོན་འཁྲིགས། ། གངས་ལ་མཁའ་འགྲོའི་བརྡ་ཡིག་བཀྲ། །

     ཞེས་དང་། གཞན་ཡང་གནས་ཀྱི་ཕྱོགས་བཞི་ནས་འབབ་པའི་ཆུ་དང་ཆུ་ཕྲན་རྣམས་ཀྱང་འཆི་མེད་ཚེ་ཡི་བདུད་རྩི་རུ་འབབ་པ་སྟེ། ཆུ་དེ་ཁ་ལ་བཏུང་བ་དང་ཁྲུས་བྱེད་པ་ཐམས་ཅད་ཚེ་རིང་ཞིང་ལུས་སྟོབས་རྒྱས་པ། འགྲོ་བ་སེམས་ཅན་གྱི་ཉོངས་མོན་བག་ཆགས་དྲི་མ་སྦྱང་ཕྱིར་ཞི་རྒྱས་དབང་དྲག་ངང་ཡི་དམ་ལྷ་ཡི་བསྙེན་པ་སྒྲོགས་ཤིང་འབེབས་པར་གསུངས་པ་སྟེ།

དམར་རུ་དབང་ཆེན་ཉིན་མའི་སྤུ་རྒྱལ་གནས་ཀྱི་མཇལ་སྣང་ལས།
ཤར་དུ་འབབ་པའི་ཆུ་བོ་རྣམས། ། ཞི་བའི་བསྙེན་སྒྲ་བཅས་ཏེ་འབབས། །
བྱང་དུ་འབབས་པའི་ཆུ་བོ་རྣམས། ། རྒྱས་པའི་བསྙེན་པ་སྒྲོགས་ཤིང་འབབས། །
ནུབ་ཏུ་འབབས་པའི་ཆུ་བོ་རྣམས། ། དབང་གི་བསྙེན་པ་སྒྲོགས་ཤིང་འབབས། །
ལྷོ་ནས་འབབས་པའི་ཆུ་བོ་རྣམས། ། དྲག་པོའི་རང་བསྙེན་སྒྲོགས་ཤིང་འབབས། །
དབུས་སུ་འཁྱིལ་བའི་མཚོ་མོ་ཀུན། ། བདེར་གཤེགས་ལྷ་ཡི་ཕོ་བྲང་གསལ། །
མཁའ་འགྲོ་དཔའ་མོ་མཚོ་མཚོ་སྨན་གནས། །བོན་སྐྱོང་རྣམས་ནས་འབྲལ་མེད་སྲུང་། །

    ཞེས་སོ། གཞན་ཡང་སྦས་པའི་གནས་ཆེན་འདི་ཉིད། འཇིག་རྟེན་ཕལ་པའི་སྣང་ཡུལ་དུའང་། གཞན་དང་མི་འདྲ་བའི་ཐུན་མིན་གྱི་ཁྱད་ཡོན་དུ་མས་གཏམས་པ་ཞིག་སྟེ། མདོ་ཁམས་གངས་རིའི་ཡང་རྩེ་ཞེས་དབུ་རྩེ་ཞེས་དབུ་རྩེ་གངས་འཁྱགས་ཤེལ་དཀར་ལྟ་བུའི་ན་བཟའ་བཀླུབས་པས་ཚ་ཟེར་ཅན་གྱིས་བསྲེགས་པར་མི་ནུས་པའི་དགེ་མཚན་དུ་མ་ལྡན་པ། རྩེ་མོ་དགུང་སྔོན་དབྱིངས་སུ་ཟུགས་པས། གཤོག་ལྡན་མ་གཏོགས་སེམས་ཅན་གཞན་དག་གངས་རིའི་དབུ་རྩེར་སླེབས་ཐབས་བྲལ་བ། ད་དུང་སྲ་ཞིང་གཟར་བའི་བྲག་རི་དང་། དཀར་ཞིང་མཛེས་པའི་གངས་རི། ཡངས་ཤིང་སྔོ་བའི་སྤང་རི།སྟུག་ཅིང་སྣུམ་པའི་ནགས་རི་བཅས་ཀྱིས་ཕྱོགས་མཚམས་ཀུན་ནས་བསྐོར་བ།མཚོ་དང་མཚེའུ་དག་ཡོན་ཆབ་བཤམས་པ་བཞིན་ཡིད་དུ་འོང་བ། ཆུ་འཕྱར་དང་ཆུ་ཕྲན་སོགས་རྣམ་པ་འདྲ་མིན་གྱིས་འབབ་ཅིང་རྒྱུ་བས་སྐྱེ་བོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པ། སྤང་རི་དང་ནགས་རི་ལས་སྨན་སྤོས་ཀྱི་དྲི་བཟང་གི་འཐུལ་བ། སྤུ་སྡུག་སྣ་ཚོགས་ཀྱིས་གསུང་སྙན་སྒྲོགས་ཤིང་རི་དགས་སྣ་ཚོགས་ཀྱིས་རྩེད་བྲོ་འཁྲབ་པ་མ་ཟད། གཅན་ཟན་སྣ་ཚོགས་ཀྱིས་རྔམ་སྐད་སྒྲོག་པ།ཡངས་ཤིང་རྒྱ་ཆེ་བའི་ནེའུ་གསེང་ཐོག་ཏུ་མེ་ཏོག་ཁྲ་ཆིལ་དགུ་ཆིལ་བཞད་ཅིང་། ཕྱུགས་རིགས་དཀར་ནག་ཁྱུ་ཚོགས་ཀྱིས་གང་བ།ཡན་ལག་བརྒྱད་ལྡན་གྱི་ཆུ་ཕྲན་ལྷུང་ལྷུང་དལ་གྱིས་འབབ་ཅིང་རྒྱུ་བ། མཚོ་དང་མཚེའུར་ཉ་སྲམཆུ་གནས་སོགས་འཚེ་མེད་བདེ་བར་རོལ་བ་བཅས་ཡིད་དུ་འོང་བ་བའི་གནས་ཁྱད་པར་ཅན་ཏེ།

དམར་རུ་དབང་ཆེན་ཉིན་མའི་སྤུ་རྒྱལ་གནས་ཀྱི་མཇལ་སྣང་ལས།
འཇིག་རྟེན་དབང་པོའི་མིག་ཡུལ་དུ། ། བྲག་རི་མདུང་ཚོམ་གཤིབས་པ་འདྲ། །
གངས་རི་གུར་དཀར་ཕུབ་པ་འདྲ། ། སྤང་རི་མཎ་ཌལ་ཕུལ་བ་འདྲ། །
ནགས་རི་ར་སླགས་བསྒྱུར་བ་འདྲ། ། མཚོ་མོ་ཡོན་ཆབ་བཤམས་པ་འདྲ། །
ཕྱོགས་བཞི་འབབ་པའི་ཆུ་ཕྱར་བཞི། ། སྲིན་མོའི་གྲེ་བ་འདྲ་ནས་འབབས། །
ཆུ་བོ་རྒྱ་དར་ཕྱར་བ་འདྲ། །ཆུ་ཕྲན་སྟོང་སྐུད་གཤིབས་པ་འདྲ།།

ཞེས་གསུངསགཞན་ཡང་གནས་འདིར་དུས་ཚིགས་དང་བསྟུན་ནས་ཁ་དོག་འགྱུར་བའི་རྟགས་མཚན་ལ་གཞིགས་ཏེ་ཡུལ་དུས་ཀྱི་འཕོ་འགྱུར་རྟོགས་དཔྱོད་ཐུབ་ཚུལ་སོགས་བཤད་སྒྲོས་མང་དུ་འདུག་ཀྱང་འདིར་མ་སྤྲོས་སོ།།

རབ་འབྱམས་ཞིང་ནས་རྒྱལ་བའི་བྱིན་གྱིས་བརླབས། །
རབ་མང་འགྲོ་འདྲེན་སྤུ་རྒྱལ་གངས་ཀྱི་རི། །
རབ་དཀར་སེམས་ལྡན་སྐལ་དམན་འགྲོ་བའི་ཚོགས། །
རབ་དགེ་གཏན་བདེའི་ཞིང་དུ་འགོད་པར་མཛོད། ། ཅེས་སོ། །

   གཉིས་པ། སངས་རྒྱས་དང་གྲུབ་ཐོབ་རིག་འཛིན་རྣམས་ཀྱི་བྱིན་གྱིས་བརླབས་ཏེ་བསྒྲུབ་པ་མཛད་ཚུལ་དང་། ཐུན་མིན་གྱི་བཀའ་རྟགས་རང་བྱོན་སོགས་ཀྱི་སྐོར་བཤད་པ། སྔོན་ཚེ་སྟོན་མཆོག་གཤེན་རབ་མི་བོ་ཀུན་ལ་རྣམ་པར་རྒྱལ་དེ་ཉིད་མཚན་ལྡན་ཁྱེའུ་བཞི་ལ་སགོས་འཁོར་དང་བཅས་རྟག་གཟིགས་འོལ་མོའི་གླིང་ནས་གངས་ཅན་བོད་ཡུལ་དུ་ཕེབས་ཏེ། ཏི་སེ་གངས་དཀར་ལ་ཞབས་ཀྱི་བཅགས། མ་པང་གཡུ་མཚོ་རུ་སྐུ་ཁྲུས་གསོལ། བོད་ཀྱི་ཆུ་བོ་བཞི་འདུས་ཀྱི་མགོ་རུ། ཕེབས་ཤིང་བོད་ཁམས་ཀྱི་ལྷ་འདྲེ་རྣམས་དབང་དུ་བསྡུས་ཏེ། བཀའ་ལ་ཉན་པའི་ཐ་ཚིག་བསྒོས། ཐམས་ཅད་བོན་གྱི་འཁོར་ལོ་བསྐོར། མཐའ་འཁོབ་དགེ་ལ་བཙུད། བདུད་ཁམས་ཡོངས་སུ་བཏུལ། བསྟན་པ་རྗེས་བཞག་གི་སྐབས་སུ། བོན་མི་འགྱུར་བའི་བཀའ་རྟགས་ཆེན་པོ་བདུན་བཞགས་པ་སྟེ། གངས་རྒྱལ་དང་། སྤུ་རྒྱལ། རྨ་རྒྱལ། ཤམ་པོ་རྡོ་ཐི། རུ་དོམ་ཟི་ཁྲོམ། ཁ་བ་གླང་རིབཅས་གཡུང་དྲུང་བོན་གྱི་བསྟན་པ་མི་འགྱུར་བའི་ཕྱིར་དུ། དབྱར་ལ་མི་ཞུ་བ་དགུན་ལ་མི་གྲང་བའི་བཀའ་རྟགས་བཞག་ཁྱར་པར་དུ་མ་འོངས་འགྲོ་བའི་དོན་ཆེད་དུ། སྦས་པའི་གནས་ཆེན་གངས་རི་བདུན་གྱི་འགྲོ་དོན་མཛད་པ། རྒྱལ་བའི་ཐུགས་རྗེའི་བྱིན་གྱིས་བརླབས་ཤིང་བོན་གྱི་འདུ་གནས་སུ་སྨོན་ལམ་བཏབ་སྟེ། སྤུ་རྒྱལ་དཀར་ཆགས་ལས། སྦས་པའི་གངས་རི་བདུན་གྱི་འགྲོན་དུ། ། གཡུང་དྲུང་བོན་བསྟན་མི་འགྱུར་གངས་དཀར་འཚེར། ། ཞེས་དང་། ཡང་ལུང་དེ་ལས། གངས་ཅན་རི་བོ་ཆེན་པོའི་གནས་ཆེན་བདུན། ། གངས་རྒྱལ་སྤུ་རྒྱ་ལ་རྨ་རྒྱལ་རི་བོ་གསུམ། ། ཤམ་པོ་རྡོ་ཐི་རུ་དོམ་ཟིམ་ཁྲོམ་གསུམ། ། ཁ་བ་གླང་རི་ལ་སོགས་གངས་དཀར་བདུན། ། གཡུང་དྲུང་བོན་གྱི་བསྟན་པ་མི་འགྱུར་ཕྱིར། ། དབྱར་ལ་མི་ཞུ་དགུན་ལ་མི་གྲང་བའི། ། རྒྱལ་བས་རྒྱས་གདབ་གནས་མཆོག་ཏུ་སྡོམ། ། ཞེས་གསུངས་ཤིང་།དེ་རྗེས་སུ་སྣང་བ་མདོག་ཅན་དང་སྟོང་རྒྱུང་མཐུ་ཆེན་སོགས་མཁས་པ་མི་བཞི་དང་། དྲན་པ་ཡབ་སྲས་རྣམ་གསུམ་བཅས་སྔོན་བྱོན་གྱི་རིག་འཛིན་བརྒྱད་ཅུས་ཞང་ཞུང་སྒོ་ཕུག་བར་གསུམ་དུ་ཐུགས་རྗེའི་འགྲོ་དོན་མཛད་སྐབས་འདུ་གནས་བཟང་པོ་གྱུར་པ་སྟེ། བྱིན་ཅན་གྱི་སྒྲུབ་ཕུག་དུ་མ་དང་། ཁ་ལ་རག་ཆོག་པའི་ཆུ་མིག ཐོད་པ་བོར་ཅོག་གི་དུར་ཁྲོད། གོམ་པ་སྤོས་མཆོག་གི་ཚལ་གླིང་། སྨོན་ལམ་བཏབ་ཆོག་གི་དག་ལམ། གཞན་ཡང་གསང་བའི་སྦས་ཕུག ལྷ་ཡི་ཁྲུས་ཆབ།སྨན་གྱི་ནགས་ཚལ། བཀྲ་ཤིས་རྟགས་སོགས་སྔོན་བྱོན་གྲུབ་ཐོབ་རིག་འཛིན་རྣམས་ཀྱི་ཕྱག་ཞབས་སྐུ་རྗེས་དང་། ལྷ་སྐུ་རིགས་རྟགས། རང་བྱུང་གི་སྐུ་བརྙན་། མཁའ་འགྲོའི་བརྡ་ཡིག སྦས་པའི་གཏེར་ཁ་སོགས་བྱིན་རླབས་དང་ཐུགས་རྗེའི་ན་བུན་མ་ཡལ་བའི་གཡུང་དྲུང་བོན་གྱི་བླ་རི་ཁྱད་པར་འཕགས་པ་ཅན་ཞིག་ཡིན་ཏེ། བླ་ཆེན་དྲན་པས་མཛད་པའི་གནས་གཏེར་གྱི་ཁ་བྱང་ལས། ཁྱད་པར་གནས་ཤིག་སྤུ་རྒྱལ་རི་བོ་ཡིན། ། བོད་དང་བོད་ཆེན་གཉིས་གྱི་མི་འགྱུར་རྟགས། །དེ་བས་ལྷོ་དང་བྱང་གཉིས་མི་འགྱུར་གཟེར། ། ཞེས་དང་། སྤུ་རྒྱལ་གནས་ཀྱི་དཀར་ཆག་ལས། དེ་ལྟར་ཁྱད་པར་ཆེ་བའི་མི་འགྱུར་གཟེར། ། གངས་ཅན་རི་བོ་སྤུན་བདུན་བཞུགས་པ་ནི། །གཡུང་དྲུང་བོན་གྱི་བླ་རི་ཡིན་པར་ངེས། ། ཞེས་དང་།བྱང་ཆུབ་རྡོ་རྗེ་རྩལ་ལམ་པད་མ་གཡུང་དྲུང་དཔའ་བོས་མཛད་པའི་བོན་རིའི་དཀར་ཆག་ཡིན་བཞིན་ལྗོན་པའི་ཕྲེང་བ་ལས།བོན་རིའི་ཕྱོགས་བཞིར་གསང་བའི་གནས་ཆེན་བཞི་ཡོད་པར་གསུངས་པ་སྟེ། དེ་ལས། ཤར་དུ་ཁ་བ་དཀར་པོ་དམར་མོ་བྲག ། འབུམ་ཤོད་ཕག་ཞལ་བྲག་དཀར་དབྱིག་ཀློང་གནས། །
བྱང་ཕྱོགས་སྤུ་རྒྱལ་མོན་མ་མཆེད་བརྒྱད་དང་།།མགོན་ལྷ་གྱིམ་ཤོད་ཤེལ་ལེ་རྫོང་དྲུག་གནས།།ནུབ་ཕྱོགས་གངས་གཉན་རྟ་སྒོ་ཤེལ་བར་དང་། ། དཔའ་བོ་བདུན་རི་བཀྲ་ཤིས་ཕྱུགས་མོ་ཞེས། ། ཞང་ཞུང་དང་ར་གཡུ་བུན་ཁྱུང་རྫོང་གནས ། ། ལྷོ་ཕྱོགས་རྩ་རི་རྩ་ཁང་གཡུ་མཚོ་དང་། །མ་མོ་གཡུ་ལུང་སྦས་པའི་ཤིང་མེ་གནས། །དེ་དག་གསང་བའི་གནས་མཆོག་གྱུར་པ་ཡི། །ཡང་དག་གསང་བ་ལུང་གིས་རྒྱ་རུ་གདབ། །ཅེས་གནས་མཆོག་བོན་རིའི་ཕྱོགས་བཞིའི་གནས་ཆེན་བཞིའི་ཡ་གྱལ་ཡིན་ཏེ།གནས་འདི་བསྟན་པ་ཕྱི་དར་སྐབས་སུ་གཏེར་སྟོན་ཆེན་པོ་རྗེ་བཙུན་ཁྲོ་ཚང་འབྲུག་ལྷ་དང་། སྤྲུལ་སྐུ་མཐའ་བཞིརེ་ཐུལ། སྟག་རྩེ་བྱ་བྲལ་སོགས་ཀྱིས་བྱིན་གྱིས་བརླབས་ཤིང་བསྒྲུབས་པ་མཛད་པའི་གནས་ཁྱད་པར་ཅན་ཡིན་ནོ། །

དཔག་ཡས་ཐུགས་རྗེའི་ཡོན་ཏན་རྟ་ལྗང་ཅན། །

འགྲོ་ཁམས་པད་ཚལ་སྐྱོང་བར་རབ་དགྱེས་ཤིང་། །

བསམ་གྱིས་མི་ཁྱབ་མཛད་པའི་ཕྲིན་ལས་འོད། །

ལས་ཉོན་སྨག་མུན་འཇོམས་ཕྱིར་རྟག་ཏུ་འཕྲོ། ། ཞེས་སོ། །

    འདི་ནས་རིམ་བཞིན་གནས་སྤུ་རྒྱལ་གྱི་དབུས་དང་།ཕྱོགས་བཞིའི་སྒོ་ནས་འཆད་པར་བྱ་སྟེ།དང་པོ་དབུས་ཀྱི་ཆེ་བའི་ཡོན་ཏན་ནི། དབུས་ཀྱི་རི་བོ་ནི། ཕྱི་ལྟར་དབལ་གཡག་འགྱིང་བ་ཡོད་ཅེས་གསུངས་པ་མ་ཟད། འཛམ་གླིང་གནས་ཀྱི་རྒྱལ་པོ་གངས་དཀར་ཏི་སེ་དང་དབྱར་མེད་ཡིན་པ་ལུང་རིག་གཉིས་ཀས་གསལ་བཤད་མཛད་ཡོད་པ་སྟེ།

བླ་ཆེན་དྲན་པས་མཛད་པའི་གནས་གཏེར་གྱི་ཁ་བྱང་དུ།
དབུས་ཀྱི་རི་བོ་དབལ་གཡག་འགྱིང་བ་འདྲ། ། ལུང་ཆེན་བརྒྱད་ནི་ཟ་འོག་ཁ་ཕྱེས་འདྲ། །
ཆུ་ཆེན་དྲུག་ནི་ལྗོང་ཤིང་སྐྱེས་པ་འདྲ། ། སྦས་གནས་སྒྲུབ་ཕུག་མེ་ཏོག་འབྲས་བུའི་ཚུལ། །
ཏི་སེ་གངས་དཀར་རི་དང་ཁྱད་པར་མེད། ། གནས་དང་གཏེར་སྲུང་དམ་ཅན་སྡེ་ལྔ་ཡིན། །

ཞེས་དང་། རིག་འཛིན་ཀུན་གྲོལ་གསང་བ་རྩལ་གྱིས་ཚེ་ལུང་དཔལ་འབར་བྲག་ལས་གཏེར་དྲངས་པའི་སྤུ་རྒྱལ་གནས་ཀྱི་དཀར་ཆག་ལས་ཀྱང་། མདོར་ན་དབལ་གཡག་འགྱིང་འདྲའི་རི་བོ་ཟེར། ། སྣང་མདོག་དང་ནི་གྲུབ་ཆེན་རིག་འཛིན་གྱིས། ། དབང་ཆེན་ངོ་མཚར་རྒྱས་པའི་བསྒྲུབས་པ་བྱས། །གངས་དཀར་ཏི་སེ་གཉིས་དང་དབྱེར་མེད་པ། ། བྱིན་རླབས་སྦས་པའི་གནས་ཆེན་མཆོག་ཏུ་བསྔགས། །གདངས་གྲགས་གསུང་གི་ངོ་བོའི་བྱིན་གྱིས་བརླབས། །གཏེར་བདག་ཡུམ་སྲས་སྡེ་ལྔའི་བཀའ་ཡིས་གཉེར། །ཞེས་སོཌ་གསུངས་པས་པས་རྟོགས་ནུས། ནང་ལྟར་ན། དབལ་ཆེན་དགུ་བའི་ལྷ་ཚོགས་ཕོ་བྲང་ཚུལ། ཞེས་དང་། ཕོ་བྲང་དགུ་ལ་གསང་སྔགས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་།དབལ་ཆེན་རིག་འཛིན་མདོ་སྔགས་ཀྱི་ལྷ་ཚོཌ་བཞུགས་པ། ཕྱི་རིམ་ཕྱོགས་མཚམས་བརྒྱད་ལ། སྤང་སྒྱུར་གྲོལ་གསུམ་འདུལ་མཛོད་ལྷ་ཚོགས་ཀྱི་དཀྱིལ་འཁོར་བཀོད་པ་སོ་སོར་གསལ་བ་ཞེས་གནས་ཀྱི་དཀར་ཆག་ལས་གསུངས་པ་ལྟར་དང་། དམར་རུ་དབང་ཆེན་ཉི་མའི་སྤུ་རྒྱལ་གནས་ཀྱི་མཇལ་སྣང་ལས། ཤེལ་རི་འོད་འབར་མཁར་དུ་ཕྱིན། ། ཕྱི་ལྟར་གཡུང་དྲུང་བཀོད་ལེགས་ཚུལ། །ནང་ལྟར་བདེར་གཤེགས་དཀྱིལ་འཁོར་གསལ། ། གསང་བ་བཀའ་གཏེར་སྦས་པའི་ཞིང་། །བདེར་གཤེགས་བྱིན་རླབས་ཉམ་ཐག་རྐྱོང་། ། ཕྱི་ཡུལ་སའི་སྡེ་ཚོགས་སྐར་ལྟར་བཀྲ། ། ནང་ལྟར་རིག་འཛིན་མཁའ་འགྲོ་སྤྲིན་ལྟར་གཏིབས། ། གསང་བ་ཞི་ཁྲོ་རྫ་ལྟར་ལྷགས། །དེ་འདྲའི་གནས་སུ་བདག་ཉིད་ཕྱིན། ། ཞེས་གསུངས། ད་དུང་ཕོ་བྲང་གི་རྟེན་དུ་བཞེད་པ། དབུས་ཕྱོགས་གསང་མཚོ་ནག་མོ་ཞེས་པ་ནི། མ་བདུད་ནག་མོའི་བརྟེན་པའི་ཕོ་བྲང་ཡིན་ཞིང་། དེ་ཡི་དབུས་སུ་དཀར་མོ་དབུ་དགུའི་གནས་དང་། བཀའ་ཡི་གཉེར་བློན་ལྷ་ཡི་དགེ་བསྙེན་བཞུགས་ཞེས་གསུངས། ཡང་ལུང་དེ་ལས། གཡས་ཕྱོགས་ལྷ་ལྕམ་དཀར་མོའི་ཕོ་བྲང་དང་། ། གཡོན་ཕྱོགས་ལྷ་སྲས་སྔོན་པོའི་གནས་ཀྱང་ཡིན། །གཡོན་རྒྱབ་མཚོན་ཆ་འདྲ་བའི་ར་བ་ན། ། མཎ་ཌལ་ཙམ་གྱི་སྦས་པའི་ཡུལ་ཆུང་ན། །བདུན་བརྒྱ་དྲུག་ཅུ་ཤོང་བའི་ངོ་མཚར་ཡོད། ། ཅེས་དང་ད་དུང་། དེ་བཞིན་ཕྱོགས་བཞིར་ལུང་ཆེན་བཞི་དང་ནི། ལུང་ཆེན་དྲུག་གི་བཀོད་པ་ཕྱེས་ནས་བསྟན། ། ཞེས་གསུངས་སོ། །

དཀར་དཀར་གངས་ཀྱི་ན་བཟའ་སྐུ་སྟོད་གསོལ། །
བརྗིད་བརྗིད་དབལ་གཡག་འགྱིང་འདྲའི་རྔམ་རྫིག་ལྡན། །
མཐོ་མཐོ་ཏི་སེའི་གངས་བཞིན་ཐུགས་རྗེ་ཅན། །
མང་མང་གནས་ཀྱི་མཆོག་གྱུར་སྤུ་རྒྱལ་རྗེ། ། ཞེས་སོ། །

དེ་ནས་གནས་ཀྱི་ཤར་ཕྱོགས་སྤུ་ཞེས་བྱ་བ་ན་ཞེས། ཕྱི་ཡི་སྒོ་གསང་རིལ་བྱ་བ་རི་བོའི་དབྱིབས་ནི་མཆོང་གི་གུར་ཁང་ཕུབ་པ་འདྲ། ཤིན་ཏུ་ངོ་མཚར་བ་ཡོད་པ་རུ་བསྐལ་བཟང་སངས་རྒྱས་སྟོང་གི་མདོ།རིན་ཆེན་སྣ་ལྔས་བྲིས་པ་གཏེར་དུ་སྦས་པ་དེར་མཆོད་རྟེན་ལྟ་བུའི་རྒྱ་ཡི་གདབ་ནས་ཡོད་ཅེས་གསུངས་ཤིང་།དེ་ཡི་མཎ་ཌལ་འདྲ་བའི་སྤང་རྩེའི་ སྟེང་དུ། དཀར་ཕྱོགས་ཟོ་དོར་ཡོངས་ཀྱི་འདུ་གནས་ཏེ །གནས་ཀྱི་དཀར་ཆགས་ལས།དེ་རུ་གཡེན་ཁམས་སེལ་བའི་མདོས་ཕུལ་ན ། བྱང་འབྲོག་ནམ་མཁའི་དགྲ་ཚོགས་ཕམ་པར་འོང་། ། ཞེས་གསུངས་ཡོད།
བར་སྒོ་ནི། གནས་ཀྱི་དཀར་ཆགས་ལས། བར་སྒོ་གཡུ་འབྲུག་མཁའ་ལ་འགྲོ་བའི་རི། །རྐེད་པའི་སྟེང་དུ་རྐྱང་ཞེས་བྱ་བའི་བྲག ། ཅེས་པ་དེར་ཚེ་དབང་རིག་འཛིན་གྱི་ཞབས་རྗེས་དང་། འོད་ལྡན་མཁའ་འགྲོའི་སྒྲུབ་གནས་མེ་ཏོག་དབྱིབས་ཅན། གཡས་ཟུར་དུ་བར་དོ་འཛུལ་ཆོག་ཐོན་དཀའ། མ་སྲིང་མཁའ་འགྲོའི་ཚོགས་ར།བྱང་སེམས་དཀར་དམར་འདྲ་བའི་བདུད་རྩི་ཡོད་པར་གསུངས་ཤིང་། དཀར་ཆགས་ལས། གཞན་ཡང་ཀུན་གྲོལ་འོད་ལྡན་དྲན་པ་དང་། །སྟོང་རྒྱུང་གྱིམ་ཚ་སོགས་ཀྱི་སྒྲུབ་གནས་ཡིན། ། དེ་རུ་ཕྱག་མཚན་ཕྱག་ཞབས་སྐུ་རྗེས་ཡོད། ། ཅེས་དང་།དེ་ལས་མདའ་རྒྱང་གང་གི་ས་མཚམས་སུ།སངས་རྒྱས་སྨན་གྱི་བླ་མའི་བདུད་རྩི་དང་།བྱང་ངོས་སུ་གྱིམ་ཚ་རྨ་ཆུང་གིས་བསྒྲུབས་པའི་ཁྲུས་ཆོག་ཆུ་མིག་དང་། རིགས་རྟགས་དང་འདྲ་བའི་བྲག་རི་ལ ། ཉི་ཟླ་དང་། ཆ་ལང་།བུམ་པ།རུས་སྦལ།ཡི་གེ་འཁོར་ལོ་སོགས་རང་བྱོན་དུ་གསལ་བ།ད་དུང་སེ་བོན་ཤ་རི་དབུ་ཆེན་དང་།ལྡེ་བོན་གྱིམ་ཚ་རྨ་ཆུང་།མེ་ཉག་ལྕེ་ཚ་མཁར་བུ་སོགས་ཀྱི་སྒྲུབ་ཕུག་ཡོད་པ་མ་ཟད། ལྷོ་ཕྱོགས་བྲག་གི་ཁུང་བུ་དྲུག་བདལ་ལ་འདུལ་བ་གཤེན་དྲུག་རང་བྱོན་དང་། མ་བདུད་རྒྱལ་མོའི་བླ་ཤིང་སོགས་ཡོད་ཅིང་། གནས་དེའི་བདག་པོ་ནི་ལྷ་རྒོད་སྙིང་ཁྲོམ་ཡིན་ཞེས་གསུངས་ཡོད། ནང་སྒོ་སྤྲུལ་པའི་རི་ཆུང་ཞེས་པ་དེ་རུ། ཐེག་པ་གཤེན་བརྒྱད་ཀྱི་སྐུ་ཡི་ཆ་ལུགས་རང་བྱོན་དང་། ཉིན་ལུང་ཞེས་པ་དེ་རུ་མ་མོའི་བྲོ་ར་དང་།གཡོན་དུ་ཐོད་པ་བོར་ཆོག་གི་དུར་ཁྲོད།གཞུང་དུ་མེ་ཏོག་གླིང་ཁྱིམ་དང་། མཁའ་འགྲོའི་རྒྱུ་བའི་གསང་ལམ་རང་བྱོན། གོམ་པ་བོར་ཆོག་ས་ཡི་སྙིང་པོ་བཅད་ཡོད་དོ ། །

ཉོན་མོངས་གདུང་སེལ་འགྲོ་ཀུན་སྐྱོབས་པའི་སྨན། །
རྒྱལ་བསྟན་ཡིད་བཞིན་ལྗོངས་པའི་བསིལ་གྲིབ་འོག །
སྒོ་གསུམ་སྣལ་མས་འཁྲས་པའི་འགྲོ་བ་གང་། །
ཆོས་བརྒྱད་ཚ་བའི་དཔུང་གིས་གླགས་མི་རྙེད། ། ཅེས་སོ། །

        གནས་ཀྱི་བྱང་ཕྱོགས་རྐྱང་ཞེས་བྱ་བའི་ལུང་པ་ན། གནས་ཀྱི་ཕྱི་སྒོ་ཆུ་གསུམ་ཁྱུད་མདོ་ཅེས། རི་བྲག་འདྲེས་པའི་ངོ་མཚར་ཅན་དང་། དེ་རུ་གནོད་སྦྱིན་སྐྱ་བརྒྱད་འཁོར་བཅས་ཀྱི་སྒྲུབ་པ་རྟེན་རྫས་གཏེར་དུ་སྦས་པའི་དེའི་གཏེར་སྲུང་ཆུ་ཡི་དགེ་བསྙེན་ཡིན་ཞེས་གསུངས་ཡོད་ལ། གནོད་སྦྱིན་བླ་རྡོ་མཁལ་མ་འདྲ་བ་དེར་སྨོན་ལམ་གང་བཏབ་ནོར་གྱི་དངོས་གྲུབ་འཐོབ་པར་གསུངས། དེ་ཡི་ཤར་དུ་མེ་ཏོག་གླིང་ཆུང་དང་ཀླུ་སྨན་ཕོ་བྲང་ཡོད་པ། དབྱར་ལ་མི་དྲོ་དགུན་ལ་མི་འཁྱགས།དཔྱིད་དང་སྟོན་ལ་བདུད་རྩི་ཁོ་ནར་གནས་པ། དུས་བཞིར་རྟགས་བཞི་གསལ་བ་ངོ་མཚར་ཅན་དང་། ལུང་པ་དེའི་རྩེ་བྲག་རི་རིན་ཆེན་རྩེ་མང་འདུས་འདྲར།སྟོང་རྒྱུང་མཐུ་ཆེན་གྱི་སྒྲུབ་གནས་དང་།བྲག་ལ་འབྲུག་ཞལ་བུ་མོ་རང་བྱོན། ད་དུང་དབལ་ཟངས་དང་། དབལ་སྟ། དབལ་གཡག དབལ་རུ། དབལ་རྡོ་བཅས་བྲག་ངོས་སུ་གསལ་པོ་མཇལ་རྒྱུ་ཡོད། དེ་ཡི་ནུབ་ངོས་མདའ་རྒྱང་གསུམ་གྱི་མཚམས་སུ། སྟོང་རྒྱུང་མཐུ་ཆེན་གྱིས་སྲིད་པའི་ལྷ་འདྲེ་ལ་བོན་འཁོར་བསྐོར་བའི་བཞུགས་ཁྲིད་མདུན་དུ། སྡེ་བརྒྱད་དྲེགས་པའི་བླ་རྡོ་ཕུལ་བ་ཡོད་ལ། དེ་ཡི་ལྷོ་ངོས། རི་བོ་ཁྱུང་ལྡིང་འདྲ་བའི་གསང་ལམ་ལས་བྱུང་བའི།ཆུ་མིག་དེས་མོ་སྐམ་བུ་འབྱུང་ནུས་པར་གསུངས། དེའི་ཉེ་འགྲམ་དུ་བསིལ་བ་ཚལ་དང་འདྲ་བ་བའི་དུར་ཁྲོད་ཡོད་པ་མ་ཟད།གཞན་ཡང་རྒྱལ་མཚན་དང་།སྦལ་པ་བདུད་གཡག་འདྲ་བའི་རི་བོ་རྣམ་གསུམ་ལ།སྡེ་བཞི་བོན་སྡེ་རྟེན་དང་བཅས་པ་ཕྱག་ཞབས་སྐུ་རྗེས་ཡི་གེར་བྲིས་ཏེ་སྦས་ཡོད་ཅེས་གསུངས་གསུངས་སོ། དཀར་ཆག་ལས། བར་སྒོ་ཟངས་ལྕགས་འཁོར་ལོ་བརྩེགས་པ་འདྲ། ། གནས་དེར་ཀླུ་བདུད་ཐང་ལྷ་གཉན་སྲས་རྒྱུད། །ཅེས་པ་དེའི་ཤར་ཕྱོགས་བྲག་དེའུ་དཀར་པོ་ནི།གསང་བ་ཡེ་ཤེས་སྒྲུབ་པའི་གནས་སུ་བཞེད་ཅིང་། དེ་རུ་བླ་ཆེན་དྲན་པ་ནམ་མཁས་བོན་སྡེ་སྐོར་སྦས་ཤིང་། བཀའ་རྟགས་རིན་ཆེན་མེ་རི་འབར་བ་དང་དེའི་ཉེ་བར་ཆེན་པོ་གླིང་ཆུང་ཞེས། ངོ་མཚར་སུམ་ལྡན་རྩི་སྨན་འབྱུང་ལྡེམ་འཁྲུངས་པ་སོགས་ཡོད། ནང་གི་སྒོ་ལ། གཉན་ཆེན་སྤར་བ་དུང་མགོ་གནས་པའི་གངས་རི་ཚོགས་ཕོར་འདྲ་བ་ཞིག་དང་། ཆུ་བོའི་གཡས་ཟུར་དུ། རྡོ་ཡི་ཁུང་བུ་རང་བྱུང་དང་། བྲག་ངོས་སུ་མཁའ་འགྲོའི་བརྡ་ཡིག་དང་གངས་རིའི་ངོས་སུ་ལས་བཞིའི་དཀྱིལ་འཁོར་དོད་པར་གསུངས་ཏེ། གནས་ཀྱི་དཀར་ཆག་ལས། དབང་གི་ཆུ་བོ་བདུན་གྱི་རིག་འཛིན་ནི། ། འཆི་མེད་རིག་འཛིན་ལུང་བསྟན་ཟླ་བཞིར་བསྒྲུབས། ། དེ་ཡི་ཆ་ལ་ཉེ་བར་བཏུད་པས་ན ། །རིན་ཆེན་བྲག་གི་ངོས་ལ་བཀྲ་བ་ཡི། ། སྟག་གཟིག་མཁའ་འགྲོའི་བརྡ་ཡིག་ལྔ་བརྒྱ་ལ། །བསྐལ་པའི་ཆ་རྐྱེན་དུས་ཀྱི་རྒྱུ་ཁུག་ལ། ། གངས་རིའི་ངོས་ལ་ལས་བཞིའི་དཀྱིལ་འཁོར་ནི། །རང་འདོད་ཚུལ་དུ་རྩེ་འདུས་མངོན་དུ་བཞུགས། ། ཅེས་གསུངས་སོ། །

དུས་གསུམ་རྒྱལ་ཀུན་བྱིན་རླབས་སྤུངས་པའི་གནས། །
འགྲོ་བས་བསོད་ནམས་གསོག་པའི་པའི་ཞིང་གི་ཕུལ ། །
སྒྲིབ་གཉིས་མུན་འཇོམས་སྣང་བའི་གཟི་བྱིན་ཅན། །
སྤུ་རྒྱལ་གཡུང་དྲུང་ལྷ་རྩེ་ཁྱེད་མིན་སུ། ། ཞེས་སོ ། །

གནས་ཀྱི་ནུབ་ཕྱོགས་རྔ་རོང་ཞེས་པ། ཕྱི་སྒོ་ཉོག་ཅེས་བྱ་བའི་གཞུང་དུ་བྲག་རི་དམར་ནག་སོག་པོ་ཁྲོས་འདྲའི་ངོས་སུ། འབར་བ་ནག་པོ་མངོན་དུ་རང་བྱོན་གསལ་བ།དེ་ཡི་མདུན་ཕྱོགས་སུ་ཕུག་རིང་ངོ་མཚར་ཅན་ཞིག་ཡོད་པ་དེར། གཡུང་དྲུང་ཡོངས་རྫོགས་ལྷ་ཚོགས་གསལ་བ་ཡོད་ཅེས་གསུངས་པ་དེ།ཡུམ་ཆེན་ཐུགས་རྗེའི་བྱམས་མའི་ཕོ་བྲང་ཡིན་པར་བཞེད།དེ་ཡི་གཡས་སུ་འཇིགས་སུ་རུང་བའི་དུར་ཁྲོད་ཡོད་པ་དེར་མི་དང་མི་མིན་མངོན་སུམ་རྒྱུག་ལམ་དོད་པ། དོམ་ནག་གནམ་དུ་ལངས་འདྲའི་གཉན་པོ་རི་ཡི་སྙིང་ཁར་འཁྱིལ་འདྲའི་སྒྲུབ་ཕུག་ཏུ། བླ་མ་ཆེ་དྲུག་གི་བྱིན་གྱིས་བརླབས་པའི་རྟགས་སུ། རང་བྱུང་རྡོ་ལ་ཆར་སྤྲིན་འཐིབས་སེ་ཡོད། བར་སྒོ་ནི། རི་ཡི་མགོར་དུ་འདུས་པ་ཞེས། རི་བྲག་སྨུག་མོ་བསེ་ཡི་ཁང་བུ་ལྟ་བུ། དབྱིབས་ནི་གླང་ཆེན་བརྗིད་ལྡན་དྲག་པོའི་གནས་ཏེ། དེའི་སྲུང་མ་ནི་ལྷ་ཡི་བཙན་རྒོད་ཉིད་དོ། དེའི་བྱང་ངོས་སུ་ལྗང་ནག་བླ་མཚོ་ཡོད་དེ།སྐབས་སུ་དམར་ནག་རག་ཏ་ལྟ་བུར་་མདོག་འགྱུར་གྱི་ཡོད། དེ་མཚམས་སྲིན་གཡག་མགོ་སྡུམ་འདྲ་བའི་བྲག་ལ། འབུམ་ལྔ་དང་། ཕར་ཕྱིན་བཅུ་དྲུག ། བྲམ་ཟེའི་སྐུ་ཤ རྒོད་ལྕམ་མཁའ་འགྲོའི་རུས་རྒྱན་བཅས་སྦས་པའི་བཀའ་ཡི་རྒྱ་རྟགས་ལ། ཡིག་འབྲུ་དང་། རིགས་རྟགས་བཀྲ་ཞིང་།དེ་རུ་ད་དུང་སྟག་ལ་མེ་འབར་གསང་དར་ནག་པོ། སྡེབ་མཆོག་མཐིང་ནག་འདོམ་དགུ་ཡོད་པ་སྦས་ཤིང་། བཀའ་རྟགས་གཏེར་སྒོ་ཨེ་ཀློང་གི་ཚུལ་དུ་ཡོད་པའི་སྟེང་དུ་སྟག་གི་སྦར་རྗེས་ཡོད་དོ། ནང་སྒོ་ལ།གཙུག་ཕུད་ཅན་གྱི་རི་ཞེས་བྱ་སྟེ་ཤེལ་རི་དུང་ཕོར་འདྲ་བར། ཁྱུང་གཤོག་གཡས་པའི་དབྱིབས་ལ། ཟླ་གམ་ལྟ་བུའི་སྒོ་དོད་པ་ནི་གཏེར་རྟགས་ཏེ།དེ་རུ་གཤེན་རབ་བགྲང་ཕྲེང་དྲོད་དང་ལྡན་པར་ཡང་རྒྱལ་འབྲུག་གི་སླགས་པས་དྲིལ་ནས་ཡོད་ཅེས་ གསུངས། དེ་ཡི་ལྷོ་ངོས་སུ་གསང་བའི་ལུང་ཆུང་དུ། ཀླུ་རྒྱལ་གཏེར་མཚོ་འཁྱིལ་ཆེན་ཞེས་པ། སྔོན་ཚེ་གཤེན་ནམ་མཁའ་སྣང་བ་མདོག་ཅན་གྱི་ཞལ་ནས་གསུང་ཕྱུག་ལྗགས་ལས་མཆིལ་དོར་བར་བརྟེན། སྨོན་ལམ་དང་རྟེན་གྱི་ཚིགབོས་ཚེ། དམ་ཚིག་མི་འདོར་བའི་རྟགས་སུ་ལོ་དུས་མཁའ་རུ་འཕྱུར་ཞིང་། དེ་ཡང་མདུན་དུ་རྒྱས་ཚེ་ནོར་ཕྱུགས་འཕེལ་བ་དང་། གཡས་སུ་རྒྱས་ཚེ་ཕོ་རྒྱུད་དང་། གཡོན་དུ་མོ་རྒྱུད་ལ་བཟང་བ། རྒྱབ་ཏུ་རྒྱས་ཚེ་སྐྱ་འབྲུ་སྨིན་པའི་རྟགས་བཟང་པོ་སྟོན་པ་སོགས་ཡོད། །

སྡུག་བསྔལ་འོབས་ཆེན་འཁོར་བའི་མཚོ་མོ་རུ། །
ལས་ཉོན་ཆུ་སྲིན་ཁར་ཚུད་མ་རྒན་རྣམས། །
ཐར་བདེ་ཡང་དག་ལམ་དུ་འཁྲིད་པའི་མགོན། །
མཆོག་གསུམ་གཟིངས་ཆེན་ཁྱེད་ལས་གཞན་སུ་མེད། ། ཅེས་སོ། །

གནས་ཀྱི་ལྷོ་ཕྱོགས་ནི། མཁའམའགྲོའི་བརྡ་ལུང་ངོ་མཚར་ཅན་ཏེ། ཕྱི་སྒོ་ནི་དྲེལ་འགག་ཞེས་བྱ་བ་བྲག་རི་བམ་རོ་བརྩེགས་འདྲ། ངོ་མཚར་གྱི་ཆུ་བྲག་འཐབ་པའི་བར་ན།དབལ་བོན་སྟག་ལ་མེ་འབར་གྱིས་སྲིན་མོ་རོལ་ཆེན་བསྒྲལ་བའི་སྙིང་རྗེན་ལ།དབལ་ཚོགས་དམག་ལ་བསྐུལ་བའི་ལྷ་ཚོགས་རྣམས་དྲག་ཏུ་འཁྲོས་ཚུལ་བསྟན་པ་རང་བྱོན་དུ་དོད་པ།དེ་དག་གི་ཆ་ལུགས་སོགས་ཚང་མ་སོགས་ཡོད་པར་གསུངས།བར་སྒོ་ནི་ཚལ་རྒྱས་སྟག་གཡག་ཕྱིར་འགྲོ་བའི་བར་ཞེས་པ། གར་གྱི་དབང་ཕྱུག་བྲག་ལ་རང་བྱོན་གསལ་བ། དེ་ཡི་མདུན་ཕྱོགས་རིག་འཛིན་ཚོགས་ཀྱི་གནས་ཏེ། ཚལ་རྒྱས་ཞེས་པའི་རི་ཐང་མཚམས་སུ། བླ་ཆེན་དྲན་པས་གསས་མཁར་མཆོག་ལྔ་ལོ་གསུམ་བསྒྲུབས་པའི་སྒྲུབ་ཕུག་དང་། རི་དེའི་ཁོང་སེང་དུ་ཏི་རོ་རྒྱལ་པོའི་དཀོར་ཆ་ནོར་བུ་བཅས་ཏེ་བཅུད་དུ་སྦས་ཞེས་གསུངས། དེ་ཡི་གཡོན་ཟུར་དུ་དམར་ནག་འཐབ་པ་པ་ཞེས་པར་བདུད་ཀྱི་ཕོ་བྲང་བཏབ་པའི་ཐོད་མཁར་དང་། དེ་ཡི་ཡང་སྟེང་དུ་མཎ་ཌལ་བརྩེགས་འདྲའི་རི་བོར། མི་གཡོ་ཏིང་འཛིན་སྒོམ་ཆོག་གི་ས་གནད་དང་། གང་ག་ཧྲོམ་པོའི་རྫ་ལ་བདུད་ནག་ལྕམ་གཅིག་ཀླུ་བདུད་བླ་མཚོ་དམར་ནག་ཡོད། དེ་ཡི་སྲིབ་ངོས་མ་ཧེའི་མགོ་འདྲ་བའི་རི་བོའི་ནང་དུ། བོད་རྒྱལ་གཉའ་ཁྲི་བཙན་པོའི་དཀར་ཆ་ཆ་གཅིག རལ་གྲི་བཅུ་གསུམ་སྦས་ནས་ཡོད་པ་གཏེར་དེའི་སྲུང་མ་མི་བདུད་འབྱམས་པ་ཡིན། གོང་གི་ཁྱུད་མོའི་ཀློང་དུ་གསང་བའི་མཚོ་མོ་སྟེ་སྲིད་པ་རྒྱལ་མོའི་བླ་མཚོ་མཆོག་ཏུ་འབོད་པ་དལ་མཚོ་ཞེས་བྱ་བ་ཡོད་ལ། དེ་ཡི་གོང་གི་རྫ་ཧྲོམ་མདངས་རི་གཉིས་པའི་བར་ནས་བརྒྱུད་དེ་ལམ་དུ་འཇུག་ཚེ་ཡུལ་བུ་ཆུང་དུ་ངེས་ཞེས་གསུངས་སོ། །

བརྩེ་མེད་འཆི་བདག་ཕོ་ཉ་འཇིགས་རུང་པས། །
འཆོས་མེད་དུས་ཞག་ནག་པོས་དུས་བཟུང་སྟེ། །
བདེ་མེད་ལྔ་ཡི་ལམ་དུ་འཁྲིད་པའི་སྐབས། །
འགྲན་མེད་གནས་མཆོག་ཁྱེད་ཀྱི་ཐུགས་རྗེས་དགོངས། ། ཞེས་སོ ། །

གཞན་ཡང་གནས་ཆེན་སྤུ་རྒྱལ་གྱི།དབུས་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་མཚོ་ཆེན་ཉི་ཤུ་རྩ་གཉིས་ལ་ཀླུ་ཡི་རྒྱལ་པོ་རྣམས་ཀྱི་བྱ་བ་བྱེད་པ། རིགས་རྟགས་འབར་བའི་བྲག་རི་སོ་གཉིས་ལ་སྐུ་གསུང་ཐུགས་ཀྱི་བཀའ་རྟགས་སོ་སོར་བཀྲ་བ།རིག་འཛིན་ཉེར་བརྒྱད་ཀྱིས་སོ་སོར་སྒྲུབས་པ་མཛད་པས་ཕྱག་ཞབས་སྐུ་རྗེས་གསལ་བ།དེ་བཞིན་བྲག་རིའི་ངོས་སུ་ལྷ་སྐུ་ཡིག་འབྲུ་བཀྲ་ལ་དོད་པ། ཟབ་མོ་གདམ་པའི་གཏེར་དང་། རིན་ཆེན་ནོར་གྱི་གཏེར་ཁས་གང་བ། གཞན་ཡང་གནས་ཀྱི་ཕྱོགས་བཞིར། མ་བཀོད་འཁྱིལ་བའི་མཚོ་མོ་བཞི་དང་། མ་བརྩིགས་སྲིད་པའ་རི་ཆེན་བཞི། གཙུག་ལག་བོན་གྱི་གཏེར་ཆེན་བཞི། མ་བརྡལ་འབྱུང་བའི་ཐང་ཆེན་བཞི། གོམ་པ་པོས་ཆོག་གི་མེ་ཏོགགླིང་བཞི་ཐོད་པ་བོར་ཆོག་གི་དུར་ཁྲོད་བཞི།ཏིང་འཛིན་སྒོམ་ཆོག་གི་གནས་བཞི་སོགས་ཡོད་པ་མ་ཟད། འཆི་མེད་ཚེ་ཆུ་ཁྲུས་ཆོག་བཅུ་གསུམ་དང་། དབང་ཞུ་ཆོག་པའི་བྲག་རི་དང་། འཕོ་མཆོག་ལྗོན་པ་གསུམ་བཅས་རྩ་ཆེ་བ་དང་ངོ་མཚར་བླ་ན་མེད་པ་མང་དུ་ཡོད་ཅིང་། རི་བྲག་ཐམས་ཅད་དཔའ་བོ་དང་མཁའ་འགྲོའི་རང་བཞིན་དུ་གསལ་བ། གསང་ཕུག་ཐམས་ཅད་མ་རིག་མུན་པ་སེལ་བའི་འོད་གསལ་དང་ལྡན་པ། ཆུ་དང་ཆུ་མིག་ཐམས་ཅད་ཁ་ལ་བཏུང་ཆོག་གི་བདུད་རྩི་རུ་ངེས་པ། གཞན་ཡང་གནས་དེའི་རི་ཀླུང་ཀུན་ཏུ་བཀྲ་ཤིས་པའི་རྟགས་བརྒྱད། རིན་པོ་ཆེའི་ནོར་བདུན། གཡང་ཆགས་པའི་ས་རྟགས་དུ་མ་ལྡན་པ་མ་ཟད། ས་ཆུ་མེ་རླུང་གི་སྒྲ་སྐད་ཐམས་ཅད་ཡི་དམ་ལྷ་ཡི་སྙིང་པོ་རང་གསུང་དུ་ཡོད་པ།རྩི་ཤིང་དང་མེ་ཏོག་ཐམས་ཅད་འགྲོ་བ་འདྲེན་པའི་སྨན་དུ་འཁྲུངས་པ། ཆུ་དང་ཆུ་ཕྲན་མཐའ་དག་ཡི་དམ་ལྷ་བསྙེན་སྒྲོགས་ཤིང་འབབ་པ། ཐ་ན་གནས་དེའི་ས་རྡོ་ལའང་བྱིན་རླབས་ཡོན་ཏན་མངའ་ཞིང་། གནས་དེར་འཁྲས་པའི་སྲོག་ལྡན་གྱི་རིགས་རྣམས་བྱང་ཆུབ་སེམས་དང་ལྡན་ཞེས་གསུངས་པས།གནས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་བརྗོད་ལ་འདས་པར་བརྟེན། དད་འདུན་དང་ཡིད་ཆེས་བྱས་པར་རིགས་སོ། །

གངས་དཀར་མུ་ཁྱུད་བདལ་བའི་གླིང་ཆེན་འདིར། །
གངས་ལྗོངས་འགྲོ་ཀུན་སྐྱོང་བའི་མགོན་མང་ཡང་། །
གངས་ཅན་གནས་ཀྱི་མཆོག་གྱུར་སྤུ་རྒྱལ་ཞེས། །
གངས་རིའི་ཁྲོད་ན་མཚན་སྙན་རབ་ཏུ་འབར། ། ཞེས་སོ ། །

  གསུམ་པ་གནས་འདི་བསྐོར་བའི་ཕན་ཡོན་བཤད་པ། འཛམ་གླིང་གནས་ཆེན་བདུན་གྱི་ཡ་གྱལ། སྤུ་རྒྱལ་གཡུང་དྲུང་ལྷ་རྩེ་ཕྱག་དང་མཆོད་པ་བསྐོར་བ་སོགས། ལུས་ངག་ཡིད་གསུམ་གྱིས་དད་པ་དག་སྣང་གང་བྱས་ཐམས་ཅད། ཕན་ཡོན་བསམ་གྱི་མི་ཁྱབ་ཡོད་པ་ནི། བཀའ་ལུང་ཀུན་ཞལ་མཐུན་པར།གངས་ཏི་སེ་དང་།ཁྱུང་ལུང་དངུལ་མཁར། ཙ་རི་རི་བོ་བྱ་རྐང་སོགས་དང་དབྱེར་མེད་པར་ཕན་ཡོན་མཉམ་པར་གསུངས་པ་སྟེ། རིག་འཛིན་ཀུན་གྲོལ་གསང་བ་རྩལ་གྱིས་ཚེ་ལུང་དཔལ་འབར་བྲག་ལས་གཏེར་དྲངས་པའི་སྤུ་རྒྱལ་གནས་ཀྱི་དཀར་ཆག་ལས། ཆེ་བའི་ཡོན་ཏན་ཏི་སེ་གངས་ཀྱི་རི། །ཁྱུང་ལུང་དངུལ་མཁར་ཙ་རི་འཁོར་ལོ་དང་། ། རི་བོ་བྱ་རྐང་ལ་སོགས་མཉམ་པར་ངེས། །ཞེས་དང་།ཡང་ལུང་དེ་ལས།དོར་ན་དབལ་གཡག་འགྱིང་འདྲའི་རི་བོ་ཟེར།།སྣང་མདོག་དང་ནི་གྲུབ་ཆེན་རིག་འཛིན་གྱིས། ། དབང་ཆེན་ངོ་མཚར་རྒྱས་པའི་སྒྲུབ་པ་བྱས། ། གངས་དཀར་ཏི་སེ་ཉིད་དང་དབྱེར་མེད་པ། །གདངས་གྲགས་གསུང་གི་ངོ་བོར་བྱིན་གྱིས་བརླབས། ། གཏེར་བདག་ཡུམ་སྲས་སྡེ་ལྔའི་བཀའ་ཡིས་གཉེར། །ཞེས་དང་།བླ་ཆེན་དྲན་པ་ནམ་མཁས་མཛད་པའི་གནས་གཏེར་གྱི་ཁ་བྱང་ལས། ཁྱད་པར་གནས་ཤིག་སྤུ་རྒྱལ་རི་བོ་ཡིན། ། བོད་དང་བོད་ཆེན་གཉིས་ཀྱི་མི་འགྱུར་རྟགས། །དེ་བས་ལྷོ་དང་བྱང་གཉིས་མི་འགྱུར་གཟེར། ། དབུས་ཀྱི་རི་བོ་དབལ་གཡག་འགྱིང་བ་འདྲ། །ལུང་ཆེན་བརྒྱད་ནི་ཟ་འོག་ཁ་ཕྱེས་འདྲ། ། ཆུ་ཆེན་དྲུག་ནི་ལྗོན་ཤིང་སྐྱེས་པ་འདྲ། །སྦས་གནས་སྒྲུབ་ཕུག་མེ་ཏོག་འབྲས་བུའི་ཚུལ། ། ཏི་སེ་གངས་དཀར་རི་དང་ཁྱད་པར་མེད། །གནས་དང་གཏེར་སྲུང་དམ་ཅན་སྡེ་ལྔ་ཡིན། །ཞེས་ལུང་གིས་བསྔག་ཏེ། ཏི་སེ་གངས་དཀར་རི་དང་ཁྱད་པར་མེད་ཅེས་པ་འདིས་རྟོགས་ནུས། ཞིབ་པར་བསྐོར་བ་རེ་རེ་ལ་ཕན་ཡོན་དང་འགྱུར་ཀ་ཇི་ཙམ་ཡོད་ཅེས་ན། རིག་འཚིན་རྔམ་པ་ལྕེ་རིང་གི་རྣམ་སྤྲུལ་དམར་རུ་དབང་ཆེན་ཉི་མའི་སྤུ་རྒྱལ་ཀྱི་མཇལ་སྣང་མཁའ་འགྲོའི་སྙན་རྒྱུད་ལས། གནས་འདིའི་ཡོན་ཏན་བརྗོད་མི་ལོངས། ། རྒྱས་པར་ཟུར་བསྟན་ལྡེ་མིག་བཞིན། །ཕན་ཡོན་བསྐོར་བ་རེ་རེ་ལ། ། འབུམ་ཐེར་བཅོ་ལྔའི་འགྱུར་ཀ་ཡོད། ། མེད་ཚེ་མཁའ་འགྲོ་བདག་གི་འཚབ། །མཚོ་སྐོར་རེ་ལ་འབུམ་བརྒྱད་རེ། ། དེ་ཕྱིར་རི་བྲག་ཕ་བོང་སོགས། ། གང་ལ་བསྐོར་ཀྱང་བརྒྱ་འགྱུར་ཡོད། །རྩ་ཆུ་ཁར་སོང་སེམས་ཅན་དང་། ། མི་དང་རི་དགས་འབུ་སྦྲང་ཀུན། ། ལས་སྒྲིབ་བྱང་ཞིང་ཆོག་ཤེས་ལྡན། །གནས་འདིར་ཏིང་འཛིན་ཐུན་གཅིག་དང་། ། གཞན་དུ་ལོ་གཅིག་སྒོམ་དང་མཉམ། ། ཕྱི་ནང་དོན་མཚུངས་གནས་ཆེན་འདི། ། འདི་ཡི་ཡོན་ཏན་བརྗོད་མི་ལོངས། ། ཅུང་ཟད་བསྟན་པས་བློ་ལ་ཟུངས། །མ་བརྗེད་ཡི་གེར་ཐེབས་པར་གྱིས། ། ཞེས་མཁའ་འགྲོའི་ལུང་ལས་ལས་གསལ་བ་་ཡིད་ཉིད་ཐེ་ཚོམ་མི་དགོས་ལ། གཞན་ཡང་གནས་ཆེན་འདི་ནི། གོམ་པ་སྤོས་ཆོག་བྱང་ཆུབ་རེ། ། ཞལ་ལ་མཇལ་ཆོག་མཐོང་གྲོལ་རི། །ཐོད་པ་བོར་ཆོག་འཕོ་བ་རི། ། ཞེས་གསུངས་པ་ལྟར། རྒྱལ་བ་སངས་རྒྱས་ཀུན་གྱིས་ལུང་གི་བསྟན་ཅིང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཡི་བྱིན་གྱིས་བརླབས་པའི་གནས་ཡིན་པར་བརྟེན། གནས་འདིར་ལུས་ངག་ཡིད་གསུམ་དད་པའི་གཞི་བཟུང་སྟེ་མཇལ་ཕྱག་བསྐོར་བ་བྱེད་མཁན་གྱི་སེམས་ཅན་ཐམས་ཅད། ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་བག་ཆགས་སྡིག་སྒྲིབ་ཀུན་འབྱང་ཞིང་། རྒྱུ་བསོད་ནམས་ཀྱི་ཚོགས་དང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་ཏེ། མཐར་ཐུག་སངས་རྒྱས་ཀྱི་གོ་ཕང་རིན་པོ་ཆེ་འཐོབ་པར་འགྱུར་ཞེས་གསུངས་སོ། །

སྨྲས་པ། །
གནས་ཀྱི་ཡོན་ཏན་མ་དྲོས་མཚོ་མོ་ལས། ། ཀུན་སློང་རྣལ་མའི་བློ་ཡིས་ཆུ་ཐིགས་ཙམ། །
འཐོར་འདིར་ཉེས་འགལ་གྱུར་ན་མཆོག་བཞིའི་མདུན། ། འཆཌ་བགྱིད་དག་ཚངས་དངོས་གྲུབ་བསྩལ་བར་འོས། །
ཁུང་ལྡན་དཀའ་ལུང་དཀར་ཆག་གཞིར་བཟུང་ཞིང་། ། སྒྲོག་བཏཌ་བཤད་ཡམ་ངག་སྒྲོས་ལས་གཡོལ་ཏེ། །
གནས་འདིའི་ཡོན་ཏན་མཐོང་ཕྱིར་འབད་པ་ལས། ། ཕྱོགས་ལྷུང་ར་རིའི་དྲི་མ་འདི་ལ་མེད། །
འདི་བགྱིས་རྣམ་དཀར་ཆ་ཤས་ཡོད་དོ་ཅོག ། འགྲོ་ཀུན་སྡུག་བསྔལ་མེ་འོབས་ལས་ཐར་ཏེ། །
བདེ་སྐྱིད་རྫོགས་ལྡན་གསར་པའི་དཔལ་ལ་རོལ། ། མཐར་ཐུག་གཏན་བདེའི་རྒྱལ་སར་བསྙེགས་པར་ཤོག །

ཅེས་གནས་ཆེན་སྤུ་རྒྱལ་གངས་རིའི་ལོ་རྒྱུས་རགས་བསྡུས་མུ་ཏིག་དོ་ཤལ་ཞེས་པ་འདི།དཔལ་རྩེ་དྲུག་ཤེལ་བྲག་དྲི་མེད་གླིང་གི་སློབ་དཔོན་༧ ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱིས། འདི་ལྟར་དགོས་ཞེས་བསྐུལ་མ་གནང་བ་བཞིན། སྤུ་རྒྱལ་གནས་ཀྱི་མདུན་ཞོལ་དུ།དལ་རྟེན་རྙེད་པའི་ཕྲན་མཁའ་འགྱིང་གྲགས་པས། བོད་རང་བྱུང་བཅུ་བདུན་པའི་ས་གླང་ལོ་ས་ག་ཟླ་བའི་ཡར་ཚེས་བཟང་པོར་བྲིས་སོ། ། ཐ་ཚན་མུ་ཚུག་སྨར་རོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག