༄༅།།གནས་ཆེན་གཡུང་དྲུང་གསང་བ་དབལ་རི་དྲག་པོ་གནམ་ལྕགས་ཡང་རྫོང་གི་རྟོགས་པ་བརྗོད་པ་གསང་བདག་དགྱེས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །
༄༅། །བླ་མ་ལ་ཕྱག་འཚལ་ལོ། །
༼གནས་ཆེན་གཡུང་དྲུང་གསང་བ་དབལ་རི་དྲག་པོ་གནམ་ལྕགས་ཡང་རྫོང་། ༽
ཡེ་ནས་རྣམ་དག་འོད་གསལ་སེམས་ཀྱི་དབྱིངས། །
སྲི་དང་ཞི་བའི་རྣམ་འགྱུར་གཡོ་བའི་རྩལ། །
དབྱེར་མེད་ཐིག་ལེ་གཅིག་ཏུ་བྱང་ཆུབ་པའི། །
ཀུན་བཟང་དགོངས་པའི་ཀློང་ལ་ལྟ་བས་འདུད། །
ཁྱབ་བདག་རྒྱལ་བ་ཀུན་ཀྱི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཁམས། །
སྙིགས་དུས་གདུལ་བྱའི་སྣང་ངོར་དཔོན་གསས་མཆོག་གི་སྐུར་བསྟན་ནས། །
ངེས་གསང་སྨིན་གྲོལ་ཕྲིན་ལས་ཕྱོགས་བཅུ་ཀུན་ཏུ་རྒྱས་མཛད་པའི། །
མཚུངས་མེད་དྲིན་ཆེན་བླ་མའི་ཞབས་པད་སྤྱི་བོའི་རྒྱན་དུ་རོལ། །
འོག་མིན་དབྱིངས་སུ་ཀུན་ཏུ་བཟང་པོར་གཤེན་ལྷ་འོད། །
རྩ་གསུམ་གནས་སུ་སྟོན་པ་འཆི་མེད་གཙུག་ཕུད་རྗེ། །
འོལ་མོའི་གླིང་དུ་རྣམ་མཁྱེན་གཤེན་རབ་མི་བོའི་ཞབས། །
རྣམ་གསུམ་སྟོན་པ་མཆོག་གི་ཞབས་ལ་གུས་པས་འདུད། །
གདོད་ནས་སྤྲོས་བྲལ་བདེ་བ་ཆེན་པོའི་དབྱིངས། །
ཡེ་ཤེས་རོལ་པ་སྒྱུ་འཕྲུལ་དྲ་བའི་སྤྲིན། །
སྲིད་དང་ཞི་བའི་ཁམས་སུ་རྣམ་རོལ་བ། །
འཆི་མེད་ཡབ་སྲས་གསུམ་ལ་མགོས་ཕྱག་འཚལ། །
རིགས་ཀུན་ཁྱབ་བདག་ཀུན་བཟང་གཤེན་ལྷ་འོད། །
སྙིགས་མའི་དུས་སུ་རིག་འཛིན་མཆོག་གི་ཚུལ། །
བསྟན་འགྲོའི་ཕྲིན་ལས་གངས་ཅན་མཐར་ཁྱབ་པ། །
བློ་གྲོས་ཐོགས་མེད་རྩལ་ལ་ཕྱག་བགྱི་འོ། །
རྒྱལ་དབང་འཆི་མེད་བླ་མ་ཡབ་སྲས་ཀྱི། །
གསང་བའི་གཅེས་ནོར་རང་དབང་འདྲེན་པ་ལ། །
རྩོད་པའི་དུས་ཀྱི་ཤེས་རྟ་མཆོག་གྱུར་པ། །
གསང་སྔགས་གླིང་པའི་ཞབས་ལ་ཀུན་ནས་བསྔགས། །
གནས་དང་ཡུལ་གྱི་དཔའ་བོ་རྣལ་འབྱོར་མ། །
དམ་ཅན་གཏེར་བདག་ཞིང་སྐྱོང་དྲེགས་པའི་གཙོ། །
མ་ལུས་དགྱེས་པའི་འཛུམ་ཞལ་གཡོ་བཞིན་དུ། །
ཚུལ་འདིར་བཀའ་ཡི་གནང་བ་སྩལ་དུ་གསོལ། །
གངས་ཅན་ཡུལ་གྱི་ཐིག་ལེ་མདོ་ཁམས་ལྗོངས། །
མི་ཕམ་ཨ་ཛིཏྲ་ལུང་གི་ས་ཡི་དམིག །
དབལ་རི་གཉིས་པ་ལྕགས་མདུད་སེང་ནག་ཆེ། །
གཡུང་དྲུང་གསང་བ་ཡང་རྫོང་གནས་ཀྱི་མཆོག །
མཐུན་པའི་བློ་དང་ཡེ་ཤེས་གཟིགས་པའི་ངོར། །
ཕྱི་ནང་གནས་སྣང་རྟེན་དང་བརྟེན་པ་ཡི། །
ངང་ཚུལ་རྟོགས་པ་བརྗོད་པའི་གཡུང་དྲུང་དབྱངས། །
གསང་བདག་དགྱེས་པའི་རོལ་མོ་དེང་འདིར་འཁྲོལ། །
ཞེས་ཚིགས་སུ་བཅད་པའི་མེ་ཏོག་སྔོན་དུ་འཐོར་ནས། འདིར་གངས་ཅན་ཤར་གྱི་ཡུལ་ཕྱོགས་མདོ་ཁམས་ལྗོངས་ཀྱི་ཡུལ་གྱི་སྙིང་པོ། ། སྦས་ཡུལ་དུ་མ་ལུང་བསྟན་པའི་ནང་ཚན། །ཉག་ཤོད་མི་ཕམ་ཨ་ཛིཏྲ་ལུང་པ་ཞེས་ཡོངས་སུ་གྲགས་པའི་གྲུབ་པའི་གནས་མཆོག་ཆེན་པོ། གཡུང་དྲུང་གསང་བ་དབལ་རི་དྲག་པོ་གནམ་ལྕགས་ཡང་རྫོང་གི་གནས་ཚུལ་གྱི་རྟོགས་པ་བརྗོད་པ་ལ་དོན་བདུན།
གནས་ཀྱི་རང་བཞིན་སྤྱིར་བསྟན་པ། ། གནས་ཀྱི་དབྱེ་བ་སོ་སོར་སྨོས་པ། གནས་ཆེན་འདི་ཉིད་བྱེ་བྲག་ཏུ་བཤད་པ། ། གནས་སྒོ་ཕྱེས་ཤིང་བྱིན་གྱིས་བརླབས་ཚུལ། གནས་ཀྱི་བཞུགས་ཚུལ་དཀར་ཆགས་དངོས། གནས་ལ་བསྐོར་བ་བྱེད་པའི་ཚུལ། གནས་ལ་བསགས་སྦྱང་བགྱིས་པའི་ཕན་ཡོན་སྨོས་པ་སྟེ་འཕགས་པའི་ནོར་བདུན་གྱི་གྲངས་སུ་རྣམ་པར་བཞག་པ་ལས།དང་པོ་གནས་ཀྱི་་་རང་བཞིན་སྤྱིར་བསྟན་པ་ལ་གཉིས། སྐུ་གསུམ་གྱི་ཞིང་ཁམས་སྤྱིར་བསྟན་པ།གནས་ཀྱི་བྱུང་ཁུངས་དངོས་འཆད་པའོ། །
༼གནས་སྒོ། ༽
༈དང་པོ་ནི། དོན་རྒྱུད་ལས། བོན་སྐུ་ནམ་མཁའ་ལྟ་བུ་ཀུན་ལ་ཁྱབ། རྫོགས་སྐུ་སྤྲིན་དང་འདྲ་སྟེ་སྣང་ཡུལ་འཆར། སྤྲུལ་སྐུ་ཆར་བཞིན་སེམས་ཅན་རེ་བ་བསྐོང་། གཅིག་ལས་གཅིག་འབྱུང་དབྱེར་མེད་ནམ་མཁའི་ཀློང་། ། ཞེས་གསུངས་པ་བཞིན་རྒྱལ་བ་རྣམས་ཡེ་ནས་སྐུ་གསུམ་གྱི་བདག་ཉིད་ཆེན་པོར་རོ་གཅིག་ཏུ་བཞུགས་པ་ལས། ནང་དབྱིངས་ཀ་དག་གི་ཀློང་ནས་ཕྱིར་གསལ་སྐུ་དང་ཞིང་ཁམས་ཀྱི་བཀོད་པ་སྣ་ཚོགས་སུ་སྣང་ནས་གདུལ་བྱའི་དོན་མཐའ་ཡས་པར་མཛད་པ་སྟེ། དེ་ཡང་གསར་བ་དག་པ་བོན་སྐུའི་ཞིང་ནི་བརྟན་གཡོ་ཀུན་ལ་ཁྱབ་པའི་དབྱིངས། བོན་ཅན་སྣ་ཚོགས་སུ་སྣང་ཡང་བོན་ཉིད་འགྱུར་བ་མེད་པའི་ཀློང་དུ་གཟུང་འཛིན་གྱི་སྤྲོས་པ་མཐའ་དག་ཡེ་ནས་རྣམ་པར་དག་པའི་གཞི་དབྱིངས་གདོད་མའི་གནས་ལུགས་དང་། ནང་རང་སྣང་ལོངས་སྐུའི་ཞིང་ནི་གཞི་སྣང་ཡེ་ཤེས་ཀྱི་རང་རྩལ་ལས་རྡུལ་གཅིག་གི་སྟེང་དུ་ཡང་རྡུལ་སྙེད་ཀྱི་ཞིང་དང་སྐུར་སྣང་ཞིང་། ངོ་བོ་ཕྱོགས་སུ་མ་ལྷུང་ཡང་རྣམ་པ་ལྷ་སྔགས་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་རྩལ་རིག་པའི་ཆོ་འཕྲུལ་དུ་ལོངས་སྤྱོད་ཡོངས་སུ་རྫོགས་པར་ལྷུན་གྱིས་གྲུབ་པར་རང་སྣང་བའི་བཀོད་པ་དང་༑ཕྱི་ཡུལ་སྣང་སྤྲུལ་སྐུའི་ཞིང་ནི་གང་ཟག་སྐལ་བ་རབ་ལ་དག་པའི་ཞིང་དང་། འབྲིང་ལ་དག་པའི་གནས་དང་། ཐ་མ་ལ་ས་རྡོ་རི་བྲག་སོགས་མ་དག་པའི་གཟུགས་དང་ཡུལ་གྱི་རྣམ་པ་སྣ་ཚོགས་སུ་སྣང་ཞིང་འགྲོ་བ་རྣམས་ལ་དངོས་དང་བརྒྱུད་ནས་ཕན་བདེའི་གསོས་སུ་ཤར་བ་སྟེ་དེ་དག་ཀུན་་་ཀྱང་ཡེ་ནས་རྫོགས་པའི་སངས་རྒྱས་ཀྱི་ཕྲིན་ལས་སུ་གཤིས་སམ་བབས་ཀྱིས་གྲུབ་པ་ཡིན་ནོ། །
༼ སྟོན་པ་གཤེན་རབ་ཀྱི་ཞབས་རྗེས།༽
༈གཉིས་པ་ནི། གང་ཞིག་འཇིག་རྟེན་ན་ཕན་པ་བསྐྱེད་དོ་ཅོག་ཐམས་ཅད་རྒྱལ་བའི་ཕྲིན་ལས་སུ་ངེས་ཤིང་གྲུབ་ན་ཡང་། དེའི་ནང་ཚན་སྐུ་གཟུགས་གསུང་རབ་སྐུ་གདུང་སྟེ་བསྟན་པ་རྣམ་གསུམ་རྗེས་སུ་བཞག་པ་དང་འབྲེལ་བའི་རྟེན་གསུམ་རྣམས་ནི། མིག་ཡུལ་དང་བ་འདྲེན་ཞིང་བཞེངས་པ་པོའི་ཚོགས་རྫོགས་པའི་ཆ་ནས་བསོད་ནམས་ཚད་མེད་ཀྱང་དོན་དུ་འདུས་བྱས་ཀྱི་རྒྱུ་་་ལས་བྱུང་བའི་རྣམས་ཀྱི་ཐུགས་རྗེ་དང་བོན་ཉིད་ཀྱི་བདེན་པའི་བྱིན་རླབས་དང་། ཕྱི་ནང་གི་རྟེན་འབྲེལ་གྱི་མཐུ་ལས་རང་བྱུང་བ་ཡིན་པས་བྱིན་རླབས་དང་འགྲོ་དོན་ལ་རྒྱུན་ཆད་མེད་པ་ལ་སོགས་པའི་ཆ་ནས་སྔ་མ་ལས་ཆེས་ཁྱད་པར་དུ་འཕགས་པ་ཡིན་ལ།
དེ་ལའང་ནང་གསེས་སུ་གདོད་ནས་གྲུབ་པའི་གནས་དང་། རྗེས་སུ་མཐུན་པའི་གནས་གཉིས་སུ་ཡོད་པ་ལས། དང་པོ་ནི་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཀྱི་དགོངས་པ་ལྟར་ན། སྔོན་གྱི་དུས་བདུད་ཆེན་སྡེ་བཞི་ལ་སོགས་པ་རུ་ཏྲ་མ་རུང་བའི་སྡེ་ཚོགས་དུ་མ་དང་བཅས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་བདག་གིས་བཟུང་ཞིང་། ལོག་པའི་ལས་ཀྱིས་ཐམས་ཅད་ཕུང་བར་གྱུར་པའི་དུས་ཀྱི་ཚེ། གདུག་པ་ཅན་ཐམས་ཅད་འདུལ་བའི་ཕྱིར་དུ་རྒྱལ་བ་རྣམས་འབར་བ་ཆེན་པོའི་རྣམ་རོལ་ལས་ཆེ་མཆོག་སྡོང་པོ་དགུ་འདུས་ཀྱི་དཀྱིལ་འཁོར་གྱི་ལྷའི་རྣམ་པར་བཞེངས་ནས་དྲེགས་པ་ཕོ་རྒྱུད་རྣམས་བསྒྲལ་ཏེ་རྣམ་ཤེས་དབྱིངས་སུ་སྤར་ཞིང་ཕལ་ཆེར་དཔལ་མ་ཧྰ་ཀ་ལ་དང་གཅན་ལྷ་མིག་དགུ་སོགས་སྲུང་མའི་གྲལ་དུ་བཀོད༑ལུས་ཀྱི་དུམ་བུ་རྣམས་འཇིག་རྟེན་གྱི་ཁམས་སུ་གཏོར་བ་ལས་དུར་ཁྲོད་ཆེན་པོ་བརྒྱད་དང་། གྲུབ་པའི་རིག་འཛིན་རྣམས་ཀྱི་སྒྲུབ་གནས་དང་སྦས་གནས་སོགས་གསང་སྔགས་ཀྱི་བསྟན་པའིའབྱུང་གནས་སུ་གྱུར། མོ་རྒྱུད་རྣམས་སྦྱོར་བས་དབང་དུ་བསྡུས་ཏེ་གནས་ཡུལ་དུར་ཁྲོད་རྣམས་ཀྱི་སྲུང་མར་བསྐོས། དེ་དག་ཀྱང་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཕོ་བྲང་ཆེན་པོར་གྱུར་པའི་རྟགས་སུ། སྐུ་གཟུགས་དང་ཡིག་འབྲུ་ལ་སོགས་པ་ཐ་མལ་བའི་སྣང་ངོར་ཡང་གདོད་ནས་གྲུབ་པའི་རྣམ་པར་སྣང་བ་རྣམས་ནི་གནས་ཀྱིས་གང་ཟག་བྱིན་གྱིས་བརླབས་ནུས་པས་མཐོང་ཐོས་་དྲན་རེག་གིས་འབྲེལ་ཚད་དོན་ལྡན་དུ་འགྱུར་བ་ཁོ་ན་སྟེ་རྒྱུད་སྡེ་ལས་བསྟན་པའི་གནས་ཆེན་ཉེར་བཞི་ལ་སོགས་པ་བཞིན་ནོ། གཉིས་པ་རྗེས་སུ་མཐུན་པའི་གནས་ནི། ས་ལ་གནས་པའི་གྲུབ་པའི་རིག་འཛིན་དང་དཔའ་བོ་རྣལ་འབྱོར་མའི་ཚོགས་ཀྱིས་སྒྲུབ་པའི་གནས་སུ་མཛད་ཅིང་ལྷ་སྔགས་ཡེ་ཤེས་ཀྱི་ཕྱག་རྒྱས་བྱིན་གྱིས་བརླབས་པས་བཀའ་རྟཌ་ཀྱི་ཞབས་རྗེས་ལ་སོགས་པས་མཚན་པ་རྣམས་ནི་གང་ཟག་གིས་གནས་བྱིན་གྱིས་བརླབས་པ་ཡིན་ཡང་། ཕྱི་རབས་ཀྱི་སྒྲུབ་པ་པོ་ལ་རབ་ཆད་མེད་ཅིང་ཡུར་བ་རྙིང་པ་ལ་ཆུ་འདྲེན་པ་བཞིན་དུ་དངོས་གྲུབ་མྱུར་བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པ་སྟེ་ཞང་བོད་ཀྱི་རིག་འཛིན་རྣམས་ཀྱིས་སྒྲུབ་གནས་ཆེས་མང་དུ་བཞུགས་པ་རྣམས་སོ། ། དེ་དག་ལ་འདི་སྐད་ཅེས།
སྤྲོས་བྲལ་དབྱིངས་ཉིད་ཡེ་ཤེས་འོད་ལྔའི་རྩལ ། །
ཕྱིར་གསལ་གདུལ་བྱའི་ངོར་སྣང་སྐུ་གསུམ་ཞིང་། །
ངོ་བོ་གཅིག་ལས་རྣམ་པ་ཐ་དད་ཚུལ། །
དེ་དག་ཀུན་ཀྱང་རྒྱལ་བའི་ཐུགས་བསྐྱེད་མཐུ། །
རྣམ་གསུམ་བསྟན་པའི་རྗེས་བཞག་དང་འབྲེལ་བའི། །
རྣམ་བརྟག་བཅོས་མའི་རྟེན་གསུམ་གྲངས་མང་ཡང་། །
ཕྱི་ནང་རྟེན་འབྲེལ་བདེན་པའི་ནུས་མཐུ་ལས། །
བྱུང་བའི་གནས་ཀྱི་ངང་ཚུལ་ཁྱད་པར་འཕགས། །
རྒྱལ་བའི་ཐུགས་རྗེས་གདོད་ནས་གྲུབ་པ་དང་། །
གོང་མས་བྱིན་རླབས་རྗེས་སུ་བྱུང་བའི་གནས། །
སྣ་ཚོགས་མོས་པའི་ཁྱད་པར་དང་མཐུན་པའི། །
ངོ་མཚར་སྣང་བས་ལྷ་མིའི་ཞིང་ཀུན་ཁྱབ། །
ཅེས་བྱ་བ་ནི་བར་སྐབས་ཀྱི་བསྡུ་བའི་ཚིགས་སུ་བཅད་པའོ། །
༼སྟོན་པ་ཞབས་རྗེས།༽
༈ གཉིས་པ་དབྱེ་བ་སོ་སོར་སྨོས་པ་ལ་གསུམ། གནས་ཀྱི་དབྱེ་བ་དངོས། དེའི་རྒྱུ་ཕྱི་ནང་གི་དག་པ་སྦྱོར་ཚུལ། གནས་སུ་གྲུབ་པའི་འཐད་པ་བརྗོད་པའོ། །དང་པོ་ནི། གསས་མཁར་སྤྱི་སྤུངས་དང་ཐུགས་རྗེ་ཉི་མ་སོགས་རྒྱུ་སྡེ་ཆེན་པོ་རྣམས་ལས་བསྟན་པའིགཡུ་ལུང་ཤེལ་བྲག་ལ་སོགས་པ་གསང་བ་འདུས་པའི་གནས་དགུ ། བྲག་ཕུག་རོང་ཆེན་ལ་སོགས་པ་ངོ་མཚར་བའི་གནས་བཞི། གྱང་མ་གྱང་ཐོ་ལ་སོགས་དྲེགས་པ་འདུལ་བའི་གནས་བརྒྱད། དང་ར་གཡུ་བུན་ལ་སོགས་བོད་ཀྱི་གནས་གསུམ་སྟེ་གནས་ཆེན་ཉི་ཤུ་རྩ་བཞིར་བསྟན་པ་རྣམས་ནི་གནས་ཐམས་ཅད་ཀྱི་འབྱུང་ཁུངས་སམ་རྩ་བའི་དབྱེ་གཞི་ཡིན་ལ། དེ་ལས་གྱེས་པའི་ཡན་ལག་གི་གནས་ཕྲན་ནི་བསམ་གྱིས་མི་ཁྱབ་སྟེ། བཀའ་ཐང་ཆེན་མོ་ལས། གནས་ཆེན་རེ་ལ་གནས་ཕྲན་བཞི་རེ་དང་།། གནས་ཕྲན་རེ་ལའང་བཞི་རེས་བསྐོར་བ་སྟེ།།དེ་ལས་གྱེས་པ་བསམ་གྱིས་མི་ཁྱབ་བོ།།ཞེས་གསུངས། གཞན་ཡང་འཆི་མེད་རྒྱལ་བ་ཡབ་སྲས་ཀྱི་གཏེར་རྣམས་སུ་དུར་ཁྲོད་ཆེན་པོ་གནས་བརྒྱད། གནས་ཆེན་བརྒྱ་རྩ། སྒྲུབ་གནས་སུམ་ཅུ་རྩ་བདུན་ལ་སོགས་པ་རྣམ་པར་དབྱེ་བའི་ཚུལ་ནི། གཙོ་ཕལ་གྱི་དབྱེ་བ་དེ་དག་སོ་སོར་སྣང་བའི་གཞི་ནང་དུ་གཡུང་དྲུང་གི་ལུས་ལ། ། ཉི་ཟླ་སྒྲ་གཅན་གྱི་རླུང་འབབ་པའི་སྐུ་གསུང་ཐུགས་ཀྱི་རང་བཞིན་རྩའི་གཙོ་བོ་གསུམ་དང་། དེ་ལས་གྱེས་པ་མཆོག་མ་དང་སྤྱི་བོའི་རྩ་ལ་སོགས་པ་ཉི་ཤུ་རྩ་བཞི་ནི། ཕྱི་རོལ་ཏུ་གཡུ་ལུང་ཤེལ་བྲག་དང་རི་ནག་འཇོམས་པ་ལ་སོགས་པའི་གནས་ཆེན་ཉེར་བཞི་དང་། དེ་དག་ལ་བརྟེན་པའི་མཆོག་མ་དང་སྤྱི་བོའི་ཐིག་ལེ་ལ་སོགས་པ་ནི་ཞིང་སྐྱོང་གི་ཌྰཀྐི་མ་སེང་གདོང་མ་དང་དོམ་གདོང་མ་ལ་སོགས་པའི་དཔའ་བོ་དཔའ་མོ་ཉེར་བཞི་རྣམས་དང་། རྩ་འདབ་དེ་རྣམས་ལས་རྩ་ཕྲན་བདུན་ཅུ་ལ་སོགས་པའི་དབྱེ་བ་དང་མཐུན་པར་གནས་ཕྲན་བདུན་ཅུ་རྩ་གཉིས་ལ་སོགས་པ་མཐའ་ཡས་པར་་འཆར་བ་སྟེ། དེ་དག་རྣམས་ཀྱང་སྐུ་གསུང་ཐུགས་ཀྱི་ངོ་བོ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཐབས་ཤེས་ཟུང་འཇུག་གི་མཚོན་བྱེད་ཅན་དུ་ཡེ་ནས་གནས་པ་ཡིན་ནོ། །
༼ མཚོ་སྨན་རྒྱལ་མོ།༽
གསུམ་པ་དེ་དག་གི་འཐད་པ་བརྗོད་པ་ནི། བོན་ཉིད་ཇི་ལྟ་བར་གནས་པའི་ཆ་ནས་སྣང་སྲིད་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་དག་པ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོར་ཡེ་ནས་མ་བརྩལ་ལྷུན་གྲུབ་ཏུ་རྫོགས་པས་ན། དེ་ལྟར་གཟིགས་པའི་འཕགས་ཆེན་རྣམས་ཀྱི་ངོར་སྣང་གྲགས་དྲན་གསུམ་ཐམས་ཅད་སྐུ་གསུང་ཐུགས་ཀྱི་རོལ་པར་འཆར་ཞིང་ལས་དུས་རྟེན་འབྲེལ་གྱི་མཐུ་འཛོམས་པ་ནས་རྡོ་བེམ་པོ་ལས་ཀྱང་སངས་རྒྱས་ཀྱི་ཅོ་འཕྲུལ་མཐའ་ཡས་པར་མཐོང་བས་ན་ཡུལ་གྱི་དབང་དུ་བྱས་ན་གནས་དང་གནས་མ་་་ཡིན་པའི་བྱེ་བྲག་ཐ་དད་པ་ཞིག་མེད་ལ། བོན་ཅན་ཇི་སྙེད་པར་སྣང་བའི་ཆ་ནས། སྦྱང་འབྲས་གཞན་མཆོག་ཧེ་རུ་ཀའི་དཀྱིལ་འཁོར་རྣམ་པར་དག་པའི་རང་མདངས་ལས། ནང་དུ་གཡུང་དྲུང་གི་ལུས་དྲི་བཅས་ཀྱི་རྩ་རླུང་ཐིག་ལེའི་རྣམ་པར་སྣང་ཞིང་། དེ་དང་རྗེས་སུ་མཐུན་པར་ཕྱི་ནང་གི་རྟེན་འབྲེལ་གནད་གཅིག་པའི་མཐུ་ལས། ཕྱི་འཇིག་རྟེན་གྱི་སྣང་ངོར་གནས་ཡུལ་མཁའ་འགྲོའི་རྣམ་པར་ཤར་བ་སྟེ། དེ་ཡང་གོང་དུ་བསྟན་པའི་གནས་ཆེན་ཉེར་བཞི་ལ་སོགས་པ་ནི་རྒྱུད་ཀྱི་དངོས་བསྟན་ཡིན་ཞིང་། གནས་ཕྲན་རྣམས་རྒྱུད་ལས་དངོས་སུ་མི་གསལ་ཡང་རྩ་བ་དང་ཡན་ལག་གི་དབྱེ་བ་སྦྱོར་བའི་རིགས་པས་གྲུབ་ལ།།
༼སྲིད་པ་རྒྱལ་མོ་དྲེལ་རྗེས།༽
དེ་དག་ལ་ལུང་གི་ངེས་པ་ཅུང་ཟད་སྨོས་ན། མདོ་དྲི་མེད་ལས། ལྷོ་ནུབ་མཚལ་རི་ལྷ་ཡི་མདུན། ཟུར་བཞི་ཆུ་ཞིང་མཉམ་པ་ཡི། ། དཔག་ཚད་ཉིས་བརྒྱ་ལྔ་བཅུས་འཁོར། །ཡར་ལ་བཅུ་གསུམ་རྡོ་རིང་ཤེལ།། མཚལ་འོད་ནམ་མཁའི་དབྱིངས་སུ་འཕྲོ།།ཞེས་དང་། དེའི་ཕྱོགས་བཞི་མཚམས་བཞི་རུ།།གཡུང་དྲུང་འཁོར་ལོ་པདྨ་དང་།། རིན་ཆེན་དགོས་འདོད་ཚལ་དང་བཞི། ། ལྷོ་ཤར་གཡུ་ལུང་ཤེལ་གྱི་བྲལ།། བྱང་ཤར་བདུད་འཇོམས་གཡུང་དྲུང་གནས།། བྱང་ནུབ་ལྷ་བདུན་གསང་བའི་བྲག ། ལྷོ་ནུབ་དབལ་རི་ཟུར་གསུམ་གནས། ། ཞེས་སོགས་ལྷ་ཡུལ་གྱི་གནས་རྣམས་ལུང་གིས་བསྟན་ལ། གནས་དང་ཞིང་ཁམས་ཀྱི་མདོ་ལས། སངས་རྒྱས་ཀྱི་ཞིང་ཁམས་འོལ་མོའི་གླིང་དེ་ནི་བདེ་བར་གཤེགས་པའི་ཐུགས་རྗེའི་སྟོབས་ལས་བྱུང་བའོ༑། ཞེས་འོལ་མོའི་གླིང་གི་གནས་དངོས་སུ་བསྟན་པ་དང་། ཐུབ་པའི་གསུང་མདོ་སྡེ་ལས། ཁ་བ་ཅན་གྱི་ཡུལ་ན་ས་རྡོས་འགྲོ་བའི་དོན་བྱེད་པ་ཡོད་དོ།།ཞེས་བོད་ན་གནས་ཀྱིས་འགྲོ་བ་འདུལ་བ་དང་། བདུད་བཏུལ་བའི་མདོ་ལས། སྟོན་པའི་ཐུགས་ཀྱི་སྤྲུལ་པ་ལས། མདུང་རྩེ་འདྲ་བའི་རི་ལ་དཔག་བསམ་ལོ་རྒྱས་ཀྱིས་བརྒྱན་པ་ཞིག་སྤྲུལ་ནས་ལྷ་རི་གྱང་ཐོའི་ཟུར་ལ་བཞག་གོ ། ཞེས་ཀོང་བོན་རི་ལུང་དུ་བསྟན་པ་སོགས་མདོ་རྒྱུད་ཀུན་ནས་རྒྱ་ཆེར་འབྱུང་ཞིང་། སྤྱི་སྤུངས་སྐོར་དང་བཀའ་ཐང་ཆེན་མོ་སོགས་ལས་ནང་གི་རྩ་རླུང་ཐིག་ལེ་ལས་ཕྱི་རོལ་ཏུ་གནས་སུ་འཆར་བའི་ཚུལ་རྒྱས་པར་གསུངས་པ་ནི་ཧ་ཅང་མང་བས་དེ་དང་དེར་ཤེས་ཤིང་ངེས་པ་བཙལ་བར་བྱའོ། །
དེ་དག་ལ་འདི་སྐད་ཅེས།
གསས་མཁར་སྤྱི་སྤུངས་ཐུགས་རྗེ་ཉི་མ་ཡི། །
རྒྱུད་ཀྱིས་དངོས་བསྟན་གསང་འདུས་གནས་དགུ་སོགས། །
གནས་ཆེན་ཉེར་བཞི་གནས་ཕྲན་བརྒྱ་ཉེར་ལྔ། །
དེ་ཡི་ཡན་ལག་རྣམ་གྲངས་བསམ་མི་ཁྱབ། །
གནས་ཆེན་གནས་ཕྲན་དབྱེ་བ་སྣ་ཚོགས་པ། །
སྣང་གཞི་གཡུང་དྲུང་ལུས་ཀྱི་རྩ་རླུང་ཐིག །
རྩ་བ་ཡན་ལག་དབྱེ་བ་དང་མཐུན་པར། །
མཁའ་ལ་རྒྱུ་སྐར་བཞིན་དུ་སོ་སོར་གསལ། །
ཕྱི་ནང་གཞན་གསུམ་རྩ་རླུང་ཐིག་ལེའི་ཁམས། །
གང་ལས་འཕྲོ་ཞིང་གང་དུ་དག་པའི་ཚུལ། །
ཕྱི་དང་ནང་གི་རྟེན་འབྲེལ་གནད་གཅིག་པའི། །
ངོ་མཚར་གནས་འདི་བསླུ་མེད་ལུང་གིས་བསྔགས། །
ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པས་ཆེད་དུ་བརྗོད་པའོ། ། ། །
༼ དབྲ་ཁྱུང་དགོན་རྙིང་། ༽
༈གསུམ་པ་གནས་ཆེན་འདི་ཉིད་བྱེ་བྲག་ཏུ་བཤད་པ་ལ་ལྔ། ངོ་བོ། ངེས་ཚིག ངོ་མཚར་བའི་ལུང་། ཡིད་ཆེས་པའི་བཀའ་རྟགས། ཁྱད་པར་དེ་ལྡན་གྱི་མཚན་ཉིད་སོ་སོར་བསྟན་པའོ། །
དང་པོ་ནི། སྐུ་གསུམ་གྱི་ཞིང་ཁམས་ལས་སྤྲུལ་སྐུའི་ཞིང་གི་ཆ་ཤས། གནས་ཉི་ཤུ་རྩ་བཞི་ལས་སྤྱི་བོའི་རྩའི་བསག་ཉིད་དུ་གྱུར་པའི་ལྷ་ཡུལ་གྱི་གནས་ཆེན་དབལ་རི་རི་ནག་འཇོམས་པའི་བྱེ་བྲག གནས་ཆེན་དང་གནས་ཕྲན་གཉིས་ལས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་ལྔའི་ནང་ཚན་ཕྲིན་ལས་ཐུགས་ཀྱི་གནས་ཆེན། མི་ཕམ་སའི་མེ་བཙའ་རིགས་གསུམ་ལྷའི་གནས་གསུམ་ལས་དཔལ་གསང་བའི་བདག་པོའི་ཐུགས་ཀྱི་གནས། སྒྲུབ་གནས་བརྒྱ་རྩ་ལས་འཆི་མེད་དྲན་པ་ཡབ་སྲས་ཀྱི་བྱིན་གྱིས་བརླབས་པའི་གསང་བ་གནམ་ལྕགས་ཡང་རྫོང་གི་སྒྲུབ་གནས་ཡིན་པས་ན་ངོ་བོ་གདོད་ནས་གྲུབ་པ་ལ། ། སྣང་ཚུལ་རྗེས་སུ་མཐུན་པའི་གནས་ཟུང་དུ་འབྲེལ་བའི་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་ཕོ་བྲང་ཆེན་པོའོ། །
༼ ཁྱུང་རྗེས།༽
༈གཉིས་པ་ངེས་ཚིག་ནི། གཡུང་དྲུང་གསང་བ་ཞེས་པ་ནི་ངོ་བོའི་དབང་དུ་བྱས་པ་སྟེ། སྐྱེ་འགགས་གཉིས་སུ་མེད་པའི་གཡུང་དྲུང་གི་དབྱིངས། རྒྱལ་བ་རྣམས་ཀྱི་ཐུགས་ཀྱི་གསང་བ་ཟབ་མོའི་རང་བཞིན། བཅོམ་ལྡན་འདས་གཤེན་ལྷ་འོད་དཀར་དང་ཁྲོ་རྒྱལ་གཙོ་མཆོག་མཁའ་འགྱིང་སོགས་དེ་བཞིན་རིགས་ཀྱི་ལྷ་ཚོགས་་ཕྱག་བརྙན་དང་བཅས་པ་ཁྱད་པར་དུ་བརྟེན་པའི་གནས་སུ་གྱུར་པའོ། །དབལ་རི་དྲག་པོ་ཞེས་པ་ནི་འཕྲོ་གཞི་དང་བྱེད་ལས་ཀྱི་དབང་དུ་བྱས་པ་སྟེ་གནས་ཆེན་ཉེར་བཞི་ལས་དྲག་པོ་དགྲ་བགེགས་འདུལ་བ་དང་སྙིགས་དུས་ཀྱི་བསྐལ་ངན་བཟློག་ཅིང་དམ་སྲིའི་རྒྱུ་སྲང་དང་མཐའི་སོ་ཁ་སྲུང་བའི་མཐུ་སྟོབས་ལྷག་པར་འབར་བའི་བྱེད་ལས་དང་ལྡན་པའོ། གནམ་ལྕགས་རྫོང་ཆེན་ཞེས་པ་ནི་རྣམ་པའི་དབང་དུ་བྱས་པ་སྟེ། རྒྱལ་བ་རྣམས་ཀྱི་ཐུགས་དང་ཕྲིན་ལས་དྲག་པོའི་གནས་སུ་མཚོན་པའི་ཕྱིར་ཕྱིའི་མདོག་ཤས་ཆེར་བྲག་དང་ནགས་ཚལ་གནམ་ལྕགས་མཐིང་ནག་གི་མདངས་སུ་སྣང་ཞིང་། མཐུ་སྟོབས་འབར་བའི་ལྷ་རྣམས་བརྟེན་པར་མཚོན་པའི་ཕྱིར་ཆུ་དང་བྲག་གི་ར་བ་ལ་སོགས་པ་རྫོང་གི་དབྱིབས་ཀྱི་རྣམ་པར་ཡོད་པའི་རྒྱུ་མཚན་གྱིས་མཚན་དེ་སྐད་དུ་གསོལ་བའོ། །
༼ སྟག་རྗེས།༽
༈གསུམ་པ་ངོ་མཚར་བའི་ལུང་ནི། སྔོན་གངས་ཅན་གྱི་ལྗོངས་འདིར་རབ་བྱུང་བདུན་པའི་ནང་བསྐོར་དཔལ་ལྡན་ས་སྐྱ་བས་བོད་ལ་དབང་བསྒྱུར་བའི་སྐབས་ཙམ་ན། བློ་ལྡན་སྙིང་པོའི་ལུང་བྱང་ལས། ། ཁོད་སྤུངས་ཐུགས་ཀྱི་སྤྲུལ་པ་ལས། ། བློ་གྲོས་ཐོགས་མེད་བྱ་བ་ཡིས། ། སྦས་མངོན་ཐབས་ཀྱིས་བསྟན་པ་སྤེལ། ། གང་མཇལ་ངན་སོང་གནས་ནས་ཐར། །ཞེས་འབྱུང་བ་ལྟར་མདོ་ཁམས་ཤར་གྱི་ཉིན་བྱེད་ཁོད་སྤུངས་དབྲ་གཏེར་པ་ཆེན་པོ་འཆི་མེད་གར་དབང་བློ་གྲོས་ཐོགས་མེད་འགྲོ་འདུལ་ཕྲིན་ལས་ཀུན་ཁྱབ་རྩལ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཤར་ཨ་མདོའི་ཡུལ་ནས་ནུབ་ཀུན་ཏུ་དགེ་བའི་ཞིང་གི་སྨད་ཕྱོགས་མི་ཕམ་ཨ་ཛིའི་ལུང་པ་འདིར་ཆགས་ཕེབས་ཏེ། གཞི་བདག་ལ་དམ་བསྒྲགས་ཐོག་མར་མཛད་པའི་སྐབས་ཀྱི་གཡུང་དྲུང་གི་གསུངས་ལས། ། གཡུང་དྲུང་གསང་བ་ཐུགས་ཀྱི་དབྱིངས། ། མོས་པའི་དཔལ་དུ་སྣང་བའི་གཟུགས། ། རི་ཆེན་དེ་ཡི་རྩེ་མོ་ལ། ། ཡེ་ཤེས་ལྷ་ཚོགས་འཇའ་ལྟར་ཤར། ། རི་འདབས་སུམ་ཆ་མན་ཆད་ལ། །ལས་ཀྱི་ལྷ་ཚོགས་སེར་ལྟར་འདྲིལ། །ཞེས་རྟེན་ཐུགས་ཀྱི་གནས་ཡིན་པ་དང་བརྟེན་པ་ལྷའི་བཞུགས་ཚུལ་ཏེ་དོན་དང་། གཡུང་དྲུང་གསང་བ་ཞེས་མིང་གི་སྒོ་ནས་གནས་སུ་ལུང་བསྟན་པ་གདོན་མི་ཟ་ཞིང་། ། དེ་ཡང་རིའི་རྣམ་པ་ལ་བསྔགས་བརྗོད་ཀྱི་ཚུལ་ལས་གནས་ཞེས་དངོས་སུ་མ་གསུངས་པ་ནི་སྐབས་དེར་གནས་ཞལ་འབྱེད་པའི་དུས་ལ་མ་བབས་པས་ཡིན་མོད་ཀྱི།མ་འོངས་པ་ན་ཁོ་བོའི་སྤྲུལ་པ་ཞིག་གིས་གནས་སྒོ་འབྱེད་པར་འགྱུར་རོ་ཞེས་དངོས་སུ་ཞལ་ནས་གསུངས་པའི་ཚུལ་དེང་སང་གི་བར་དུ་་་ངག་རྒྱུན་ལ་རླུང་ལྟར་གྲགས་བཞིན་པ་འདི་ཉིད་དོ། །
༼ ཨ་རང་བྱོན།༽
༈ བཞི་པ་ཡིད་ཆེས་པའི་བཀའ་རྟགས་ནི། སྤྱིར་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་དང་ཕྱག་ཞབས་ཀྱི་རྗེས་ལ་སོགས་པ་དབང་པོའི་སྤྱོད་ཡུལ་དུ་མངོན་སུམ་སྣང་བ་ནི་སྤྱིར་གནས་་་ཡིན་པའི་མཚན་མ་དང་། ཁྱད་པར་དུ་ཧེ་རུ་ཀའི་ཡབ་ཡུམ་གྱིས་དྲེགས་པ་ཕོ་མོ་བཏུལ་བའི་རྟགས་སུ་ཐབས་ཤེས་ཀྱི་མཚན་མ་གང་ལ་ཡོད་པ་གནས་ཆེན་ཡིན་པར་ཡོངས་ལ་གྲགས་པ་ལྟར་་ལིངྒ་དང་སྐྱེ་གནས་ཀྱི་བརྡ་རྟགས་གསལ་ཞིང་ཅུ་གངས་དང་སིནྡྷུ་ར་ཁྱད་པར་ཅན་སྣང་བ་དང་། དྲན་པ་ནམ་མཁའི་བཀའ་ཐང་ཆེན་པོ་ལས། གནམ་ལྕགས་རྒྱ་མདུད་འཁྱིལ་བ་ཐུགས་ཀྱི་དབྱིབས། ཞེས་རིའི་ཟུར་རྣམས་གཡུང་དྲུང་འཁྱིལ་བའི་རྒྱ་མདུད་ཀྱི་རྣམ་པ་ལྟར་བསྣོལ་བའི་དབྱིབས་སུ་དོད་པ་ནི་གཡུང་དྲུང་ཐུགས་ཀྱི་གནས་སུ་ངེས་པའི་རྟགས་དང་། ཁྱད་པར་གསས་མཁར་སྤྱི་སྤུངས་ཀྱི་རྒྱུད་ལས་བསྟན་པ་ལྟར། གསང་བ་འདུས་པའི་གནས་དགུ་བཞུགས་པ་ལས་གཡུང་དྲུང་བདུད་འཇོམས་ཀྱི་རི་བོའམ་རི་ནག་འཇོམས་པའི་གནས་ལ་ཞིང་སྐྱོང་གི་ཌྰཀྐི་དོམ་གདོང་མ་བཞུགས་པར་གསུངས་ཤིང་། དེའི་རྣམ་པའི་མཚོན་བྱེད་ཀྱང་ཕྱོགས་བཞི་གང་ནས་བལྟས་ཀྱང་རིའི་ཕྱི་དབྱིབས་ཀྱི་བྲག་དང་། རྩ་བ་སྡེར་མོ་བཅུམ་པ་ལྟར་རིའི་སྣ་མདུད་པའི་ཚུལ་དུ་ཡོད་པ་དང་། གཡས་གཡོན་གཉིས་ནས་སྦྲུལ་གྱི་རྣམ་པའི་ཆུ་བོ་དང་། སེང་སྡིང་གི་ཤིང་ཡོད་པར་བཤད་པ་རྣམས་ཀྱང་གཏེར་སྟོན་མཆོག་ནས་ངོ་སྤྲོད་གནང་བ་ལྟར་གནས་རི་འདི་ལ་ངེས་པར་ཚང་ཞིང་། བྱེ་བྲག་ཏུ་དཀར་ཆགས་ཆེན་མོར། ལྗོན་ཤིང་ནགས་ཚལ་འཐུག་པོས་གཏན་པའི་རི༔ ཞིང་སྐྱོང་ལྷན་ཅིག་སྐྱེས་མ་དོམ་གདོང་མའི༔ སྐུ་དང་སྒྲུབ་ཕུག་ཨེ་ཡིག་མཚན་པ་བཞུགས༔ ཞེས་གསུངས་པ་ལྟར་ནགས་ཚལ་གྱིས་གཏམ་པའི་རིའི་དབྱིབས་ལ་ཌྰཀྐི་དོམ་གདོང་མའི་སྐུ་དང་༔ དེའི་གསང་བའི་ཐད་སྒྲུབ་ཕུག་ཨེ་ཡིག་གིས་མཚན་པ་དེས་པར་ཡོད་པར་གསུངས་པ་ནི་རི་ནག་འཇོམས་པའི་གནས་ཡིན་པར་ངེས་པའི་རྟགས་མ་ནོར་བ་ཡིན་ལ། གཞན་ཡང་དབྲ་གཏེར་ཆེན་པོས་ལུང་དུ་བསྟན་པ་ངེས་པའི་ཚད་མ་ཡང་། གནས་ཀྱི་ཤར་ལྷོའི་ཕྱོགས་རི་མགོའི་རྒྱ་སྟག་ཞེས་པའི་རྫ་ཁྲོད་དུ་ཕ་ཝཾ་ལ་བུག་པ་བརྟོལ་བ་དང་ཁ་ཊཱཾ་གའི་རྗེས་དང་། ཆིབས་རྟ་དང་ཧལ་གུའི་རྗེས་དང་ལོ་རྒྱུས་དང་འབྲེལ་བར་འབྱུང་བས་ཚད་མ་གཉིས་དང་ལྡན་པའོ། །
༼ གསང་སྔགས་གླིང་པ་གཏེར་ཆུ། ༽
༈ ལྔ་བ་ཁྱད་པར་དེ་ལྡན་གྱི་གནས་ཀྱི་མཚན་ཉིད་བསྟན་པ་ལ་གསུམ། ཐུན་མོང་སོ་སྐྱེས་ངོར་ཇི་ལྟར་སྣང་བ། ཐུན་མིན་རྣལ་འབྱོར་པའི་ངོར་ཇི་ལྟར་གྲུབ་པ། ཁྱད་པར་འཕགས་ཆེན་རྣམས་ལ་ཇི་ལྟར་ཤར་བའོ། །
དང་པོ་ནི། ཕྱི་འཇིག་རྟེན་གྱི་མཐུན་སྣང་དུ་ཞང་ཞུང་དང་བོད་དང་རྒྱ་ནག་གི་གཙུག་ལག་སྣ་ཚོགས་ལས་བཤད་པའི་སའི་དཔྱད་ལེགས་དགུས་སྤྲས་ཤིང་སའི་སྐྱོན་རང་བཞིན་གྱི་དབེན་པ། ཧ་ཅང་ཚ་བའི་གྲང་བའི་གནོད་པ་མེད་ཅིང་དབྱར་དགུན་ཀུན་ཏུ་ཁམས་དྭངས་ཤིང་རིག་པ་སྤྲོ་བ། རི་ཕྲན་ཀུན་ལས་རི་དབང་ལྷུན་པོ་ལྟར་མངོན་པར་མཐོ་བའི་རིའི་རྒྱུད་གངས་དང་འབྲེལ་བ། གཡས་གཡོན་ནས་དལ་བར་འབབ་པའི་ཆུ་བོའི་རྒྱུན་རྣམས་གཙང་པོ་ཟུག་པ། རིན་པོ་ཆེ་དངུལ་དང་། པདྨ་རཱ་ག་དང་། ཨིནྡྲ་ནྰི་ལའི་མདངས་འཛིན་པའི་བྲག་རིའི་བ་གམ་གྱི་ཕྲེང་བ་ཆེད་དུ་བསྒྲིགས་པ་ལྟ་བུའི་ཉེ་འཁོར་ན། བསྟི་གནས་སུ་རུང་པའི་ཕུག་པ་དང་། བྱ་སྐྱིབས་ཀྱི་བཀོད་པ་དུ་མས་ཆེད་དུ་བརྒྱན་པ། གཡུ་དང་མ་རྒད་ཀྱི་ཁ་དོག་ལ་འགྲན་བཟོད་པའི་ནེའུ་གསེང་དང་སྤང་ལྗོངས་ཡིད་དུ་འོང་བའི་ཐང་ག་རྣམས་སུ་རོ་ནུས་ཞུ་རྗེས་ཁྱད་པར་དུ་འཕགས་པའི་རྩི་སྨན་གྱི་རིགས་དུ་མ་འཁྲུངས་པ། བདུད་རྩིའི་རང་བཞིན་གྱི་ཤིང་ལྔས་མཚོན་པའི་རྩི་ཤིང་དང་ལྗོན་པའི་ཤིང་ཐ་དད་པའི་རིགས་དུ་མ་དང་ཤུག་པ་དང་སྰ་ལའི་སྡོང་པོའི་ནགས་ཚལ་གྱི་གོས་ཀྱི་བཀླུབས་པ་སོགས་ཉམས་དགའ་ལ་བཀྲ་ཤིས་པའི་རྣམ་པས་མཛེས་ཤིང་ཡུལ་གྱི་དགེ་བཅུའི་ཡོན་ཏན་ཡོངས་སུ་རྫོགས་པའི་སྤྱོད་ཡུལ་གྱི་གནས་སུ་གྱུར་པ་སྟེ། ཉམས་དགའ་ལ་བཀྲ་ཤིས་པའི་ས་ཕྱོགས་ཀུན་ནས་སྰ་ལའི་ཕྲེང་བས་བསྐོར་བའི་ཕྱོགས་མཚམས་རྣམས་སུ་སྐད་རིགས་མི་མཐུན་པའི་སྐྱེ་བོ་དུ་མས་བསྟེན་པའི་ཡུལ་ལྗོངས། འཆི་མེད་ལྷ་བརྒྱས་རྩེན་པའི་སྤྱོད་ཡུལ་ཡོངས་འདུས་ལྗོན་པའི་དགའ་བའི་ཚལ་ལྟར་བོན་དང་མཐིན་པའི་འབྱོར་བའི་དཔལ་ཕུན་སུམ་ཚོགས་པས་བརྒྱན་པའོ། །
༼གནོལ་འཇོམས་ལྷ་ཤིང་།༽
གཉིས་པ་ནི། ནང་རྣལ་འབྱོར་ལ་གཞོལ་བ་རྣམས་ཀྱི་སྤྱོད་ཡུལ་དུ། བདག་ཏུ་མ་བཟུང་བའི་ནགས་ཚལ་དང་། བསམ་གཏན་ལ་གཞོལ་བའི་བསྟི་གནས་སུ་འོས་པའི་བྱ་སྐྱིབས་ཉམས་དགའ་བ་སོགས་མདོ་སྡེ་དུ་མ་ནས་བཤད་པའི་དོན་དང་མྭན་པ། གྲོང་ལས་རྒྱང་གྲགས་སུ་འཕགས་པ་སོགས་མངོན་པ་ནས་བཤད་པའི་ཡོན་ཏན་ཚང་བ། ཤར་གཞོལ་ལ། བྱང་འདེན་པ། ནུབ་སྐྱོར་ལ། ལྷོ་སྤུངས་པ་དང་། བྱང་ནས་འབབ་པའི་ཆུ་བོའི་རྒྱུན་དང་མདུན་དུ་མེ་ཏོག་སྣ་ཚོགས་པའི་ཐང་ཆགས་པ། དཔའ་བོ་མཁའ་འགྲོ་འདུ་ཞིང་གྲུབ་ཐོབ་གོང་མས་ཞབས་ཀྱིས་བཅག་པ་སོགས་གསང་སྔགས་ནས་བཤད་པའི་སྒྲུབ་གནས་ཀྱི་མཚན་ཉིད་ཚང་བ། རྟོགས་པ་འཆར་བའི་གནས་རིག་འཛིན་གོང་མའི་སྒྲུབ་གནས་དང་། རྒྱབ་རི་སྒོམ་ཆེན་དང་སྤང་མཐིལ་སྐྱིལ་ཀྲུང་བཅས་པ་ལྟ་བུ་དང་། གཏུམ་མོ་བསྒོམ་པའི་གནས་རི་སུལ་དང་གཅོང་རོང་། སྤྱོད་པ་བསྐྱངས་པའི་གནས་ཡ་ང་བའི་ལམ་སྲང་སོགས་ལམ་གྱི་མཐུན་རྐྱེན་ཕྱི་ནང་གི་རྟེན་འབྲེལ་མཐའ་དག་བསྒྲིགས་པར་ནུས་པའི་གནས་ཆེན་པོ་སྟེ། ལྷ་གཅིག་འཆི་མེད་བླ་མས་བྱིན་གྱིས་བརླབས་ཤིང་། བསླུ་མེད་གཡུང་དྲུང་གསང་བའི་ཕྱག་རྒྱས་མཛེས་པ། གྲུབ་པ་གཉིས་ཀྱི་དངོས་གྲུབ་བདེ་བླག་ཏུ་འགྲུབ་ཅིང་། ངེས་གསང་བྱས་ཆུབ་སྙིང་པོའི་གནས་རིའི་རྟེན་གཞལ་ཡས་ཁང་ལ་བརྟེན་པ་རྩ་གསུམ་བོན་སྐྱོང་གི་ཚོགས་རྣམས་དངོས་སུ་བཞུགས་ཤིང་། རང་བྱུང་གི་བྲག་རིའི་ཕུག་པ་དང་བྱ་སྐྱིབས་རྣམས་སུ་གྲུབ་པའི་རིག་འཛིན་དཔའ་བོ་དང་མཁའ་འགྲོ་དུ་མ་གནས་པ། ཕྱོགས་མཚམས་ཀྱིས་ས་གནད་སོ་སོ་རྣམས་སུ་སྲུང་མ་དང་ཞིང་སྐྱོང་དམ་ཅན་མང་པོས་ཀུན་ནས་རོལ་ཅིང་། འབབ་ཆུའི་སྒྲ་རྣམས་ཀྱང་སྔགས་ཀྱི་རང་སྒྲ་སྙན་པར་སྒྲོག་པ། དུས་དང་དུས་སུ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དུ་མས་འདོད་ཡོན་ཚོགས་ཀྱི་འཁོར་ལོའི་འདུ་བ་ལ་ལོངས་་སྤྱོད་ཅིང་། ཁྱད་པར་དུ་རྒྱལ་བའི་ཐུགས་ཀྱི་བསྟན་པའི་གཉེར་དཔོན་འཆི་མེད་རྒྱལ་བའི་དབང་པོ་བླ་ཆེན་ཡབ་སྲས་རྣམ་གསུམ་དུས་བཟང་པོ་རྣམས་སུ་ཡེ་ཤེས་ཀྱི་གར་གྱིས་ཕེབས་ཏེ། དད་པ་ཅན་བྱིན་གྱིས་བརླབས་ཤིང་སྐལ་ལྡན་རྣམས་ལ་དངོས་གྲུབ་ཅིང་ཡང་སྟེར་བ་སོགས་གསང་ཆེན་སྔགས་ཀྱི་དཀྱིལ་འཁོར་ཆེན་པོར་ཡེ་ནས་ལྷུན་གྱིས་གྲུབ་པ་སྟེ། གངས་ཅན་ས་སྤྱོད་ཀྱི་གྲུབ་པའི་གནས་ཆེན་པོ། འོག་མིན་ལྷའི་ཞིང་ཁམས་གཉིས་པར་ལུང་བསྟན་པ། རང་བྱུང་ཀུན་ཏུ་བཟང་པོའི་བདེ་ཆེན་ཡེ་ཤེས་གྱི་གར་གྱི་ཉམས་བརྒྱས་རྟག་ཏུ་རྣམ་པར་རོལ་བའི་ཡང་ཁྲོད་དམ་པ་རྟོགས་པའི་བདུད་རྩིའི་བཅུད་ཀྱིས་མཆོག་ཏུ་མྱོས་པའི་ངེས་པ་དོན་གྱི་རྣལ་འབྱོར་པ་རྣམས་ཀྱིས་བསྟེན་པའི་ཡུལ་དུ་གྱུར་པའི་གནས་ཕུན་སུམ་ཚོགས་པའོ་ཞེས་ཤེས་པར་བྱའོ། །དེ་ལ་འདི་སྐད་ཅེས། སྤྲུལ་སྐུའི་ཞིང་ཁམས་དབལ་རི་རི་ནག་འཇོམས། ཕྲིན་ལས་ཐུགས་ཀྱི་གནས་ཆེན་གསང་བའི་བདག་གནམ་ལྕགས་ཡང་རྫོང་རང་བྱུང་རྗེས་མཐུན་གཉིས། ། དབྱེར་མེད་རྩ་གསུམ་འདུས་པའི་ཕོ་བྲང་མཆོག ། སྐྱེ་མེད་གཡུང་དྲུང་གསང་བ་ཐུགས་ཀྱི་གནས། ། དབལ་རི་གཉིས་པ་ཕྲིན་ལས་དྲག་པོ་རྩལ། ། གནམ་ལྕགས་མཐིང་ནག་ཡང་རྫོང་རྣམ་པ་ཡིས། །མཚན་སྙན་ཡི་གེ་རྣ་བའི་བཅུད་དུ་སྨིན། ། རིང་ནས་གངས་ཅན་ཉིན་བྱེད་དབྲ་གཏེར་པའི། །ཕྲིན་ལས་སྐྱ་རེངས་ཐོག་མར་གཡོ་བའི་ཚེ། །ངོ་མཚར་གནས་ཀྱི་མཚན་དང་བཀོད་པའི་ཚུལ། །བསླུ་མེད་ལུང་གི་ཕྲེང་བས་བསྔགས་འདི་རྨད། །ཐབས་ཤེས་བརྡ་མཚན་གཡུང་དྲུང་ཁྱུང་ཆེན་དབྱིབས། ། སེང་ལྡིང་ལྗོན་པ་དོམ་གདོང་རང་བྱོན་སོགས། ། གནས་ཆེན་ཐུགས་ཀྱི་རང་བཞིན་རི་ནག་འཇོམས། ། བརྡ་རྟགས་མངོན་སུམ་གསལ་ལ་སུ་ཡིས་བསྙོན། ། ཕྱི་ལྟར་ཐུན་མོང་སྣང་ངོར་ཡུལ་གྱི་མཐིལ། ། གཙུག་ལག་དཔྱད་ལེགས་ས་ཡི་དགེ་བཅུ་ཚང་། ། རྩི་ཤིང་སྣམ་འབྲུ་འབྱོར་ཚོགས་ཀུན་འདུ་བ། འཆི་མེད་འདུན་སའི་ངོ་མཚར་འདིར་འཕོས་བཞིན། ། ནང་ལྟར་རྣལ་འབྱོར་ཅན་ལ་དབེན་པའི་གནས། ། བསྙེན་སྒྲུབ་བརྟུལ་ཞུགས་དགོངས་ཉམས་སྐྱོང་བའི་ས། ། ལམ་གྱི་མཐུན་རྐྱེན་མཐའ་དག་སྒྲིགས་ནུས་པ། ། དབལ་རི་གཉིས་པ་ས་འདིར་འོང་མིན་ནམ། ། གསང་བ་འཕགས་ཆེན་སྣང་ངོར་དག་པའི་ཞིང་། ། གཞལ་ཡས་ལྷ་ཡི་དཀྱིལ་འཁོར་བཀོད་པ་དང་། ། གྲུབ་པ་རིག་འཛིན་དམ་ཅན་ཚོགས་འདུ་བ། ། གངས་ཅན་ལྗོངས་ཀྱི་འོག་མིན་གཉིས་པར་གྱུར། ། ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
༈ བཞི་བ་བྱིན་གྱིས་བརླབས་ཤིང་གནས་སྒོ་ཕྱེས་ཚུལ་ལ་གཉིས་ལས། དང་པོ་བྱིན་གྱིས་བརླབས་ཚུལ་ནི། ཐོག་མར་དཔལ་ཆེན་པོ་ཆེ་མཆོག་མཁའ་འགྱིང་ཡབ་ཡུམ་གྱི་རང་བྱུང་གི་དུར་ཁྲོད་ཆེན་པོར་ལྷུན་གྱི་གྲུབ་པའི་དགོངས་པ་མཛད། བར་དུ་བདག་ཅག་གི་སྟོན་པ་དམུ་རྒྱལ་སྲས་པོས་སྐུ་མཚན་མཐའ་ཡས་པའི་འོད་ཀྱིས་ཁྱབ་པར་མཛད། མཆོག་གི་གོ་འཕང་ལ་མངའ་བརྙེས་པའི་གྲུབ་པའི་རིག་འཛིན་སྤྱི་དང་། ཁྱད་པར་དུ་འཆི་མེད་ཡུམ་སྲས་གཤེན་གསུམ་དང་། དབལ་བོན་ཆེན་པོ་སྟག་ལ་མེ་འབར། ལྷ་ཀླུ་མིའི་རིག་འཛིན། གཤེན་ནམ་མཁའ་སྣང་བ་མདོག་ཅན། རིག་འཛིན་ལྕེ་ཚ་མཁར་བུ་རྣམས་ཀྱིས་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་ཤིང་གནས་བདག་སོ་སོར་བཀའ་ཉན་གྱི་ཐ་ཚིག་ཐོག་མར་བསྒྲགས། བྱེ་བྲག་ཏུ་གྱེར་སྤུངས་ཆེན་པོ་བླ་ཆེན་དྲན་པ་ནམ་མཁའ། འགྲོ་མགོན་ཚེ་དབང་རིག་འཛིན། སློབ་དཔོན་པདྨ་མཐོང་གྲོལ། གངས་ཅན་གྱི་སྐྱེས་བུ་ལོ་ཙཱ་བ་ཆེན་པོ་བེེ་རོ་ཙ་ན་སོགས་གྲུབ་པའི་རིག་འཛིན་དུ་མས་ཞབས་ཀྱིས་་བཅགས་ཤིང་སྒྲུབ་པའི་གནས་སུ་མཛད། ལྷ་འདྲེ་གདུག་པ་ཅན་ཐམས་ཅད་དམ་ལ་བཞག གསང་སྔགས་ཀྱི་རྒྱུད་ལུང་དུ་མ་གསུངས་ཤིང་བཀའི་བསྡུ་བ་མཛད། ས་རྡོ་རི་བྲག་ཐམས་ཅད་སྐུ་གསུང་ཐུགས་གྱིས་བྱིན་གྱིས་བརླབས་ཤིང་ཟབ་གཏེར་གྱི་རིགས་ཆེ་ཕྲ་དུ་མ་སྦས། མཁའ་འགྲོ་དང་བོན་སྐྱོང་དུ་མ་གཉེར་དུ་བཞག་སྟེ་ཕྱིས་སུ་འགྲོ་དོན་མཐའ་ཡས་པ་འབྱུང་བའི་དགོངས་པས་རྒྱས་བཏབ། འོན་ཀྱང་འགྲོ་འདུལ་གྱི་ཕྲིན་ལས་དུས་ལ་མ་བབས་པས་སྦས་པའི་ཚུལ་གྱིས་ཕྱོགས་འདིར་གནས་བདག་གཙོ་འཁོར་དྲག་རྩལ་ཤིན་ཏུ་ཆེ་བས། ཉེ་སྐོར་དུ་སྐྱེ་བོ་ཕལ་མོ་ཆེ་རྒྱུ་འབྲུལ་ཡང་དཀའ་ཞིང་རྟ་ལས་གཞོལ་ཞིང་སྐད་གདངས་གཅོམ་སྐྱུངས་ནས་འགྲོ་དགོས་པ་ཙམ་ཞིག་ཡོད་པ་ལ། ཕྱིས་ཀྱི་དུས་ནས་མི་རྣམས་ཀྱི་ཚེ་ལོ་ལྔ་བཅུ་ཁ་རལ་གྱི་ཚེ་ཙམ་ན། ། སྙིགས་མའི་འགྲོ་འདུལ་གྱི་རིག་པ་འཛིན་པ་རྒྱ་ནག་གི་མཁས་པ་ལེགས་ཏང་སྨ་བོ་དང་མི་གཉིས་པའི་ལོ་ཆེན་བེེ་རོ་ཙ་ནའི་རྣམ་རོལ་གར་དབང་ཁོད་སྤུངས་བློ་གྲོས་ཐོགས་མེད་འགྲོ་འདུལ་ཕྲིན་ལས་ཡོངས་གྲུབ་རྩལ་ཕྱོགས་འདིར་བྱོན་ནས་ཕྱོགས་ཐམས་ཅད་ཞབས་ཀྱིས་བཅག གནས་བདག་ཞིང་སྐྱོང་གཙོ་འཁོར་བཅུ་གསུམ་བཀའ་གཙིགས་ཀྱི་དམ་ལ་བཞག་སྟེ། མཚན་དུ་ཉག་གི་དྲེགས་པ་སེང་ཆེན་དམ་ཅན་སྐྱོབ་འབྱིན་ཆེན་པོ་གཡུང་དྲུང་གཏུམ་དྲག་རྩལ་ཞེས་བཏགས། གནས་བདག་མཆོད་གསོལ་གྱི་ཆོ་ག་ཡང་མཛད་དེ་ཕྱོགས་ཀུན་ཏུ་དར། འཁོར་འདས་མཉམ་ཉིད་ཀྱི་དགོངས་པས་ས་ཕྱོགས་ཐམས་ཅད་བྱིན་གྱིས་བརླབས་ཤིང་། མ་འོངས་པར་གནས་སྒོ་འབྱེད་པའི་ལུང་བསྟན་ཏེ་རྫུ་འཕྲུལ་གྱི་བཀའ་རྟགས་དུ་མ་བཞག བྲང་ངེས་ཀྱི་བོན་གྱི་འཁོར་ལོ་མཐའ་ཡས་པ་བསྐོར། ཉག་ཤོད་ཀྱི་ཡུལ་མུན་པ་ལྟ་བུ་ལ་ཉི་མ་ཤར་བ་ལྟ་བུའི་ཕྲིན་ལས་རླབས་ཆེན་མཛད། ཁྱད་པར་དུ་སྲིད་རྒྱལ་བླ་མཚོར་རྫུ་འཕྲུལ་གྱིས་གཏིང་དུ་ཕེབས་ཏེ་ཀླུ་བདུད་གདུག་ཅན་གནས་པ་དམ་ལ་བཏགས། བཀའ་རྟགས་སུ་རལ་པའི་ཚལ་བུ་ཞིག་བཞེས་པ་ད་ལྟར་ཁོད་སྤུངས་བླ་བྲང་གི་རྟེན་ཁྲོད་དུ་བཞུགས་པས་མཚོན་གནས་དང་གཞིའི་བདག་པོ་རྣམས་ལ་བཀའ་ཉན་གྱི་ཐ་ཚིག་གཉིས་པ་བསྒྲགས་ཤིང་བསྟན་པའི་སྲུང་མར་བཀའ་ཡིས་གཉེར་གཏད་མཛད། གཡུང་དྲུང་ཐུགས་ཀྱི་གནས་ཡིན་པའི་བཀའ་ཡམ་ཙམ་ཞིག་བསྒྲགས་པ་ལ་བརྟེན་ནས་གནས་ལ་ཕྱག་མཆོད་བསྐོར་བ་ཙམ་བྱེད་པ་དེ་དུས་ནས་དར་རོ། ། དེ་རྗེས་ཁོད་སྤུངས་བློ་གྲོས་རྒྱལ་མཚན་སོགས་གདུང་རབས་རིམ་བྱོན་རྣམས་དང་རྣལ་འབྱོར་བ་ཆེན་པོ་ཉི་མ་དབང་ལྡན་བྱོན་ནས་མཆོད་སྒྲུབ་བརྟེན་པའི་གནས་སུ་མཛད་ཅིང་གནས་བདག་གཙོ་འཁོར་ལྷ་རུ་བསྟེན་པས་རུས་ལ་འཁོར་བའི་དགྲ་ལྷ་རུ་གྱུར། དེ་ནས་ཁོད་སྤུངས་གསང་མཆོག་གི་གདུང་བྱོན་རྟོགས་ལྡན་སངས་རྒྱས་ཞེས་གྲགས་པའི་སྦས་པའི་རྣལ་འབྱོར་པ་ཞིག་བྱུང་བ་གནས་མདུན་གཡས་ངོས་ཀྱི་སྒྲུབ་ཕུག་དབེན་པར་ཐུགས་དམ་ཅི་རིགས་དང་། ཁྱད་པར་འཁོར་བ་དོང་སྤྲུགས་གི་སྙིང་པོའི་ཉམས་ལེན་ལོ་དགུར་མཛད་པས་གྲུབ་པའི་གོ་འཕང་བརྙེས་ཏེ་སྒྲུབ་ཕུག་གི་སྒོའི་ཡ་ཐེམ་ལ་དོང་སྤྲུག་སྙིང་པོ་ཐུར་མས་བྲིས་པས་ད་ལྟར་བ་ཨ་དཔར་སྒྲུབ་ཕུག་ཏུ་གྲགས། གཞི་བདག་ལྷ་བཙན་གྲགས་རྒྱལ་གྱིས་དད་པ་སྐྱེས་ནས་བླ་མ་སྤྱན་འདྲེན་བྱུང་སྟེ་མི་རྒོད་ཀྱི་རྣམ་པས་བླ་མ་ཁུར་ནས་བྱོན་པའི་ལམ་ཁར་རྡོ་ལ་སྐུ་རྗེས་བཞག་པས། སྐུ་རྗེས་ཀྱི་དབྱིབས་སྒུར་བོ་ཞིག་སྣང་བས་མཚན་སངས་རྒྱས་སྒུར་བོ་ཞེས་ཀྱང་འབོད། དེས་མཚོན་མི་དང་མི་མིན་གྱི་འགྲོ་དོན་རྒྱ་ཆེར་མཛད་ནས་སྒྲུབ་པའི་གནས་སུ་བྱིན་གྱིས་བརླབས།
དེའི་རྗེས་སུ་གཏེར་སྟོན་ཁྲག་འཐུང་ཧེ་རུ་ཀ་དཔལ་ཐུགས་གཏེར་གླིང་བ་ཞེས་བྱ་བ་བྱོན་ཏེ་གནས་འདིར་ཕེབས་ནས་གནས་དྲག་པོ་ཕྲིན་ལས་གནས་བདག་ལག་ན་རྡོ་རྗེ་རང་གཟུགས་སུ་ཞལ་གྱིས་་བཞེས༑གནས་རིའི་གཡོན་ཕྱོགས་དབལ་ཆེན་ཐང་ནས་ལྷ་སྲིན་དམ་བསྒྲགས་བཅས་ལྷ་དར་དཀར་པོ་ཞིག་ནམ་མཁའ་ལ་གསོལ་བས་ཆུའི་ཕར་ཁ་ནས་གནས་ཀྱི་དབུ་རྩེར་ལྡིང་བའི་མཚན་མ་ཀུན་ཀྱིས་མཐོང་བ་བྱུང་། དེ་རྗེས་མཁས་ཤིང་གྲུབ་པའི་དབང་ཕྱུག་རྒྱལ་དབང་ཤར་རྫ་བ་ཆེན་པོ་བྱོན་ཏེ་ཕྱོགས་འདིར་བོན་གྱི་འཁོར་ལོ་ཟབ་རྒྱས་སུ་བསྐོར། དབྲ་གཏེར་པའི་གསུངས་དང་མཐུན་པར་གནས་ཀྱི་གཟིགས་སྣང་ཁྱད་པར་ཅན་བྱུང་སྟེ་གནས་ཁྱད་འཕགས་སུ་ཞལ་གྱི་བཞེས་ཤིང་བསང་མཆོད་ཀྱི་ཆོ་ག་མཛད་པས།བྱ་རོག་མང་པོས་གར་བྱེད་ཅིང་དངོས་སུ་གཏོར་མ་ལེན་པ་དང་ལྷ་རྫས་ཀྱི་གཟུགས་སུ་དོད་པའི་འཇའ་ཚོན་བཀྲ་བ་སོགས་རྟགས་མཚན་ལེགས་ཤིང་དེ་ནས་བཟུང་འཕྲུལ་ངག་བདེན་པའི་བསྟན་པ་རིན་པོ་ཆེ་ཇེ་རྒྱས་སུ་བྱུང་ངོ་། དེ་དག་ལས་ཁྱད་པར་དུ་སྙིགས་མའི་སྐྱབས་གཅིག་གནས་གཏེར་ཕྲིན་ལས་རྒྱ་མཚོའི་འཁོར་ལོའི་བསྒྱུར་བ། གྲུབ་པའི་དབང་ཕྱུག་མཚན་ནས་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན། བཀའ་དྲིན་མཚུངས་ཟླ་མ་མཆིས་པ་དབལ་གཏེར་གསང་སྔགས་གླིང་པ་མཆོག་གི་ཞལ་སྔ་ནས། རབ་བྱུང་བཅོ་ལྔའི་ནང་གསེས། རྣམ་གནོན་ཞེས་པ་ལྕགས་ཡོས་ལོར་བོད་གཞུང་སའི་སྤྱི་ཁྱབ་ཆེན་པོ་ཟི་གོང་སྲས་ནས། ཉག་ཤོད་ཀྱི་ཡུལ་འདི་ལ་སྔོན་གྲྭ་ཕུན་རབ་པ་ནས་ཉག་ཨ་ཛིཏྲ་ལུང་ཞེས་འབོད་པ་འདི་ཆོས་དང་་འཇིག་རྟེན་གང་ཐད་ནས་མི་ཕམ་པའི་མིང་དུ་འདུག རྒྱུ་མཚན་ཡུལ་འདིར་སྲིད་པའི་ཡུལ་ལྷ་མཐུ་བོ་ཆེ་དུ་མ་གནས་པས་ཁ་འཛིན་གཞན་ལས་ཆེ་བའི་ཚུལ་མོ་ལུང་དུ་མ་ཡོད་པ་སོགས་ཀྱི་ལོ་་རྒྱུས་དང་། དེ་ལས་ཉག་སྨད་སྐྱོབ་འབྱིན་སེང་ནག་འདི་མཐུ་རྩལ་གཞན་ལས་ཆེ་ཞིང་། དེ་ཡང་གཙོ་བོར་བོན་གྱི་དགྲ་བླ་ཡིན་པར་སྣང་བས་ད་ལན་བསྟན་འགྲོའི་སྤྱིའི་ཆེད་དུ་དབལ་གཏེར་པ་ཁྱེད་ནས་རི་གཏེར་འཛུགས་པ་དང་གཞི་བདག་གསོལ་མཆོད་འབྱོན་དགོས་ཀྱི་བཀའ་དང་། བཀྲ་ཤིས་པའི་ལྷ་རེག་དང་དར་གོས་ཇ་འབྲུ་སོགས་གནང་སྐྱེས་གྱ་ནོམ་པ་དང་བཅས་ཆེད་་་་་་བསྐུལ་བྱུང་བའི་རྟེན་འབྱུང་ཐོག་མར་དགེ་བ་ལས། རྗེ་བཙུན་དམ་པ་གང་ཉིད་གནས་རིའི་ཐུགས་ཀར་ཕེབས་ནས་བསང་བརྔན་ཆེན་མོ་དང་འབྲེལ་བར་ས་བཅུད་གསོ་བའི་གཏེར་ཆེན་དུ་མ་སྦས། དེའི་ཚེ་མཁའ་འགྲོ་ཐུགས་རྗེ་ཀུན་སྒྲོལ་གྱི་ལུང་བསྟན་ཐོག་མར་བྱུང་བ་ལ་བརྟེན་ནས་འཁོར་འདས་མཉམ་ཉིད་ཀྱི་དགོངས་པས་སྣོད་བཅུད་ཐམས་ཅད་དཀྱིལ་འཁོར་གསུམ་དུ་བྱིན་གྱིས་བརླབས་པས། གནས་སྒྲུབ་ཐོག་མའི་རྟེན་འབྲེལ་དགེ་ཞིང་ནམ་མཁའ་དྭངས་བ་དང་འཇའ་མཚོན་བཀྲ་བ་སོགས་ཡ་མཚན་པའི་ལྷས་ཀུན་ཀྱིས་མཐོང་། སྔོན་ཆད་བྱ་དཀའ་བའི་ལྷ་ཐོ་ཆེ་ཕྲ་བརྩིགས་པ་དང་མི་མང་འདུས་པས་བྲོ་གར་རྩེ་བ་སོགས་ཡོ་ལང་ཆེ་བར་གྱུར་ཀྱང་འཚུབ་ཆ་ཅི་ཡང་མ་བྱུང་བས་གཏེར་ཆེན་ཉིད་སྐྱོབ་འབྱིན་སེང་ནག་དང་ཤག་བཤེས་སུ་འདུག་ཅེས་ཡུལ་མི་རྣམས་ཀྱིས་གླེང་བའང་བྱུང་། དེ་རྗེས་སྔ་ཕྱི་དུ་མར་གནས་ཀྱི་ལུང་བསྟན་མང་དུ་བྱུང་ཞིང་གནས་ཆེན་གྱི་ཉེ་འཁོར་རྣམས་སུ་ཞབས་ཕེབས་ལན་གྲངས་རྣམས་སུ་དང་། ཁྱད་པར་གནས་ཞོལ་མཐོང་གྲོལ་གླིང་དུ་གསང་གླིང་ཀྱི་སྒྲུབ་ཆེན་དུ་མ་དང་འབྲེལ་བར་གནས་རིར་བསང་བརྔན་དང་ལྷ་སྲིན་དམ་བསྒྲགས་དང་གནས་ཆེན་བྱིན་འབེབས་རྣམས་ལ་ཐུགས་ནན་མཛད། སྨིན་གྲོལ་བོན་གྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཞིང་ནན་ཏན་དུ་བྱིན་གྱིས་བརླབས་པས་ཀྱང་ནོར་བུ་རིན་པོ་ཆེའི་རྒྱལ་པོ་བྱི་དོར་བྱས་པ་ལྟར་ལྷག་པར་བྱིན་རླབས་ཀྱི་གཟི་བྱིན་འབར་ཞིང་འབྲེལ་ཚད་དོན་ལྡན་དུ་གྲུབ་པ་ཡིན་ནོ། །
༈ གཉིས་པ་གནས་སྒོ་ཇི་ལྟར་ཕྱེས་ཚུལ་ནི། གཏེར་ཆེན་སངས་རྒྱས་གླིང་པའི་གཏེར་ལུང་ལས། དཔལ་གྱི་དབང་ཕྱུག་བདེ་བའི་རྡོ་རྗེ་འཆང་། ། ཞེས་སོགས་རྩོད་མེད་ཀྱི་ལུང་གིས་ཟིན་པའི་རྩོད་བྲལ་སྤྲུལ་པའི་གཏེར་ཆེན་འགྲོ་འདུལ་གསང་སྔགས་གླིང་པ་ནས། རིང་ནས་འགྲོ་འདུལ་ཕྲིན་ལས་ཀྱི་གནས་ཡིན་པའི་ངེས་པ་གསལ་བར་གཟིགས་ཤིང་གནས་ཀྱི་ཞལ་འབྱེད་པ་པོ་རྗེ་ཉིད་ཡིན་པའི་གསུང་འཕྲོས་བྱུང་བ་དང་། དབྲ་གཏེར་ཆེན་པོའི་རྣམ་རོལ་རང་ཉིད་ཡིན་པར་ཞལ་གྱིས་བཞེས་པ་སོགས་སྔ་ཕྱིའི་ལུང་བསྟན་རྣམས་ལ་དཔགས་ནས་ཁོ་བོ་ཅག་རྣམས་ཀྱིས་བཀྲ་ཤིས་པའི་མཎཌལ་དང་བཅས་གནས་ཞལ་འབྱེད་དགོས་ཀྱི་ཞུ་བ་ཕུལ་བ་དུས་སུ་བབས་པའི་རྟེན་འབྱུང་རབ་ཏུ་དགེ་བ་ལས། གནས་འདིར་ཞབས་བསྐྱོད་དེ་བླ་མ་སྐུ་གསུམ་དྲག་ཕུར་གྱི་སྒྲུབ་ཆེན་དང་འབྲེལ་བར་གནས་སྒྲུབ་གཉིས་པ་མཛད། གཞི་བདག་རྟེན་བཀོལ་དང་བསང་སྐྱེམས་དང་བསང་བརྔན་རྒྱས་པར་གནང་བས་གཞི་བདག་དགྱེས་ཤིང་མཐོང་སྣང་དུ་བྱུང་བ་ལྟར་གར་་་འཆམས་ཀྱི་ལག་ལེན་ཡང་བསྩལ་ཏེ། ད་ནི་གནས་སྒོ་མྱུར་དུ་འབྱེད་པར་འགྱུར་རོ་ཞེས་དགྱེས་པའི་གསུང་གནང་། སྐྱ་སེར་ཀུན་ལ་གླུ་བྲོ་དང་ཚོགས་ཀྱི་མགུར་མང་དུ་བྱེད་བཅུག་སྐབས། ཤྭ་བ་དང་བྱ་རོག་དུ་མ་འདུ་བ་དང་རྔ་དང་ཆ་ལང་གི་སྒྲ་ཐོས་པ་སོགས་ངོ་མཚར་བའི་རྟགས་མཚན་དུ་མ་ཀུན་ཀྱི་མཐུན་སྣང་དུ་བྱུང་བས་དད་པ་དང་མོས་གུས་ལྷག་པར་ཡང་རྒྱས་པར་གྱུར་ཏོ། ། དེ་ནས་ཉེ་ཆར་དཔལ་ལྡན་མི་ནུབ་དགོན་དུ་རང་གཏེར་གྱི་སྨིན་གྲོལ་གྱི་འཆད་སྤེལ་རྒྱ་ཆེར་གནང་སྐབས། ལུང་ཟིན་གྱི་ཌྰཀྐི་མ་བདེ་ཆེན་མཚོ་རྒྱལ་ཕྲིན་ལས་དབང་གི་སྒྲོན་མས་མཚན་ལམ་དང་དགོངས་ཉམས་ཀྱི་རྟགས་མཚན་དུ་མ་ལ་བརྟེན་ནས་དུས་བབས་ཀྱི་བསྐུལ་མ་མཛད་པས་མཚམས་སྦྱར་ཏེ་སེམས་དཔའི་འདུས་སྡེ་བཅུ་ཕྲག་དུ་མ་དང་བཅས་ཏེ་གནས་ཀྱི་མདུན་དུ་ཕེབས་་ནས་ཚོགས་ཀྱི་མཆོད་པ་དང་འབྲེལ་བར་བསང་བརྔན་ཆེན་མོ་མཛད་ནས། རྩ་བའི་བསྐོར་ལམ་གྱི་ཤུལ་བཏོད་ནས་ཕེབས་ལམ་དུ་བཞུགས་པའི་རང་བྱོན་བཀའ་རྟགས་ཕལ་ཆེར་ངོ་སྤྲོད་མཛད། གཏེར་ཁུང་དངོས་གྲུབ་ཕུག་དང་རིན་ཆེན་རྫོང་ནས་ཟབ་གཏེར་ཁྱད་འཕགས་བཞེས། སྲིད་རྒྱལ་བླ་མཚོ་ནས་ཌྰཀྐི་དབང་སྒྲོན་ནས་སྲིད་རྒྱལ་ཕྱག་མཚན་གཤང་ཆུང་ཞིག་རང་གི་རྟེན་སྐལ་དུ་མཚོ་་་་་རླབས་ཆིལ་ཆིལ་ཁོལ་བའི་རླབས་ཀྱིས་ཕྱག་ཏུ་ཕུལ་བ་དེར་ཡོད་ཀུན་ཀྱིས་དངོས་སུ་མཐོང་བས་་་དད་པ་སླར་ཡང་འཕེལ་བར་གྱུར། དེ་ལྟར་རྩ་བའི་བསྐོར་ལམ་དུ་བྱོན་ནས་གནས་ཀྱི་དབུ་རྩེའི་བཀོད་པ་དང་། བསྐོར་ལམ་ཕྱི་ནང་གི་ཤུལ་ཡང་རགས་པ་ཙམ་བཏོད་ཅིང་། སྔ་ཕྱི་མཁའ་འགྲོའི་ལུང་གིས་བསྟན་པའི་གནས་གཏེར་གྱི་སྒོ་དབྱེ་བའི་ཕྲིན་ལས་གེགས་མེད་་་་་་་་མཐུན་གྲུབ་ཀྱི་རྟེན་འབྱུང་མཆོག་ཏུ་དགེ་བ་དང་བཅས་ཏེ་ཐུགས་བཞེད་མཐར་ཕྱིན་པར་གྱུར་པའི་མོད་ནས། ནམ་མཁའ་ལ་འཇའ་ཚོན་བཀྲ་བ་དང་། གནས་ཀྱི་དབུ་རྩེ་ནས་གསེར་བཟང་གི་ཏོག་དང་འོད་དཀར་པོ་བཀྲག་མདངས་འཚེར་བ་དང་དཀར་གྱི་སྣལ་མ་གཤིབ་པ་ལྟ་བུ་ནམ་མཁའི་དབྱིངས་སུ་ཀ་བ་ལྟར་ཟུག་པ་རྒྱང་ན་གནས་པ་ཕལ་ཆེ་བས་མཐོང་བ་སོགས་ལྟས་མཚན་དགེ་ཞིང་། དེ་ལོ་ནས་སྔོན་ཆད་མེད་པའི་རི་དྭགས་ཤྭ་བ་དང་སྤྲེའུ་སོགས་འདུ་བ་དང་ལོ་ལེགས་པ་སོགས་ཐ་མ་དགེ་བར་འབྱུང་བའི་ལུང་དོན་གྱི་མགོ་བོ་དངོས་སུ་བརྟོལ་ནས་དད་འདུས་ཐམས་ཅད་ནས་་རྗེས་སུ་ཡིད་ལྷག་པར་རངས་པ་དང་བཅས་ཏེ་བཀའ་བཞིན་རྗེས་སུ་བསྒྲུབ་པ་ལ་སོགས་བློ་རྩེ་གཅིག་ཏུ་ཕྱོགས་པར་གྱུར་ཏོ། །
དེ་དག་ལ་འདི་སྐད་ཅེས།
རྩ་གསུམ་ལྷ་དང་སངས་རྒྱས་སེམས་དཔའ་དང་། །
གྲུབ་པའི་རིག་འཛིན་འཆི་མེད་ཡབ་སྲས་ཀྱི། །
ཞབས་བཅགས་རྗེས་བསྟན་དགོངས་པས་བྱིན་བརླབས་ནས། །
མ་འོངས་འགྲོ་དོན་འབྱུང་བའི་སྒོ་འཕར་ཕྱེས། །
ཁྱད་པར་འགྲོ་འདུལ་བློ་གྲོས་ཐོགས་མེད་རྩལ། །
གནས་རྩེར་ཁྱུང་ཆེན་རྫོང་དུ་གནས་བཅས་ནས། །
བྱིན་རླབས་མངའ་གསོལ་ཞིང་སྐྱོང་དམ་བསྒྲགས་བཅས། །
རྫུ་འཕྲུལ་བཀའ་རྟགས་དུ་མས་ངོ་མཚར་སྤེལ། །
བསྟན་པའི་བདག་པོ་ཤར་རྫ་ཆེན་པོ་སོགས། །
སྤྱི་དང་ཁྱད་པར་གཏེར་ཆེན་གསང་གླིང་པས། །
གནས་ཆེན་བྱིན་འབེབས་སྒྲུབ་ཆེན་དུ་མ་ཡིས། །
བྱིན་རླབས་དཔལ་བསྐྱེད་འབྲེལ་ཚད་དོན་ལྡན་མཛད། །
རང་བྱུང་བཅུ་དྲུག་དོན་གྲུབ་ལྕགས་ཁྱི་ལོར། །
གཏེར་ཆེན་མཆོག་ནས་དུས་བབས་ལུང་བཞིན་དུ། །
སྣྲོན་ཟླ་ལྔ་པའི་ཚེས་བཅུ་དང་འབྲེལ་བར། །
གནས་ཀྱི་སྒོ་ཕྱེས་བསྐོར་བའི་སྲོལ་ཆེན་བཏོད། །
དེ་ཚེ་འཇའ་ཚོན་ལྷ་རྫས་རི་མོ་དང་། །
བྱ་རྒོད་རི་དྭགས་འདུ་བས་བསྐོར་བ་སོགས། །
ངོ་མཚར་ཆེ་བའི་ཡ་མཚན་དུ་མ་ཡིས། །
ས་ཡི་ཁྱོན་འདིར་གཏམ་གྱི་དབྱར་རྔས་སྙན། །
ཞེས་བྱ་བ་ནི་བར་སྐབས་ཀྱི་བསྡུ་བའི་ཚིགས་སུ་བཅད་པའོ། །
༈ ལྔ་བ་གནས་ཀྱི་དཀར་ཆགས་དངོས་ལ་གཉིས། གཏེར་གྱི་ལུང་བྱང་འགོད་པ། དེ་ཉིད་བཞུགས་ཚུལ་དངོས་དང་སྦྱར་བའོ། །
དང་པོ་ནི། རྗེ་བཙུན་ཆེན་པོ་བློ་གྲོས་ཐོགས་མེད་ཀྱི་ཡུལ་ལྷའི་མཆོད་ཕྲིས་ལས། རིའི་ཆགས་ཚུལ། ནང་གི་གཟིགས་སྣང་། ཡུལ་ལྷ་དམ་བཞག་གི་ཚུལ་རྒྱས་པར་འབྱུང་བ་དང་། དྲན་པའི་བཀའ་ཐང་ཆེན་མོ་ལས། བླ་ཆེན་ཉིད་ཀྱིས་གནས་བདག་དང་རྫུ་འཕྲུལ་རྩལ་འགྲན་བགྱིས་ཏེ་མཐར་དབང་དུ་བསྡུས་པ་དང་། མཚོ་སྨན་རྒྱལ་མོའི་སྲས་མོ་འདོད་ཁམས་དབང་སྡུད་མ་གསང་བའི་ཡུམ་དུ་བསྟེན་ནས་གཡུང་དྲུང་གསང་བའི་ཕུག་ཏུ་ཟབ་པའི་གདམས་ངག་རྒྱ་ཆེར་གསུངས་ཤིང་གསང་སྤྱོད་ཀྱི་སྒྲུབ་གནས་སུ་མཛད་པ་དང་། གསང་ཆེན་ཡོན་ཏན་གྱི་རྒྱུད་དང་དྲག་སྔགས་སོགས་གཏེར་ཁ་དུ་མ་སྦས་ནས་ཏེར་གནས་སུ་མཛད་པའི་ཚུལ་དང་། ཁྱད་པར་དུ་གནས་འདིའི་ལུང་བྱང་ཆེན་མོ་གཡུང་དྲུང་འཁྱིལ་བ་ལས། གནས་ཀྱི་ལུང་བསྟན་ངོ་བོའི་བཞུགས་ཚུལ། མ་འོངས་ལུང་བསྟན་སོགས་ཞིབ་པར་འབྱུང་བའི་ཚུལ་རྒྱས་པ་དེ་དག་ལས་ཤེས་དགོས་ཤིང་། ཞུགས་ཚུལ་གྱི་ཁྱད་པར་རྣམས་ནི་འོག་ཏུ་སྨོས་པ་ལྟར་སྒྲོ་བཏགས་དང་འོལ་ཚོད་ཙམ་མ་ཡིན་པར་ཁུངས་དང་འབྲེལ་བར་འབྱུང་བས་ཚད་མར་རུང་བ་ཡིན་ནོ། །
གཉིས་པ་དེ་ཉིད་བཞུགས་ཚུལ་དངོས་དང་སྦྱར་བ་ལ་གཉིས། ཐུན་མིན་ནང་གི་བཞུགས་ཚུལ་དང་ཐུན་མོང་ཕྱིའི་བཀོད་པ་བཤད་པའོ། །
དང་པོ་ལ་གཉིས། དངོས་བསྟནདཀར་ཆགས་ཀྱི་དགོངས་པ་དང་། དེ་ཉིད་གྲབ་པའི་གཟིགས་སྣང་དང་སྦྱར་བའོ། དང་པོ་ནི། སྤྱིར་གནས་ལ་ཐབས་བདེ་བ་ཆེན་པོ་ཧེ་རུ་ཀ་གཙོ་བོར་གྱུར་པའི་གནས་དང་། ཤེས་རབ་སྟོན་པ་ཉིད་ཌྰཀྐི་མ་གཙོ་བོར་གྱུར་པའི་གནས་དང་། ཐབས་ཤེས་དབྱེར་མེད་ཟུང་འཇུག་གི་གནས་དང་གསུམ་ལས། འདི་ནི་ཕྱི་མ་རྩ་གསུམ་རབ་འབྱམས་ཀུན་འདུས་ཀྱི་ཕོ་བྲང་ཆེན་པོ་སྟེ། དཀར་ཆགས་ལས། ཕྱི་ལྟར་འཆི་མེད་གསང་འདུས་གཤེན་གྱི་གནས༔གསང་བ་གནས་གསུམ་དཔའ་བོ་མཁའ་འགྲོའི་གནས༔ ནང་ལྟར་སྤྱི་སྤུངས་སྡོང་པོ་དགུ་འདུས་གནས༔གསང་བ་གནས་གསུམ་དཔའ་བོ་མཁའ་འགྲོའི་གནས༔ཞེས་གསུངས། དེ་ཡང་རྩ་གསུམ་འཁོར་ལོ་ལྔ་ལྡན་གྱི་ཚུལ་དུ་རྩ་གསུམ་སྲུང་མ་དང་བཅས་པ་ཅི་ལྟར་བཞུགས་པའི་རྣམ་བཞག་ནི། དབུ་རྩེར་ཀུན་བཟང་རིགས་ལྔའི་ལྷ་ཚོགས་གནས༔མགྲིན་པར་བླ་མ་རིག་འཛིན་ལྷ་ཚོགས་བཞུགས༔སྙིང་གར་ཡི་དམ་ཞི་ཁྲོའི་ཚོགས་རྣམས་འདུས༔ལྟེ་བར་མ་སྲིང་མཁའ་འགྲོ་སྤྲིན་ལྟར་གཏིབ༔རྩ་བར་བོན་སྐྱོང་དུར་ཁྲོད་བཀོད་པ་རྫོགས༔མཐའ་བསྐོར་ལྷ་ཀླུ་ཡུལ་ལྷ་དྲེགས་པས་བསྐོར༔ཞེས་གསུངས། དེ་དག་གི་གཙོ་བོའི་དབང་དུ་བྱས་ན། ནང་དུ་སྙིང་ཁ་བོན་ཉིད་ཀྱི་འཁོར་ལོའི་རྩ་འདབ་བརྒྱད་ལ་ཕྱི་རུ་དྲག་པོ་རྫོང་བརྒྱད་ཀྱི་རྣམ་པར་ཤར་བ་ལ་སྤྱི་སྤུངས་ཁྲོ་རྒྱལ་གཙོ་དགུའི་ལྷ་ཚོགས་དངོས་སུ་བཞུགས་པ་ནི། དཀར་ཆགས་ལས། དབལ་རི་དྲག་པོ་གནམ་ལྕགས་ཡང་རྫོང་དཔལ༔དཀའ་འགྱིང་གཙོ་མཆོག་ཁྲོས་པའི་ཕོ་བྲང་ཆེ༔རྫོང་ཆེན་བརྒྱད་ལ་ཧེ་རུ་ཀ་བརྒྱད་གནས༔ཞེས་གསུངས། དེ་ཡང་དབུས་དབལ་རི་གནམ་ལྕགས་རྫོང་ན་སྟེང་དུ་ཞི་བ་ཀུན་བཟང་རྒྱལ་བ་འདུས་པ། འོག་ཏུ་ཁྲོ་བོ་ཁྲོ་རྒྱལ་གཙོ་མཆོག་མཁའ་འགྱིང་། ཕྱོགས་མཚམས་སུ་རྫོང་བརྒྱད་ཡོད་པའི་ཤར་མི་འགྱུར་གཡུང་དྲུང་རྫོང་ན་སྟེང་དུ་ཞི་བ་འོད་དཀར་གནས་འཛིན། འོག་ཏུ་ཁྲོ་བོ་རྩོད་ཟློག་དབལ་གསས་རྔམ་པ། བྱང་མི་འཇིགས་སེང་གེའི་རྫོང་ན་ཞི་བ་གཤེན་ལྷ་འོད་དཀར། འོག་ཏུ་ཁྲོ་བོ་ཆེ་མཆོག་དྲེགས་པ་སྤྱི་འདུལ། ནུབ་འབར་བ་དབལ་རིའི་རྫོང་དུ་སྟེང་དུ་ཨ་ཏི་མུ་ཝེར། འོག་ཏུ་བདུད་འདུལ་དབལ་ཆེན་གེ་ཁོད། ལྷོ་ཁ་རྔམ་སྟག་ཆེན་རྫོང་ན་སྟེང་དུ་ཞི་བ་མ་པང་དབྱིངས་ཆེན། འོགཏུ་ཁྲོ་བོ་ཕྲིན་ལས་འབྲུག་གསས་ཆེམ་པ། ཤར་ལྷོར་གསལ་བྱེད་ཤེལ་དཀར་རྫོང་ན་སྟེང་དུ་ཞི་བ་ཁྲི་བཞིན་ནམ་ཏིང་། འོག་ཏུ་ཁྲོ་རྒྱལ་ལྷ་རྒོད་ཐོག་པ། བྱང་ཤར་མི་གཡོ་གའུའི་རྫོང་ན་སྟེང་དུ་ཞི་བ་མགོན་ལྷ་དཀར་པོ། འོག་ཏུ་ཁྲོ་བོ་གཤེད་ནག་རམ་པ། བྱང་ནུབ་ཟེར་ལྡན་གསེར་རིའི་རྫོང་ན་་སྟེང་དུ་ཞི་བ་འོད་དཀར་དཔག་མེད། འོག་ཏུ་ཆེ་མཆོག་རཀྴ་མཁའ་འགྱིང་། ལྷོ་ནུབ་མངོན་སྤྱོད་དྲག་པོའི་རྫོང་ན་སྟེང་དུ་ཞི་བ་མཁའ་འགྱིང་རྒྱལ་པོ། འོག་ཏུ་ཁྲོ་བོ་མཐུ་ཆེན་དུག་འདུལ་གྱི་ལྷ་ཚོགས་རྣམས་བཞུགས་པའོ། གནས་ཕྲན་གཞན་རྣམས་ནི་ཕྱིའི་བཀོད་པ་དང་མཉམ་དུ་འབྱུང་ངོ་། །
གཉིས་པ་དེ་ཉིད་གྲུབ་པའི་གཟིགས་སྣང་དང་སྦྱར་ན། རྗེ་བཙུན་ཆེན་པོ་དབྲ་ཁྱུང་གཉིས་ཀྱི་གཟིགས་སྣང་ལྟར། གནས་ཀྱི་ནང་དུ་ཁོང་སེང་ཤེལ་གུར་ཕུབ་པ་ལྟ་བུའི་རྩ་བར་མཐིང་ཞུན་རྒྱ་མཚོ་འཁྱིལ་བའི་དབུས་སུ་རྩ་གསུམ་ཡུལ་ལྷའི་ཕོ་བྲང་བཞུགས་པ་སྟེ། དེ་ཡང་གཏེར་ཆེན་གསང་སྔགས་གླིང་པའི་གཟིགས་སྣང་བདག་ལ་དངོས་སུ་གསུངས་པ་ནི། རིན་པོ་ཆེའི་ཁང་བཟང་དེ་ཡང་ཐོག་བརྩེགས་རིམ་པ་གསུམ་ཡོད་པ། དེ་དག་རེ་རེ་བཞིན་རྩིག་པ་དང་། འདོད་སྣམ། ཕ་གུ་དར་ཁད། བྱ་འདབ་ཀྱི་སྟེང་འོག་ཏུ་མདའ་ཡབ་དང་ཤར་བུ་ཅན། ཡང་ཐོག་མཆོད་རྟེན་བུམ་པ་གདུགས་ཏོག་དར་འཕྱང་དང་བཅས་པ། ཐོག་བརྩེགས་གསུམ་རེ་རེ་བཞིན་ཕྱོགས་བཞི་སྒོ་བཞི་སྒོ་ཁང་རྟ་བབས་དང་བཅས་པ། མཐར་ལྕགས་རིའི་ནང་དུ་ཡུལ་ལྷའི་ཕོ་བྲང་ཤར་ཤེལ། བྱང་གཡུ། ནུབ་ཟངས། ལྷོ་ལྕགས་ལས་གྲབ་པ་ལ། གསེར་གྱི་རྒྱ་ཕིབས། ཟངས་ཀྱི་སྒོ་མོ། ལྕགས་ཀྱི་ཐ་རམ། སྟག་གཟིག་གི་སྒོ་ཁྱི་བྱས་པ། དེའི་རྩེར་ཁང་བརྩེགས་ཆུང་ངུ་བྱ་འདབ་དང་བཅས་པའི་སྟེང་དུ། དར་སྣ་ཚོགས་ལས་བྱས་པའི་རུ་དར་བཙུགས་ཤིང་། ཕོ་བྲང་གི་གཡས་གཡོན་དུ་ཤེལ་དཀར་གྱི་རྡོ་རིང་ཕོ་བྲང་དང་མཉམ་པ་གཉིས་བཙུགས་པའི་བར་ན་དར་དང་དྲིལ་གཡེར་སོགས་རྒྱན་དུ་མས་བརྒྱན་པ། དེ་ཡང་རྡོ་རིང་གི་རྩེ་གཉིས་ནས་རྒྱ་ཕིབས་ཀྱི་རུ་དར། དེ་ནས་རྩ་གསུམ་ཕོ་བྲང་གི་དབུ་རྩེ་དར་དང་རྒྱན་ཕྲེང་གིས་སྦྲེལ་བ་ཅན་ནོ། །ཕྱིའི་མཐར་ཟངས་ལྕགས་ཀྱི་རྭ་བ་ཕོ་བྲང་གི་བྱ་འདབ་དང་མཉམ་པ་ལ་ཕྱོགས་བཞིར་སྒོ་བཞི། ནང་དུ་སྒོ་ཁང་དང་ཕྱི་རུ་ཐེམ་སྐས་ཡོད་པ། ཕོ་བྲང་དེའི་ནང་ན་གཞི་ལ་བཀྲ་ཤིས་པའི་རྫས་རྟགས་དང་བུམ་པ་དང་ནོར་བུ་དཔག་བསམ་གྱི་ཤིང་སོགས་བཀོད་པ་དུ་མས་བརྒྱན་པའོ། ཕྱིའི་མཚོ་ནང་དུ་སྦྲུལ་གྱིས་དཀྲིས་པའི་བུམ་པ་དང་། བྲག་དེལ་གྱི་ནང་ན་ཡིན་བཞིན་ནོར་བུ་དང་གསེར་ཉ་དང་གཡུ་སྦྲུལ་རྟ་ལུག་ངང་ངུར་ལ་སོགས་པ་ཆུ་གནས་ཀྱི་རིགས་སྣ་ཚོགས་ཀྱི་བཀོད་པ་དུ་མ་དང་ལྡན་པའོ། །དེ་དག་གི་ནང་དུ་དབུ་རྩེའི་བུམ་པར་བདེ་གཤེགས་ཞི་བའི་དཀྱིལ་འཁོར་ཀུན་བཟང་གཤེན་ལྷ་འོད་དཀར་ལ་བདེ་གཤེགས་རིགས་བཞིས་བསྐོར་བ། སྟེང་ཁང་དུ་བླ་མ་རིག་འཛིན་གྱི་དཀྱིལ་འཁོར་གསང་བ་འདུས་པ་ལ་བཀའ་བབས་རིག་འཛིན་བརྒྱད་ཀྱིས་བསྐོར་བ། བར་ཁང་དུ་གསང་བསག་ཁྲོ་བོའི་དཀྱིལ་འཁོར་གསང་བདག་གཙོ་མཆོག་མཁའ་འགྱིང་ལ་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱིས་བསྐོར་བ། ཅོག་ཁང་དུ་མ་སྲིང་མཁའ་འགྲོའི་དཀྱིལ་སྲུང་མའི་དཀྱིལ་འཁོར་མ་མོ་དབུ་བརྒྱ་ཕྱག་སྟོང་ལ་དམ་ཅན་སྲུང་མ་བཅུ་གཉིས་ཀྱིས་བསྐོར་བ། ཡུལ་ལྷའི་མཁར་དུ་ཞིང་སྐྱོང་གཙོ་འཁོར་བཅུ་གསུམ་དང་བཅས་པ་ཁོ་བོས་གནས་བདག་རྩ་གསུམ་གྱི་མཆོད་ཕྲིན་དུ་བཀོད་པ་ལྟར་མཇལ་སྣང་རྒྱས་པར་གསུངས། ཕྱིས་སུ་གནས་འདུས་ལོར་ཚེས་བཅུའི་མཆོད་པ་དང་འབྲེལ་བར་ལྷའི་སྐུ་རྟེན་པ་ལ་ཞིང་སྐྱོང་གི་ལྷ་ཕབ་པའི་ངག་ལམ་ལས་ཀྱང་དེ་ལྟར་དངོས་སུ་ཐོས་ཤིང་སྨན་བཙུན་གྱི་པྲ་སེན་ཕབ་པས་ཀྱང་ཁྱེའུ་དང་བུ་མོ་མང་པོས་མངོན་སུམ་དུ་མཇལ་བ་་ཡང་བྱུང་བས་ཀུན་ཀྱིས་ངོ་མཚར་བའི་ཡིད་ཀྱི་དད་པའི་མིག་བགྲད་ནས་གདུང་དབྱངས་ཀྱི་ཅ་ཅོ་འབྱིན་པས་བྲེལ་བར་གྱུར་ཏོ། །
གཉིས་པ་ཐུན་མོང་ཕྱིའི་བཀོད་པ་ནི། གནས་ཀྱི་དཀར་ཆགས་གཡུང་དྲུང་འཁྱིལ་བ་ལས་འབྱུང་བ་བཞིན་གནས་ཀྱི་ཕྱི་དབྱིབས་ལ། རྩ་བ་གཡུང་དྲུང་རྒྱ་མདུད་ཀྱི་རྣམ་པར་འཁྱིལ་ཞིང་རྩེ་མོ་པྲ་ཕུད་རྩེ་དགུ་པའི་རྣམ་པར་གནས་ལ། དེའི་ཕྱོགས་མཚམས་ཀྱི་གནས་སུ་དྲག་པོའི་དཀྱིལ་འཁོར་བརྒྱད་རྫོང་བརྒྱད་ཀྱི་རྣམ་པར་བཞུགས་པའི་ཕྱི་དབྱིབས་གདོང་་ཆེན་བརྒྱད་ཡོད་པ་ནི། སྒྲུབ་སྡེ་ཆེན་པོ་དབྲ་ཁྱུང་སྰ་ལའི་ལྗོངས་སམ་རྣམ་དག་བྱང་ཆུབ་གླིང་གི་གདན་ས་ནི་བྱང་གི་ཕྱོགས་ཡིན་ཞིང་། དེའི་གོང་གི་ལྷ་གདོང་གསང་སྔགས་མཁར་ནི་མི་འཇིགས་སེང་གེའི་རྫོང་ཡིན་ལ། བྱང་ནུབ་སུམ་ལི་སྨན་མོ་གདོང་ནི་ཟེར་ལྡན་གསེར་རིའི་རྫོང་དང་། ནུབ་དབལ་རི་དཔའ་འབར་གདོང་ནི་འབར་བ་དབལ་རི་རྫོང་དང་། ལྷོ་ནུབ་སྲིད་མཚོ་དགའ་བ་གདོང་ནི་མངོན་སྤྱོད་དྲག་པོ་རྫོང་དང་། ལྷོ་དབལ་མེ་མཁའ་སྤྱོད་གདོང་ནི་ཁ་རྔན་སྟག་ཆེན་རྫོང་དང་། ཤར་ལྷོ་ཆུ་རྒྱུན་ཁྲ་བོ་གདོང་ནི་གསལ་བྱེད་ཤེལ་དཀར་རྫོང་དང་། ཤར་ཨ་དཀར་གཡུང་དྲུང་གདོང་ནི་མི་འགྱུར་གཡུང་དྲུང་རྫོང་དང་།བྱང་ཤར་ཨ་མཁར་དོམ་ནག་གདོང་ནི་མི་གཡོ་གཡུའི་རྫོང་རྣམས་ཡིན་པར་གསུངས་ཤིང་།ཕྱོགས་མཚམས་ཀྱི་ཐང་བཞིན་ནི།ཤར་ཞི་བའི་ས་གནད་སྤང་མདོ་རྣམ་དག་ནོར་བུ་ཐང་།བྱང་རྒྱས་པའི་ས་གནད་དབྲ་ཁྱུང་བདེ་ཆེན་འོད་གསལ་ཐང་།ནུབ་དབང་གི་ས་གནད་སུམ་ལི་མཚོ་སྨད་དགའ་འཁྱིལ་ཐང་།ལྷོ་དྲག་པོའི་ས་གནད་དབལ་མེ་དཔའ་བོ་བྲོ་ར་ཐང་རྣམས་དང་།བྱང་ཕྱོགས་ཀྱི་གནས་ཕྲན་ལྷ་རི་བྲག་དཀར་རྩེ་རྫོང་ནི་དྲན་པ་རྩ་གསུམ་གྱི་གནས་ཏེ་གཏེར་སྟོན་་ནས་གསལ་སྣང་གཟིགས་པའི་དོན་གསུང་ལས་བྱུང་བ་བཞིན་གནས་སྒྲུབ་ཀྱི་ཆོ་ག་རང་གིས་བཀོད་པ་ལས་་གསལ་ཞིང་།ཕྱིས་སུ་ཁྱུང་པོ་དབལ་འབར་སྟག་སླག་གི་སྐྱེ་མཐའ་གཏེར་སྟོན་རྡོ་རྗེ་འབུམ་བ་ནས་བསྐོར་ལམ་གྱི་སྲོལ་བཏོད་པ་དང་།གནས་ཀྱི་ཕྱོགས་་་་གཞན་དུ་དྲན་པ། ཚེ་དབང་།པད་འབྱུང་སོགས་དང་མ་མོ་དང་དམ་ཅན་གྱི་གནས་སོགས་ངོས་འཛིན་མང་དུ་གནང་བ་འགའ་་་ཞིག་འོག་ཏུ་གསལ་ལོ། །དེ་ནས་བསྐོར་ལམ་དང་འབྲེལ་བའི་བཞུགས་ཚུལ་ནི།གནས་མདུན་ནས་སྨོས་ན།ཐོག་མར་སྐྱེ་མེད་ཡི་གེ་ཨ་རང་བྱོན།གནས་བདག་མཁའ་འགྲོའི་ཞབས་རྗེས་བཞུགས། ཕ་ཝཾ་དབྲ་ནག་བོ་ལྟ་བུ་ལ་མཁའ་འགྲོ་དོམ་གདོང་མ་ལྔའི་ཞབས་རྗེས་ངོ་མཚར་ཅན་དང་།ལྷ་ཐོའི་མདུན་དུ་ཚེ་བདག་ཌྰཀྐི་དང་བེེ་རོ་ཙ་ནའི་ཞབས་རྗེས་བཞུགས། དེ་ནས་འགྲོ་ལམ་དུ་མཁའ་འགྲོའི་ཚོགས་གཞོང་ལ་ཚོགས་བདག་མཁའ་འགྲོའི་ཕྱག་རིས་ཡོད་པ། གཡོན་ཕྱོགས་རྡོ་ནག་ལ་སྒྲོལ་གིང་ཞབས་རྗེས་དང་གདབ་ཕུར་དབུ་གསུམ་རང་བྱོན་བསྒྲལ་ལིང་བམ་རོ་འབུར་མ། འོག་ཏུ་བསྒྲལ་གདན་ལ་དམ་སྲིའི་ཡན་ལག་བཞིའི་རྗེས་དོད་པ་བཅས་བཞུགས། དེ་ནས་གནས་སྒོ་བྲག་རི་མེ་ལྕེ་འབར་བ་ལྟ་བུ་ལ་ཐུགས་རྗེ་ཀུན་སྒྲོལ་ཞབས་རྗེས། གནས་ཀྱི་ལྡེ་མིག་རང་གཟུགས། མཁའ་འགྲོའི་བརྡ་རིས། དུར་ཁྲོད་དཔལ་ཆས་ཀྱི་རི་མོ་རང་བྱོན་བཞུགས། དེ་དང་ཉེ་བའི་ལམ་གྱི་གོང་དུ་གསང་སྔགས་གླིང་པའི་གཏེར་གནས་དངོས་གྲུབ་ཕུག་དང་། དེའི་འོག་ཏུ་ཨ་རང་བྱོན། བེེ་རོས་ཕྱག་བྲིས་ཨ། རིམ་པར་ལྕེ་ཚ་མཁར་བུ། དམུ་ཚ་གྱེར་མེད། སྟོང་རྒྱུད་མཐུ་ཆེན་རྣམས་ཀྱི་ཞབས་རྗེས། གསང་གླིང་གཏེར་ཕུག་རིན་ཆེན་རྫོང་གི་འོག་ཏུ་ཡ་ར་ལ་ཝའི་རང་བྱོན། བློ་གྲོས་ཐོགས་མེད་ཕྱག་མཛུབ་རིས། ཀླུ་གྲུབ་ཡེ་ཤེས་སྙིང་པོའི་ཞབས་རྗེས་ངོ་མཚར་ཅན། བྲག་འཕྲང་ལམ་དྲ་ཤ ་རི་ཨུ་ཆེན་གྱི་ཞབས་རྗེས་དང་ཨ་མ་དང་། དེ་ནས་འདུལ་བའི་གོས་དྲུག་རང་བྱོན།
སྟོན་པའི་ཞབས་རྗེས་ངོ་མཚར་ཅན། བྲག་དམར་མཁར་གདོང་ཞེས་འབོད་པ་དེ་དམ་ཅན་ཨ་བོ་ཁྱུང་གཤོག་གམ་རྡོ་རྗེ་ལེགས་པའི་གནས་ཡིན། དེ་ལ་ར་རྗེས་དང་གུ་རུའི་སྐུ་རྗེས་དང་། ཕྱག་བྲིས་ཨ་རྣམས་བཞུགས། འདི་ཕྱོགས་ཀྱི་འོག་ཆུ་བོ་དང་ཉེ་བ་རྣམས་སུ་དྲེགས་བ་བདུད་བཙན་གྱི་གནས་དང་། སྲུང་མའི་སྒྲུབ་ཕུག་དང་། སིནྡྷུ་ར་ཁྱད་པར་ཅན་ཡོད་གསུངས། དེ་ནས་རིམ་པར་མཚོ་རྒྱལ་ཞབས་རྗེས། གནས་སྲུང་མཁའ་འགྲོའི་ཞབས་རྗེས། རྫུ་འཕྲུལ་མཁའ་འགྲོའི་ཞབས་རྗེས་འོག་གསལ་གཟུགས་མ། དེ་ནས་ཆུ་ཕྲན་འབབ་བའི་འགྲམ་དུ་ཚེ་དབང་དང་གཡུ་སྒྲའི་ཞབས་རྗེས། ཆུ་མིག་འོག་ཏུ་དཔའ་བོའི་ཚོགས་གཞོང་། ཚོགས་བདག་དཔའ་བོའི་ཞབས་རྗེས། ལམ་དུ་བཀའ་གསང་ལྷ་མོའི་དྲེལ་རྗེས། བདེ་ཆེན་འོད་གསལ་ཐང་གི་ལྷ་ཐོའི་གམ་དུ་རྒྱ་བོན་ཟིང་པ་མཐུ་ཆེན་གྱི་ཞབས་རྗེས།གཏེར་ཆུ་འདི་གསང་སྔགས་གླིང་པའི་ཞལ་སྔ་ནས་བཏོན་པ་ཡིན་པས་སྐྱེ་འཕྲི་བྱེད་པ་གནས་བདག་དོམ་གདོང་མའི་རཀྟའི་བརྡ་ཡིན་གསུངས། ལམ་སྣར་འཆི་མེད་དྲན་པ་དང་འོད་ལྡན་མའི་ཞབས་རྗེས་དང་། བདེ་འགྲོ་གསང་ཡུམ་དྲེལ་རྗེས་བཞུགས། རིམ་པར་ལྕེ་ཚའི་ཞབས་རྗེས། དུང་རང་བྱོན་གཤུར་མ་གཡས་འཁྱིལ། སྲིད་རྒྱལ་མེ་དྲེད་མའི་དྲེད་རྗེས་བཞུགས། དེ་ནས་མཚོ་སྨན་དགའ་འཁྱིལ་ཐང་དུ་སླེབས། སུམ་ལི་གདོང་དེ་མཚོ་སྨན་གྱི་གནས་ཡིན་པས་མཆོད་ན་ནོར་གྱི་དངོས་གྲུབ་འབྱུང་གསུངས། དེར་མཚོ་སྨན་གྱི་ཞབས་རྗེས་ཡོད། ལྷ་ཐོའི་མདུན་སྟོང་རྒྱུང་ཞབས་རྗེས་བཞུགས། དེ་ནས་ཚད་མེད་འོད་ལྡན་ཞབས་རྗེས་འོད་རིས་ཅན། ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱི་ཞབས་རྗེས་བཞུགས།དེ་ནས་སྲིད་མཚོ་ཆུ་མིག་ཏུ་ཀླུ་བྱང་ཆུབ་སེམས་དཔའ་གནས་པས་ཚུལ་བཞིན་མཆོད་ན་འཕན་ཕྱུག་སྲིད་གཡང་རྙེད།དེའི་བྲག་ལ་ཀླུ་གྲུབ་ཡེ་ཤེས་སྙིང་པོའི་ཞབས་ཕྱག་གི་རྗེས།ཚེ་དབང་ཕྱག་བྲིས་ཨ་དང་ཞབས་རྗེས།དེ་ནས་རིམ་པར་དམུ་ཚ་གྱེར་མེད་ཀྱིས་ཕྱག་བྲིས་་གཡུང་དྲུང་། རྔམ་པ་ལྕེ་རིང་དང་ཤ་རི་ཨུ་ཆེན་ཞབས་རྗེས་བཞུགས། ནོར་བུའི་ཕུག་ཏུ་གསང་སྔགས་གླིང་པའི་བཞུགས་ཁྲིའི་རྡོ་ལ་བེེ་རོ་དང་གཡུ་སྒྲ་གཉིས་ཀྱི་ཞབས་རྗེས་བཞུགས། གདོང་ཟུར་ལ་རྩར་རྡོ་ཕ་ཝཾ་ནག་པོ་འདི་གནས་གཏེར་བདག་པོ་སྤུ་གྲི་མཆེད་གསུམ་གྱི་བླ་རྡོ་ཡིན་་པས་ཤིན་ཏུ་གཉན། མི་བདུད་དང་བཙན་རིགས་བསྒྲུབ་ན་འགྲུབ་ཐག་ཉེ་གསུངས། དེ་ལ་གསང་འདུས་དང་སྟག་ལའི་ཞབས་རྗེས། ཨ་རང་བྱོན། དམ་ཅན་ར་རྗེས། ཀླུའི་སྐུ་རྗེས། བྲག་བཙན་འུག་རྗེས་རྣམས་ཡོད། དེའི་གོང་དུ་ལྷ་གཤེན་ཡོངས་དག་གི་ཞབས་རྗེས། སྟག་བྲོ་སར་་སྟག་རྗེས། ཨ་རང་བྱོན། རྒྱལ་གཤེན་ཞབས་རྗེས། ཌྰཀྐི་གསང་བ་ཡེ་ཤེས་ཞབས་རྗེས་བཞུགས། དཔའ་བོ་བྲོ་ར་ཐང་དུ་སྟོན་པའི་ཞབས་རྗེས་ངོ་མཚར་ཅན་བཞུགས། མཚོའི་བསྐོར་ལམ་དུ་ཁོད་སྤུངས་བློ་གྲོས་ཐོགས་མེད་ཀྱི་བཀའ་རྟགས་ངོ་མཚར་ཅན་དུ་མ་བཞུགས་པའི་ལོ་རྒྱུས་ནི་ལོགས་སུ་གསལ། རི་གོང་མཚོའི་བསྐོར་ལམ་དུ་འཆི་མེད་ཡབ་སྲས་གསུམ་གྱི་ཞབས་རྗེས། ཨ་རང་བྱོན། མཚོ་མགོར་གསས་མཁར་རྩ་བར་མཁའ་འགྲོ་དབང་གི་སྒྲོན་མའི་གཏེར་གནས་ཡོད། ནོར་བུ་རང་བྱོན། ཌྰཀྐི་བརྡ་རིས། འོད་ལྡན་འབར་མའི་ཞབས་རྗེས།ཐུགས་རྗེ་ཀུན་སྒྲོལ་མའི་ཕྱག་རྗེས། ཀླུ་གཟུགས་རྗེས། མཚོ་སྨན་སྦྲུལ་རྗེས། མཚོ་རྒྱལ་ཞབས་རྗེས་རྣམས་བཞུགས། འོག་ཕྱོགས་རིགས་དྲུག་འཕྲད་ལམ་ན། འཕྲད་སྒོ་འཛུལ་ཆོག་གི་ཡ་ཐེམ་ལ་འདུལ་གཤེན་མུ་ཆོ་ལྡེམ་དྲུག་གི་ཞབས་རྗེས་དང་འོག་ཏུ་དམྱལ་བའི་བཀོད་པ་ཡོད། དེ་ནས་རིམ་པར་སྣང་མདོག་ཞབས་རྗེས། ཟླ་བ་རང་བྱོན། ལྷ་མོའི་དྲེལ་རྗེས། མཁའ་འགྲོའི་ཚོགས་ཞལ་རྗེས་རྣམས་བཞུགས།རྣམ་དག་ནོར་བུའི་ཐང་དུ་མཁའ་འགྲོའི་ཚོགས་་་་་གཞོང་རང་བྱོན། མཁའ་འགྲོའི་བྲོ་ར་ཡིན་པས་དུས་བཟང་ལ་བརྡ་སྐད་སྣ་ཚོགས་ཐོས། རི་ངོས་སུ་ཚེ་ཆུ་འཐུང་ཆོག་དང་། ཚེ་བདག་ཌྰཀྐི་དང་ལྕེ་ཚའི་ཞབས་རྗེས་བཞུགས། དེའི་གོང་དུ་བེེ་རོའི་སྒྲུབ་ཕུག་ན་བེེ་རོའི་ཞབས་རྗེས་དང་མཁའ་འགྲོའི་བརྡ་རིས་གསལ། ནང་དུ་ཅུ་གང་ཁྱད་པར་ཅན་ཡོད། དེའི་གོང་ན་དྲེལ་ནག་གི་གནས་ཡོད་གསུངས། དེ་ནས་རིམ་པར་གྲུབ་ཐོབ་སངས་རྒྱས་ཡེ་ཤེས།གནུབ་ནམ་མཁའི་སྙིང་པོ།ཁོད་སྤུངས་བློ་གྲོས་ཐོགས་མེད་རྣམས་ཀྱི་ཞབས་རྗེས་བཞུགས།ཟམ་པ་མན་ཆད་ཞབས་རྗེས་ཤིན་ཏུ་མང་བས་གྲུབ་ཆེན་བརྒྱད་ཅུའི་ཞབས་རྗེས་ཕལ་ཆེར་ཚང་གསུངས།བསྭོ་ཐུན་སྔགས་སྒྲ་སྒྲོགས་པའི་ཆུ་བྱིན་རླབས་ཆེ་བ་བཞུགས། འདོད་འབྱུང་ནོར་གཏེར་གྱི་ཕ་ཝཾ་རིན་ཆེན་བང་མཛོད་གཡུང་དྲུང་དང་ཨ་རང་བྱོན། དེའི་གོང་དུ་འདོད་པ་དགུ་འགྱུར་གྱི་གནས་ཡོད་གསུངས།ལམ་ཁའི་ཕ་བོང་ཆེན་པོ་ལ་ཚེ་དབང་་་རིག་འཛིན་སྐུ་རྗེས། ཐུགས་རྗེ་ཀུན་གྲོལ་སྐུ་རྗེས། བདུད་རྩིའི་ཐོད་ཞལ། གུ་རུ་པདྨ་ནོར་ལྷའི་སྐུར་བཞེངས་པའི་སྐུ་རྗེས། ཕ་ཝཾ་གཅིག་ལ་རིགས་ལྔ་མཁའ་འགྲོའི་ཞབས་རྗེས། དེ་ནས་རཀྟའི་ཐོད་ཞལ། ཚོགས་བདག་ཞབས་རྗེས། མཚོ་རྒྱལ་ཞབས་རྗེས་རྣམས་དང་། ཁོད་སྤུངས་སངས་རྒྱས་སྒུར་པོའི་སྐུ་རྗེས། གསང་གླིང་རང་ཉིད་ཀྱི་ཞབས་རྗེས། སྲིད་རྒྱལ་དྲེལ་རྗེས། དེ་ནས་རིམ་པར་ཞབས་རྗེས་མང་པོ་བཞུགས་པ་ཤས་ཆེར་རྗེ་འབང་ཉེ་ལྔའི་ཞབས་རྗེས་ཡིན་གསུངས། དྲག་ཚོགས་རང་བྱོན་བཞུགས། ཨ་དཀར་སྒྲུབ་ཕུག་ཞེས་པ་སངས་རྒྱས་སྒུར་པོའི་དོངས་སྤྲུགས་ཀྱི་སྙིང་པོ་ལ་བརྟེན་ནས་བདེན་པ་མཐོང་ཞིང་གྲུབ་པ་ཐོབ་པའི་གནས་ཡིན་པས་ཐུར་མས་བྲིས་པའི་སྙིང་པོ་ངོ་མཚར་ཅན། ལེགས་ཏང་སྨ་བོའི་ཞབས་རྗེས་དང་། འ་ཨ་ས་མ་རང་བྱོན་རྣམས་བཞུགས།དེ་དག་ནི་གཏེར་ཆེན་ཉིད་ནས་བསྐོར་ལམ་བཏོད་སྐབས་སུ་ཞབས་བསྐོར་ལན་གཅིག་ཕེབས་པའི་ཚེ་དངོས་སུ་ངོ་སྤྲོད་གནང་བ་རྣམས་ཡིན་ཞིང་།
དེ་དག་གི་སྐབས་སུ་གསུང་འཕྲོས་སུ། རྫོང་བརྒྱད་སོ་སོའི་རྩེ་མོར་སོ་སོའི་ཞི་བའི་ལྷ་རྣམས་ཀྱི་གནས་ཡོད་པ་དང་། གནས་ཀྱི་དབུ་རྩེར་ཀུན་བཟང་རིགས་ལྔའི་གནས་སུ་ཁོད་སྤུངས་བློ་གྲོས་ཐོགས་མེད་ཀྱི་སྒྲུབ་ཁང་ཡོད་པ་དང་། ཤར་ཕྱོགས་ནས་གཡོན་བསྐོར་གྱིས་བླ་ཆེན་ཡབ་སྲས་གསུམ་སོ་སོ་དང་། སྟག་ལྷ། ལི་ཤུ། སྟོང་རྒྱུང་རྣམས་ཀྱི་སྒྲུབ་ཕུག་དང་། བྱང་ངོས་གསང་སྔགས་མཁར་གྱི་རྩེར་གསང་བ་འདུས་པའི་སྒྲུབ་ཕུག་དང་། ཤར་ཕྱོགས་རི་དྭགས་གྲོང་གི་ནགས་ཁྲོད་ཀྱི་གསབ་ན་ཞིང་སྐྱོངས་དམ་གདོང་མའི་རང་བྱོན་དང་། མ་མོའི་སྒྲུབ་ཕུག་ཨེ་ཡིག་གིས་མཚན་པ་སོགས་ཡོད་ཚུལ་གསུངས་ན་ཡང་དངོས་སུ་བྱོན་རྒྱུ་ནི་མ་གྲུབ་བར་སྣང་། ད་དུང་ཡང་བཀའ་རྟགས་དུ་མ་མཇལ་དུ་ཡོད་པར་སྣང་བས་མཚོན་གང་ཟག་སོ་སོའི་གཟིགས་ཚོར་མཐའ་ཡས་པས་སླད་ནས་་ཀྱང་ཇེ་བས་ཇེ་འཕེལ་དུ་འགྱུར་བ་ཡིན་ནོ། ། དེ་དག་ལ་བརྟེན་ནས་སྒྲུབ་སྡེ་ཆེན་པོ་བྱང་ཆུབ་གླིང་པ་ལོགས་སུ་ཤེས་པར་བྱས་ནས་དང་བ་དང་ཡིད་ཆེས་ཀྱི་དད་པས་འཇུག་ཅིང་རྟག་ཏུ་ཚོགས་གཉིས་སྤེལ་བ་ལ་ཆེས་ཆེར་བརྩོན་པར་བྱའོ། དེ་ལྟར་རང་བྱོན་ལ་སོགས་པ་དེ་རྣམས་ཚད་མར་རུང་བའི་ལུང་ཡང་། བདུད་བཏུལ་བའི་མདོ་ལས། སྟག་གཟིག་དང་ཞང་ཞུང་གི་ས་མཚམས་སུ་པདྨའི་བྲག་ལ་སྐུ་གསུམ་མེ་ལྷའི་དཀྱིལ་འཁོར་གསལ་བ་དང་། བོད་དང་ཞང་ཞུང་གི་ས་མཚམས་མྱ་ངམ་གྱི་བྱེ་གསེབ་ན་རིན་པོ་ཆེའི་བྲག་ལ་ཞབས་རྗེས་བཏོད་ནས་བཀྲ་ཤིས་པའི་རྟགས་སུ་བཞག་གོ། ཞེས་རང་བྱོན་དང་བཀའ་རྟགས་ཡོད་པ་དང་། ཡང་དེ་ལས། བདག་གི་བཀྲ་ཤིས་ས་རྟགས་ལ།། བསེ་ཁྲབ་ལྕགས་གཞུང་ལྕགས་མདའ་དང་། ། བསེ་ཡི་ཕུབ་མོ་གླིང་ཆེན་རྣམས།།བསྐྱེད་བྱེད་ས་ཡི་སྙིང་པོར་ཤོག།གསུང་དབྱངས་འཕར་པོ་འཕར་ཆུང་གཉིད།། བདག་གི་གསུང་གི་བསྟན་པའི་དུས།།རང་བྱུང་འགྲོབ་འདྲེན་པར་ཤོག ། ཅེས་སྔོན་སྟོན་པས་གཏེར་སྦས་ནས་མ་འོངས་པར་འགྲོ་དོན་བྱེད་ཚུལ་དང་། གཞན་ཡང་དབྲ་གཏེར་བློ་གྲོས་ཐོགས་མེད་ཀྱིས། སྣང་སེམས་རོ་གཅིག་འདྲེས་པའི་བྱིན་རླབས་པས། དངོས་པོ་མ་ཟད་བར་དུ་འགྲོ་དོན་འབྱུང་། ཞེས་གསུངས་བཞིན་སྐྱེས་མཆོག་གོང་མ་རྣམས་ཀྱིས་སྣང་སེམས་རོ་གཅིག་ཏུ་འདྲེས་པའི་སྟོབས་ཀྱིས་བཀའ་རྟགས་ཕྱག་རྗེས་སོགས་བྱོན་པ་ཡིན་པས་དགོངས་པས་བྱིན་གྱིས་བརླབས་པའི་མཐུས་དེ་དག་ཇི་་་་སྲིད་ཀྱི་བར་དུ་འགྲོ་བའི་སོན་བྱེད་པ་ཡིན་པས་དད་པའི་གནས་སུ་བསྟེན་པར་བྱོས་ཤིག
དེ་དག་ལ་འདི་སྐད་ཅེས།
རིང་ནས་འཁྲུལ་མེད་ལུང་བྱང་དུ་མ་དང་། །
ཁྱད་པར་དཀར་ཆགས་གཡུང་དྲུང་འཁྱིལ་བ་ལས། །
ཇི་ལྟར་བྱུང་བའི་ཕྱི་ནང་གསང་བ་ཡི། །
གནས་ཀྱི་བྱུང་ཚུལ་ངོ་མཚར་བསམ་མི་ཁྱབ། །
ཁྱད་པར་གནས་ལྔའི་སྤྱི་བོར་རིགས་ལྔ་དང་། །
མགྲིན་པར་གསང་འདུས་སྙིང་གར་གཙོ་མཆོག་ཁྲོ། །
ལྟེ་བར་མཁའ་འགྲོ་རྩ་བར་བོན་སྐྱོང་དང་། །
མཐའ་བསྐོར་ཡུལ་ལྷའི་བཀོད་པ་ཡོངས་སུ་རྫོགས། །
ཡེ་ཤེས་གཟིགས་ངོར་ཁོང་སེང་གཡུ་མཚོའི་དབུས། །
ཕོ་བྲང་སུམ་བརྩེགས་རྩ་གསུམ་ལྷ་ཚོགས་དང་། །
མཐའ་བསྐོར་ཡུལ་ལྷ་རྟེན་དང་བརྟེན་པ་བཅས། །
མིག་འཕྲུལ་བཞིན་དུ་སྣང་བས་ངོ་མཚར་འཕེལ། །
ཕྱི་ཡི་བཀོད་པ་གཡུང་དྲུང་འཁྱིལ་བ་ལ། །
པྲ་ཕུད་རྩེ་དགུའི་རྣམ་པར་བརྗིད་ཆགས་གཟུགས། །
ཕྱོགས་མཚམས་གདོང་བརྒྱད་དྲག་པོའི་གནས་ཆེན་བརྒྱད། །
ངོས་བཞི་ཐང་བཞི་ལས་བཞིའི་གནས་སུ་གྲུབ། །
བྱང་ངོས་ལྷ་རི་བྲག་དཀར་རྩ་གསུམ་གནས། །
འདོད་པ་དགུ་འགྱུར་རིག་འཛིན་དམ་ཅན་སོགས། །
གནས་ཕྲན་དུ་མའི་བཀོད་པ་དཔལ་དུ་འབར། །
གསནམདུན་གནས་བརྩམ་སྐོར་ལམ་ཕྱི་ནང་ནས། །
གནས་བདག་ཌྰཀྐི་གྲུབ་ཆེན་དུ་མ་ཡི། །
བཀའ་རྟགས་ཡ་མཚན་བླ་རྡོ་གནས་ཆུ་སོགས། །
དད་པའི་རྟེན་དུ་མེས་པོས་བཤམས་མིན་ནམ། །
ཞེས་བྱ་བ་ནི་བར་སྐབས་ཀྱི་བསྡུ་བའི་ཚིགས་སུ་བཅད་པའོ། །
༈ དྲུག་པ་གནས་ལ་ཇི་ལྟར་བསྐོར་བའི་ཚུལ་བསྟན་པ་ལ་གསུམ། བསྐོར་བའི་ལམ། ནམ་བསྐོར་བའི་དུས་ཚོད། ཇི་ལྟར་བསྐོར་བའི་ཚུལ་བསྟན་པའོ། །
དང་པོ་ནི། བསྐོར་ལམ་སྟེང་འོག་བར་གསུམ་དང་སྟེང་བསྐོར་དང་མཐའ་བསྐོར་བཅས་ལྔ་ཡོད་པ་ལས། དང་པོ་གནས་གསུམ་མཁའ་འགྲོའི་ཕྱི་བསྐོར་ནི། གནས་རི་རྫོང་བརྒྱད་དང་བཅས་པའི་ཕྱི་མཐའ་ནས་བསྐོར་བ་ཡིན་ལ། གཉིས་པ་གསང་བདག་ཁྲོ་བོའི་བར་བསྐོར་ནི། རྫོང་བརྒྱད་ཀྱི་ནང་མཐའ་ནས་བསྐོར་བ་ཡིན་ཞིང་། གསུམ་པ་བླ་མ་རིག་འཛིན་རྩེ་བསྐོར་ནི། གནས་ཀྱི་མགུལ་བ་ཙམ་བསྐོར་བའོ། བཞི་པ་ཀུན་ཏུ་བཟང་པོའི་སྟེང་བསྐོར་ནི། བྱང་ཆུབ་ཀྱི་སེམས་དང་རིམ་པ་གཉིས་ཀྱི་རྣལ་འབྱོར་ཅི་རིགས་དང་ལྡན་པའི་སྒྲུབ་གཤེན་ཕོ་མོས་གནས་ཀྱི་སྟེང་ནས་ཕྱོགས་ཀུན་ཏུ་བལྟས་ཏེ་ཉམས་སྐྱོང་བའི་ཚུལ་ཡིན་པས་དགོངས་པ་དང་ལྡན་པས་ཕྱོགས་གང་དུ་ཕྱིན་ཡང་བསྐོར་བ་ལས་མ་འདས་པས་སྐྱེ་བོ་ཕལ་བའི་སྤྱོད་ཡུལ་མི་ཡིན་ནོ། ལྔ་པ་གཙོ་འཁོར་བཅུ་གསུམ་ཐམས་ཅད་ཀྱི་མཐའ་ནས་བསྐོར་བའོ། དེ་དག་གང་ལྟར་བསྐོར་ཡང་ཆོག་མོད་ཀྱི། མཐའ་བསྐོར་རིང་པོ་ནི་སྤྱིར་ཕྱག་བསྐོར་གྱི་འབྲེལ་འཇོག་བྱེད་པ་ཙམ་ལ་འགལ་བ་མེད་ཅིང་ཕན་ཡོན་དང་ལྡན་པ་ཡིན་མོད་ཀྱི། གནས་སྣང་གི་དོན་རྟགས་ངོ་སྤྲོད་པའི་ལུགས་སུ་བྱས་ན་གནས་ཀྱི་དམ་ཚིག་ཇི་བཞིན་བསྲུང་དཀའ་ཞིང་གནས་བདག་གིས་འཁུ་ལྡོག་འོང་ཉེན་ཆེ་བས་རེ་ཞིག་གནས་ཞལ་འབྱེད་པའི་དགོས་ཆེད་མ་མཐོང་གསུངས་ཤིང་། རྩེ་བསྐོར་དང་བར་བསྐོར་གཉིས་ནི་ཕྱི་བསྐོར་དུ་འདུ་བས། འདིར་ཕྱི་བསྐོར་ཁོ་ན་གཙོ་བོར་བྱས་ན་ལེགས་ཚུལ་གྱི་གསུང་ཕེབས་པས་རེ་ཞིག་བསྐོར་ལམ་དེལྟར་དུ་མཚོན་པར་མཛད་དོ། །
གཉིས་པ་ནམ་བསྐོར་བའི་དུས་ཚོད་ནི། སྤྱིར་གནས་མཆོག་འདི་དག་ཇི་སྲིད་བསྐལ་བ་མ་སྟོང་གི་བར་དུ་འགྲོ་དོན་འབྱུང་བར་བྱིན་གྱིས་བརླབས་པ་ཡིན་པས། དུས་ནམ་ཡང་ཕྱག་བསྐོར་སོཌ་འབྲེལ་བ་ཅི་ཙམ་བཞག་པ་དེ་ཙམ་གྱི་ཕན་ཡོན་རྗེས་སུ་འབྱུང་བ་ཡིན་པས་དུས་ཚོད་ལ་ངེས་བཟུང་མེད་ནའང་། འོན་ཀྱང་གནས་བདག་དཔའ་བོ་མཁའ་འགྲོ་གསང་བའི་སྤྱོད་པ་ལ་འདུ་ཚུལ་གྱི་ཁྱད་པར་ལ་བརྟེན་ནས་དུས་ཚོད་ངོས་བཟུང་ཁྱད་པར་བའང་ཡོད་དེ། གཏེར་ལུང་ལས། ཁྱད་པར་ཁྱི་ལོ་ཟླ་བ་ལྔ་ནས༔བརྒྱད་པའི་མགོ་བར་གནས་ཀྱི་འདུ་བ་ཆེ༔རིག་འཛིན་ཞི་ཁྲོ་ཡི་དམ་མཁའ་འགྲོའི་ཚོགས༔ཕྱོགས་བཅུའི་གནས་ནས་འདིར་བྱོན་བྱིན་གྱིས་རློབས༔ཞེས་འབྱུང་བས་དེ་དག་ལ་བྱིན་རླབས་ལྷག་པར་ཆེ་བའི་རྒྱུ་མཚན་ཅུང་ཟད་སྨོན་ན། དུས་འདི་ལ་གནས་བདག་དང་དཔའ་བོ་མཁའ་འགྲོའི་ཚོགས་ཐམས་ཅད་གནས་གཅིག་ཏུ་ཚོགས་སུ་འདུ་ཞིང་གསང་སྤྱོད་ལ་འཇུག་པའི་དུས་ཡིན་པས། དེའི་ཚེ་རྩ་གསུམ་ལྷ་ཚོགས་རྣམས་ཀྱང་ཚོགས་ཀྱི་ཞིང་དུ་འབྱོན་པ་དང་། དེ་ལས་སྡིག་བཤགས་་དང་མཆོད་འབུལ་གང་བྱེད་ཀྱང་རྟེན་གྱི་སྒོ་ནས་སྟོབས་ཆེ་བ་དང་། གནས་ཞལ་འབྱེད་ཚུལ་ལ་ཕྱི་ནང་གི་རྟེན་འབྲེལ་ལྷན་ཅིག་ཏུ་འཛོམས་པའི་དུས་ཀྱི་དབང་གིས་ཟླ་གསུམ་དུ་དུས་བྱིན་གྱིས་བརླབས་པས་འགྱུར་སྟོབས་ཆེ་བ་དང་། ཞིང་དང་དུས་ཀྱི་མཐུ་ཆེ་བའི་སྐབས་དེར་གསོལ་འདེབས་དང་ཕྱག་མཆོད་བསྐོར་བ་སོགས་ལ་བརྩོན་ན་ཕན་ཡོན་གཞན་ལས་ཆེ་བ་དང་། ཚོགས་ཀྱི་དགའ་སྟོན་གྱི་དུས་ཁྱད་པར་ཅན་ཡིན་པས་སོ་སོའི་སྐལ་བ་དང་མཐུན་པར་དངོས་གྲུབ་ཅི་རིགས་སྟེར་བ་དང་། ལམ་ལུགས་ཀྱི་རྣལ་འབྱོར་བ་དམ་ཚིག་མ་ཉམས་ཤིང་རྟོགས་པ་དང་ལྡན་པ་ཡིན་པས་དཀྱིལ་འཁོར་གྱི་ཚོམ་བུ་གཅིག་ཏུ་འདུས་པར་འགྱུར་ལ། དེ་ལྟར་ན་རང་གཞན་གྱི་བསམ་པ་དང་དམ་ཚིག་གི་སྟོབས་ཀྱིས་བསགས་སྦྱང་གི་བྱ་བ་ཅི་བྱེད་པའི་བྱེད་པ་གཅིག་པས་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་འཐོབ་པའང་ཡོད་དེ། ཚོམ་བུ་ཚོགས་སྒྲུབ་བྱས་པས་དངོས་གྲུབ་མཉམ་དུ་ཐོབ་པར་གསུངས་པ་དང་། རྒྱལ་གཤེན་ཆེན་པོས་རྒྱལ་མཁར་བ་ཆོད་དུ་གསང་མཆོད་མཐར་ཐུག་གི་སྒྲུབ་པ་མཛད་པས་ཞབས་འདེགས་པའི་བྲན་གཡོག་པ་ཚུན་ཆད་ཕུང་པོ་ལྷག་མེད་དུ་སོང་བའི་ལོ་རྒྱུས་ལ་སོགས་བཞིན་ཏེ་རེ་ཞིག་དེ་ཙམ་མོ། །
གསུམ་པ་ཇི་ལྟར་བསྐོར་ཚུལ་ལ་སྤྱི་དང་བྱེ་བྲག་གཉིས། དང་པོ་ནི། སྐྱེ་བོ་ཕལ་པ་རྣམས་ཀྱིས་ལུས་སྒྲིབ་དག་པའི་ཆེད་དུ་རྟ་ཞོན་ཅིང་ཞྭ་གྱོན་པ་སོགས་སྤངས་ནས་གུས་དག་སྣང་དང་བཅས་པས་བསྐོར་བ་དང་། ལམ་ཞུགས་ཀྱི་གང་ཟག་ཡིན་ན། འདུལ་བ་དང་མཐུན་པར་སྒོ་གསུམ་བག་ཡོད་དང་ལྡན་པ། བྱང་སེམས་དང་མཐུན་པར་སེམས་བསྐྱེད་རྣམ་དག་དང་ལྡན་པ། གསང་སྔགས་དང་མཐུན་པར་སྒོ་གསུམ་ཁྱེར་སོ་གསུམ་དང་ལྡན་པས་བསྐོར་བ་སྟེ། དེ་དག་གང་ལྟར་ཡང་མི་དགེ་བའི་བསམ་སྦྱོར། ལུང་མ་བསྟན་གྱི་བྱ་བ་ཐམས་ཅད་སྤངས་ནས་དགེ་སེམས་ཁྱད་པར་ཅན་དང་ལྡན་པས་བསྐོར་བའི་ཚུལ་ལམ་གྱི་རྩ་བ་དམ་པ་གསུམ་དང་འབྲེལ་བར་ལག་ལེན་དུ་ཐེབས་པ་དང་། དམིགས་བསལ་དུ་ལ་ཐུར་འཕྲང་རོང་གི་ངལ་དུབ་བྱུང་ན་སྒྲིབ་པ་བྱང་བའི་དགའ་སྤྲོ་བསྐྱེད། རྟེན་དང་རང་བྱོན་རྣམས་ལ་ཆགས་དབུགས་དང་གནས་སྤོབ་སོགས་མི་བྱ་བར་རྩ་གསུམ་ལྷ་ཚོགས་དངོས་ཀྱི་འདུ་ཤེས་བསྐྱེད།མི་དང་དུད་འགྲོ་བྱ་བྱེའུ་རི་དྭགས་སོགས་ཅི་མཐོང་ཡང་དཔའ་བོ་མཁའ་འགྲོའི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པས་མོས་པས་དག་སྣང་སྦྱོངས། གཅན་གཟན་དང་ཐོག་སེར་སོགས་ཀྱི་འཇིགས་སྐྲག་ཅི་བྱུང་ཡང་རྐྱེན་སྣང་ངོ་སྤྲོད་དུ་ཤེས་ནས་བློ་སྦྱོང་བ་དང་བར་དོའི་གདམས་པ་དྲན། དེ་ལྟར་མི་ཤེས་ན་གསོལ་འདེབས་དང་གནས་བདག་ལ་མཆོད་གསོལ་བྱ། མདོར་ན་གནས་ལ་དམིགས་ཏེ་ཐལ་མོ་ཡ་གཅིག་སྦྱར་བའམ་མེ་ཏོག་གཅིག་འཐོར་བ་ཡན་ཆད་ཀྱི་བཟང་འབྲེལ་ཅི་ཐོག་བྱས་ལ་བསྐོར་བ་ནུས་ཚད་དུ་བྱ་དགོས་སོ། །
གཉིས་པ་བྱེ་བྲག་ཏུ་བསྐོར་ཚུལ་ནི། ཕྱི་བསྐོར་ཁོ་ན་གཙོ་བོར་བྱ་བགཏེར་ཆེན་ཉིད་ཀྱི་ཞལ་ལུང་ལྟར། ཐོག་མར་བསྐོར་ལམ་འཇུག་པའི་སྒོ་ལ་ཁྱད་མེད་ཀྱང་རེ་ཞིག་གནས་ཀྱི་ཤར་སྒོ་ནས་འཇུག་པའི་དབང་དུ་བྱས་ན། ཐོག་མར་ཁྲུས་དང་སྤོས་བསང་བྱས་ལ། ལྷ་ཐོའི་མདུན་གནས་བདག་ལ་བསང་དང་གསེར་སྐྱེམས་དབུལ། མཁའ་འགྲོའི་ཚོགས་གཞོང་དུ་ཕལ་བས་ཟས་སྣའི་རིགས་མཆོད། རྣལ་འབྱོར་པས་ལུས་སྦྱིན་གྱིས་མཚོན་ཕྱི་ནང་གསང་བའི་ཚོགས་མཆོད་གང་ཤེས་བྱ། སྒྲོལ་ཀེང་ཕུར་པ་རང་བྱོན་མདུན་བསྟན་དགྲ་སྒྲོལ་བའི་རྟེན་འབྲེལ་བསྒྲིགས། དེ་ནས་སྐྱབས་འགྲོ་དང་གནས་ཀྱི་གསོལ་འདེབས་རིགས་དང་སྙིང་པོའི་མགུར་དབྱངས་འཐེན་བཞིན་འཕྲང་ལམ་ཞུགས་ཏེ། ཕྱག་རྗེས་སོགས་བཀའ་རྟགས་རྣམས་མཇལ་ཚེ་དེ་དེར་དངོས་སུ་མོས་ལ་ཕྱག་མཆོད་གསོལ་འདེབས་བྱ། གོས་དྲུག་རང་བྱོན་མདུན་རབ་ཏུ་བྱུང་ནས་བོན་དང་འཕྲད་པའི་སྨོན་ལམ་འདེབས། བྲག་དམར་མཁར་གདོང་དུ་དམ་ཅན་གནས་ལ་དར་དང་ཤིང་རྩིས་གསོས་ལ་གཏོར་འབུལ་དང་ཕྲིན་བཅོལ་བྱ། དགྲ་ལྷ་དང་ཚོང་ལྷ་བསྟོད། ཆུ་མིག་འོག་རིག་འཛིན་ཚོགས་གཞོང་དུ་ཟས་སྣ་ཚོགས་སྔར་ལྟར་མཆོད། བདེ་ཆེམ་འོད་གསལ་ཐང་དུ་ཕྱག་ཕྱག་དང་མཎྚལ་ཕུལ། བསྟན་པ་རྒྱས་པའི་སྨོན་ལམ་དང་ཕན་བདེའི་སྨོན་ལམ་གདབ། དཀར་སྤྲོའི་ཁ་ཟས་བསྟེན། དཔལ་འབྱོར་རྒྱས་པའི་རྟེན་འབྲེལ་བསྒྲིགས། དགའ་འཁྱིལ་མཚོ་སྨན་ཐང་དུ་ཕྱག་དང་མཎྚལ་ཕུལ། འགྲོ་དོན་འབྱུང་བའི་སྨོན་ལམ་གདབ། སྣང་བ་དབང་དུ་འདུས་པའི་རྟེན་འབྲེལ་བསྒྲིགས། སྲིད་མཚོ་ཆུ་མིག་ཏུ་ཀླུ་གཟུངས་བཟླ་ཞིང་ཆུ་རྒྱུན་འཐུང་། འཕན་གཡང་རྒྱས་པའི་སྨོན་ལམ་བྱ། ཀླུ་ཐེབས་ཡོད་ན་ཀླུ་གཏོར་སོགས་མཆོད་པ་ཅི་འཛོམ་བྱ། གདོང་ཟུར་བླ་རྡོའི་མདུན་བསང་སྐྱེམས་གཏོར་མ་ཕུལ་ལ་ཕྲིན་བཅོལ་བྱ། དཔའ་བོ་བྲོ་ར་ཐང་དུ་ཕྱག་དང་མཎྚལ་ཕུལ། མཁའ་སྤྱོད་སྒང་ལ་གདོང་ཕྱོགས་ཏེ་མཁའ་སྤྱོད་དུ་བགྲོད་པའི་སྨོན་ལམ་བཏབ། ལྷ་རྒྱལ་གཏོང་། ཕྱིར་ཕྱོགས་ཏེ་ཟློག་པར་བྱ། མཐའ་དམག་དུས་འཁྲུགས་ཞི་བའི་སྨོན་ལམ་གདབ། དགྲ་བགེགས་ཚར་གཅོད་པའི་རྟེན་འབྲེལ་བསྒྲིགས། རྣལ་འབྱོར་པས་ཉམས་བསྐྱངས་ལ་མགུར་ལེན། ཐ་མལ་བས་འཛབ་དབྱངས་དང་བོན་གླུ་འཐེན་ནོ། དེ་ནས་བླ་མཚོ་བསྐོར་ན་ལམ་དུ་ཁོད་སྤུངས་བློ་གྲོས་ཐོཌ་མེད་ཀྱི་བཀའ་རྟཌ་མཇལ། ཕྱག་མཆོད་གསོལ་འདེབས་དང་སྡེ་བརྒྱད་དམ་བསྒྲགས་བྱ། མཚོ་མདུན་བསང་དང་ཁྲུས་བྱས་ལ་རིན་པོ་ཆེ་སོགས་ཀྱི་མཚོ་གཏེར་འཕང་། ཡུལ་ཕྱུག་བདེ་བའི་འདོད་གསོལ་དང་ལོ་ལེགས་པའི་སྨོན་ལམ་གདབ། རིགས་དྲུག་འཕྲང་ལམ་བགྲོད་ན་འདུལ་གཤེན་དྲུག་ལ་གསོལ་འདེབས་བཅས་བྲག་མིག་ཞུགས་ལ་ཁས་ལེན་བྱ། དེ་ནས་རྣམ་དག་ནོར་བུའི་ཐང་དུ་ཕྱག་དང་མཎཊལ་ཕུལ། ནད་གདོན་སྡིག་སྒྲིབ་ཞི་བའི་སྨོན་ལམ་གདབ། མཁའ་འགྲོའི་ཚོགས་གཞོང་དུ་ཕུད་མཆོད་དང་ཚོགས་མཆོད་སྔར་ལྟར་བྱ། འཛབ་དབྱངས་དང་ཉམས་མགུར་འཐེན། སྡིག་བཤགས་བྱ། ཆུ་བོས་ཁ་ལག་བཀྲུས་ལ་སྡིག་སྒྲིག་དག་པའི་རྟེན་འབྲེལ་བསྒྲིགས། ཚེ་ཆུའི་དྲུང་དུ་ཚེ་བདག་ཌྰཀྐི་ལ་མཆོད་པ་བྱས་ལ། ཚེ་བསྙེན་བཅས་ཚེ་ཆུ་བཏུང་། ཚེ་གེགས་ཞི་བའི་སྨོན་ལམ་བཏབ། བསྭོ་ཐུན་སྔགས་ཆུས་འཐོར་འཐུང་བྱས་ལ་ཤེས་ན་ཏིང་ངེ་འཛིན་གྱིས་ལམ་དང་ལེན་པའི་དམིགས་པ་བྱ། བདུས་རྩིའི་ཐོད་ཞལ་དུ་སྨན་མཆོད་དང་།རཀྟའི་ཐོད་ཞལ་དུ་དམར་མཆོད་བྱ། དྲག་ཚོགས་རང་བྱོན་མདུན་ཕྱིན་ནང་གསང་བའི་ཚོགས་མཆོད་བྱ། དེ་ནས་བསྐོར་མདུད་ཕོག་མཚམས་སུ་བསྔོ་སྨོན་དང་བཀྲ་ཤིས་བརྗོད་པས་དགེ་ལེགས་སུ་བྱའོ། །
དེ་དག་ལ་འདི་སྐད་ཅེས།
མཁའ་འགྲོའི་ཕྱི་བསྐོར་ཁྲོ་བོའི་བར་བསྐོར་དང་། །
རིག་འཛིན་རྩེ་བསྐོར་ཀུན་བཟང་གསང་བའི་བསྐོར། །
ཡོངས་རྫོགས་མཐའ་བསྐོར་རྣམ་པ་ལྔར་མཆིས་པའི། །
ཕྱི་བསྐོར་གཙོར་བྱེད་དམ་པའི་ཞལ་ལུང་ཡིན། །
དགེ་སྦྱོར་དུས་ལ་ངེས་བཟུང་མེད་ན་ཡང་། །
ཁྱད་པར་ཁྱི་ལོ་སྣྲོན་ཟླའི་ཚེས་བཅུ་ནས། །
བརྒྱད་པའི་བཅུ་བར་གནས་ཀྱི་འདུ་བ་ཆ། །
དུས་ཀྱི་འགྱུར་གྱིས་བསོད་ནམས་གཞན་ལས་འཕེལ། །
སྤྱིར་ན་ལུས་ངག་ཡིད་གསུམ་གུས་པ་དང་། །
བག་ཡོད་སེམས་བསྐྱེད་དག་སྣང་ལྡན་པ་ཡིས། །
གསོལ་འདེབས་མཆོད་པ་སྨོན་ལམ་ལ་སོགས་པ། །
སྐབས་དང་འབྲེལ་བར་གནས་བསྐོར་ཅི་ནུས་འབད། །
ཁྱད་པར་གནས་མདུན་ཁྲུས་དང་བསང་བྱས་ནས། །
སྐྱབས་འགྲོ་གསོལ་འདེབས་སྙིང་པོའི་དབྱངས་བཅས་ཞུགས། །
ཚོགས་གཞོང་རྣམས་སུ་ཚོགས་རྫས་བཤམས་ལ་འབུལ། །
བཀའ་རྟགས་ཀུན་ལ་དངོས་མཇལ་གསོལ་འདེབས་བྱ། །
ཕྱོགས་མཚམས་ཐད་ལ་ཕྱག་མཆོད་མཎྚལ་དང་། །
ལས་བཞིའི་རྟེན་འབྲེལ་བསྒྲིགས་ཤིང་སྨོན་ལམ་འདེབས། །
ལྷ་རྟེན་གསོ་ཞིང་གནས་ཆུའི་དབང་བསྐུར་ཞུ། །
བསྔོ་སྨོན་བཀྲ་ཤིས་བརྗོད་ལ་དགེ་ལེགས་བྱ། །
ཞེས་བྱ་བ་ནི་བར་སྐབས་ཀྱི་བསྡུ་བའི་ཚིགས་སུ་བཅད་པའོ། །
༈ བདུན་པ་གནས་ལ་བསགས་སྦྱང་བགྱིས་པའི་ཕན་ཡོན་ལ་གཉིས། དངོས་དང་། བསྐོར་ཚད་སྨོས་པའོ། །དང་པོ་ནི། སྤྱིར་བཟོ་བོའི་འདུ་བྱེད་ཀྱི་བཅོས་མ་ལས་བྱུང་བའི་སྐུ་གསུང་ཐུགས་རྟེན་ལ་དད་པས་མཇལ་ཞིང་ཕྱག་མཆོད་བསྐོར་བ་སོགས་བགྱིས་པའི་ཕན་ཡོན་ཚད་མེད་པ་མཆིས་པའི་ཚུལ་མདོ་རྒྱུད་རྣམས་ལས་གསུངས་པ་ལྟར་ལ། འདིར་ནི་སུས་ཀྱང་ལག་པའི་འདུ་བྱེད་ལ་མ་བརྟེན་པའི་རང་བྱུང་། རྒྱལ་བའི་ཐུགས་རྗེ་དང་སེམས་ཅན་གྱི་བསོད་ནམས་ཀྱི་སྟོབས་ལས་གྲུབ་པ་ཡིན་པས་ཕྱག་བསྐོར་སོགས་ཀྱི་ཕན་ཡོན་སྔ་མ་ལས་ཆེས་ཆེ་བ་རིགས་པས་གྲུབ་ཅིང་།ལུང་ལས་ཀྱང་ཚེ་དབང་ཞུས་ལན་ལས། རིག་འཛིན་མཁའ་འགྲོ་འདུ་བའི་གནས།།མ་རིག་བློ་ཡིས་མི་མཐོང་ཡང་། །མཁའ་ལ་སྐར་ཚོགས་བཀྲ་ལྟར་བཞུགས། །ཚོགས་དང་སྒོམ་སྒྲུབ་སྨོན་ལམ་འདེབས། །འབྲེལ་ཚད་ཐམས་ཅད་འདྲེན་པར་ངེས། །ཞེས་པ་སོགས་མཐའ་ཡས་པར་གསུངས་སོ། །ཁྱད་པར་དུ་གནས་ཆེན་འདི་ལ་བསོད་ནམས་བསགས་པའི་ཕན་ཡོན་ནི། གཏེར་ལུང་ལས། དེ་ལྟར་སྦས་གནས་དྲག་པོ་གནམ་ལྕགས་རྫོང་༔དད་ལྡན་ལས་འཕྲོ་ཅན་གྱི་སྐྱེས་བུ་རྣམས་༔གནས་མཆོག་འདི་ལ་སྒོམ་སྒྲུབ་བསྙེན་པ་ན༔མཆོག་དང་ཐུན་མོང་དངོས་གྲུབ་གཞན་ལས་མྱུར༔མཆོད་བསྟོད་ཕྱག་བསྐོར་རིམ་གྲོ་སུས་བྱེད་པ༔འདོད་པའི་དོན་འགྲུབ་སྒྲིབ་བྱང་ཚོགས་ཆེན་རྫོགས༔ཞེས་དང་། དགེ་བ་ཅི་བྱས་འགྱུར་ཁྱད་གཞན་བས་ཆེ༔ཁྱད་པར་ཚོགས་འཁོར་བྱས་ན་མཁའ་སྤྱོད་བགྲོད༔ རྟེན་འབྲེལ་བསྒྲིགས་པས་གསང་སྔགས་ཉེ་ལམ་སྙེག༔ མདོར་ན་སྐལ་བར་འཚམས་པའི་དངོས་གྲུབ་ཐོབ༔ འབྲེལ་ཚད་གསང་ཆེན་སྔགས་ཀྱི་གདུལ་བྱར་འགྱུར༔ ཞེས་གསུངས། འདི་ཉིད་དབལ་རི་རི་ནག་འཇོམས་པའི་གནས་སུ་གཏོགས་པའི་རྒྱུ་མཚན་གྱིས་དེའི་ཕན་ཡོན་ཁྱད་པར་བ་རྣམས་ཀྱང་འཐོབ་པར་ངེས་པས།
དེ་ལྟར་ན་རི་ནག་འཇོམས་པ་ནི་གསང་སྔགས་ཀྱི་བསྟན་པའི་རྩ་ལག་དབལ་གཤེན་གསང་བ་འདུས་པའི་སྒྲུབ་གནས་ཁྱད་པར་ཅན་ཡིན་པས་གསང་སྔགས་སྤྱི་དང་ཁྱད་པར་བདེ་གཤེགས་འདུས་པ་སྤྱི་འདུལ་ནི་ཐུགས་ཀྱི་རིག་འཛིན་ཡིན་པས་སེམས་ཕྱོགས་བླ་མེད་ཀྱི་ཉམས་ལེན་འཕེལ་བ་དང་། གནས་དེ་ཆེ་བ་བདུད་བཏུལ་བའི་གནས་ཡིན་པས་བོན་དང་མཐུན་པའི་སྒྲུབ་པ་པོས་མྱུར་དུ་ཐོན་པར་འགྱུར་བ་སོགས་ཀྱི་ཁྱད་པར་དུ་མ་དང་ལྡན་པར་ཤེས་པར་བྱའོ། གཉིས་པ་བསྐོར་ཚད་ཀྱི་ཕན་ཡོན་ནི། ཁྱིམ་པ་ཕོ་མོ་དང་ལམ་ཞུགས་ཀྱི་གང་ཟག་རབ་འབྲིང་ཐ་མ་གང་ཡིན་ཡང་གོང་སྨོས་ལྟར་རང་རང་ལུགས་མཐུན་གྱི་བསམ་སྦྱོར་དང་ལྡན་པས་བསྐོར་བ་བྱས་ན། གཏེར་ལུང་ལས། བརྟུལ་ཞུགས་ལྡན་པས་བསྐོར་ན་དུང་ཉེར་ལྔ༔ ཉམས་ལེན་ལྡན་པས་བསྐོར་ན་དུང་བཅུ་གསུམ༔ དད་མོས་ལྡན་པས་བསྐོར་ན་དུང་ཕྱེད་བདུན༔རྒྱུན་དུ་བསྐོར་བ་རེ་ལ་དུང་དུ་འགྱུར༔ ཞེས་གསུངས་པའི་དོན། གནས་ཀྱི་འདུ་བ་ཆེན་མོའི་ལོ་ལ། རབ་ཁྱེར་སོ་གསུམ་གྱི་བརྟུལ་ཞུགས་དང་ལྡན་པས་བསྐོར་ན་བསྐོར་བ་གཅིག་ལ་ལྷ་བསྙེན་བཟླས་པ་དུང་འགྱུར་ཉེར་ལྔ༔ འབྲིང་བྱང་སེམས་ཀྱི་ཉམས་ལེན་དང་ལྡན་པ་ལ་དུང་འགྱུར་བཅུ་གསུམ། ཐ་མ་རྒྱུ་འབྲས་ཡིད་ཆེས་ཀྱི་དད་མོས་ཅན་ལ་དུང་ཕྱེད་བདུན། གནས་འདུས་མ་ཡིན་པའི་དུས་རྒྱུན་དུ་དུང་རེའི་ཕན་ཡོན་དང་ལྡན་པ་སྟེ། དེ་ལའང་གང་ཟག་གི་རྒྱུད་ཚོད་དང་འཚམས་པའི་ཕན་ཡོན་རབ་འབྲིང་ཐ་གསུམ་དུ་འགྱུར་བ་ཡིན་ནོ་ཞེས་གཏེར་སྟོན་དངོས་ཀྱི་ཞག་ལུང་ཡིན་ནོ། །
དེ་ཡང་ཕན་ཡོན་སོ་སོའི་ཁྱད་པར་རྣམས་ཅུང་ཟད་སྨོས་ན། མོས་གུས་གསོལ་འདེབས་དང་བཅས་པས་བསྐོར་ན་བླ་མའི་བྱིན་རླབས་འཇུག ཏིང་ངེ་འཛིན་བཟླས་བརྗོད་དང་བཅས་པས་བསྐོར་ན་ཡི་དམ་ལྷ་ཡིས་དངོས་གྲུབ་སྟེར། དགའ་སྟོན་ཚོགས་འཁོར་དང་བཅས་པས་བསྐོར་ན་དཔའ་བོ་མཁའ་འགྲོས་སྡོངས་གྲོགས་བྱེད། མཆོད་གཏོར་དམ་རྫས་དང་བཅས་པས་བསྐོར་ན། བོན་སྐྱོང་སྲུང་མས་ཕྲིན་ལས་སྒྲུབ། བསང་སྐྱེམས་མཆོད་པ་དང་བཅས་པས་བསྐོར་ན་དཔལ་མགོན་ཡུལ་ལྷས་མཐུན་རྐྱེན་སྒྲུབ་དག ཚོགས་བསགས་མཎྟལ་དང་བཅས་པས་བསྐོར་ན་བསོད་ནམས་འཕེལ། འདོད་གསོལ་སྨོན་ལམ་དང་བཅས་པས་བསྐོར་ན་བསམ་དོན་འགྲུབ། གསང་ཆེན་རིག་སྤྱོད་དང་བཅས་བསྐོར་ན་མཁའ་སྤྱོད་གསང་ལམ་བགྲོད། མི་རྟོག་ཏིང་འཛིན་དང་བཅས་པས་བསྐོར་ན་མཆོག་གི་དངོས་གྲུབ་ལ་སྦྱོར་བ་སོགས་བསྐོར་ཚུལ་སོ་སོ་དང་འབྲེལ་བའི་ཕན་ཡོན་གྱི་ཁྱད་པར་ནི་མཐའ་ཡས་པ་མཆིས་སོ། དེ་ལྟར་ཚེགས་ཆུང་ལ་དོན་ཆེ་བའི་གནས་འབྲེལ་བགྱིས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པའི་ཚུལ་ཡིད་ལ་ངེས་པར་བྱས་ནས། ཡིད་ཅན་གང་ཞིག་དལ་རྟེན་དོན་ཡོད་པར་འདོད་པ་རྣམས་ཀྱིས་གནས་མཆོག་འདི་ལ་བརྟེན་ནས་སྒོ་སྣ་ཚོགས་ནས་ཚོགས་གཉིས་ཀྱི་རྣམ་དཀར་བསོག་པ་ལ་འབད་པ་ཁོ་ན་སྙིང་ནོར་དུ་འཆང་བར་འོས་སོ་ཞེས་གུས་པས་རྗེས་སུ་བསྐུལ་ན་མཉན་པར་རིགས་པ་ཁོ་ནའོ། །
དེ་དག་ལ་འདི་སྐད་ཅེས།
གནས་འདིར་ཕྱག་མཆོད་བསྐོར་ན་ཚོགས་རྫོགས་ཤིང་། །
ཚོགས་མཆོད་བསྐང་བཤགས་བྱས་ན་མཁའ་སྤྱོད་བགྲོད། །
བསྙེན་བསྒྲུབ་བྱས་ན་མཆོག་གི་དངོས་གྲུབ་ཐོབ། །
དམ་སྲིའི་རྒྱུན་གཅོད་མཐའ་མིའི་སོ་པ་ནོན། །
གནས་འདུས་བསྐོར་ཚད་ལྟ་དགོངས་ལྡན་པ་ལ། །
དུང་འགྱུར་ཉེར་ལྔ་བྱང་སེམས་ལྡན་པ་ལ། །
བཅུ་གསུམ་དད་མོས་ཅན་ལ་ཕྱེད་དང་བདུན། །
རྒྱུན་དུ་བསྐོར་བ་གཅིག་ལ་དུང་དུ་འགྱུར། །
བསང་སྐྱེམས་མཎྚལ་བཤགས་སྡོམ་ཚོགས་གཏོར་དང་། །
བཟླས་བརྗོད་གསོལ་འདེབས་ལྟ་སྒོམ་ཉམས་ལེན་སོགས། །
གང་དང་འབྲེལ་བས་བསྐོར་ན་དེ་དང་དེའི། །
ངོས་སྐལ་ཕན་ཡོན་ཁྱད་པར་བསམ་ལས་འདས། །
མདོར་ན་ཤིན་ཏུ་ཚེགས་ཆུང་དོན་ཆེ་བ། །
གནས་འབྲེལ་བགྱིས་པའི་ཕན་ཡོན་དེ་མཐོང་ནས། །
དལ་འབྱོར་སྙིང་པོ་ལེན་པ་འགའ་མཆིས་ན། །
སྒྲིབ་སྦྱོང་ཚོགས་ཆེན་བསགས་ལ་བརྩོན་པར་མཛོད། །
ཅེས་བྱ་བ་ནི་བར་སྐབས་ཀྱི་བསྡུ་བའི་ཚིགས་སུ་བཅད་པའོ། །
༈ སླར་ཡང་སྨྲས་པ།
གང་ཞིག་ནང་གསལ་ཡེ་ཤེས་འོད་ལྔའི་དབྱིངས། །
རོལ་བ་ཕྱིར་སྣང་གཟུགས་སུ་ཤར་བའི་འཕྲུལ།།
འགྲོ་ངོར་གནས་དང་ཡུལ་གྱི་བཀོད་པའི་སྤྲིན། །
གདུལ་བྱའི་བསོད་ནམས་མཁའ་མཐར་ཅིར་ཡང་གསལ། །
གསང་ཆེན་གནས་ཀྱི་བཀོད་པ་མཐའ་ཡས་ལས། །
སྙིགས་དུས་བསྐལ་ཁུག་གསོ་བའི་ས་ཡིག་གཟེར། །
དབལ་རི་གཉིས་པ་གནམ་ལྕགས་ཡང་རྫོང་ཞེས། །
མདོ་ཁམས་ལྗོངས་ཀྱི་ནོར་འཛིན་བཅུད་དུ་སྨིན། །
དེ་ཚེ་འགྲོ་འདུལ་བློ་གྲོས་ཐོགས་མེད་ཀྱི། །
སྤྲུལ་པའི་ཟློས་གར་དབལ་གཏེར་ཆེན་པོ་ཡི། །
ཐུགས་བསྐྱེད་དུས་སུ་སྨིན་པའི་བཀའ་དྲིན་ལས། །
རླབས་ཆེན་གནས་ཀྱི་ཕྲིན་ལས་ཕྱོགས་ཀུན་བདལ། །
མངོན་དུ་མ་གྱུར་རིང་ནས་སྦས་པ་ཡི། །
ཁྱད་འཕགས་གནས་མཆོག་ཙིནྟྰ་མཎིའི་དབྱིག །
ཚེགས་མེད་སུག་པའི་མཐིལ་དུ་དེང་ཐོབ་ཀྱིས། །
དད་གསུམ་རྒྱལ་མཚན་རྩེ་མོར་ཅིས་མི་ལེན། །
ཨེ་མ་འཕྲུལ་ངག་བསྟན་པའི་ཡུལ་གྲུ་འདིར། །
ནགས་ཕྱོགས་བདུད་ཀྱི་ཕྲུ་མ་ཕྱིར་བསྙིལ་ནས། །
དཀར་ཕྱོགས་ལྷ་ཡི་དབུ་འཕང་བསྟོད་དང་ལྷན། །
ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་ངོམས། །
གང་གི་ངང་ཚུལ་ལྷ་ཡི་རྔ་བོ་ཆེ། །
ཕྱོགས་ཀྱི་རི་བོའི་ཁོངས་སུ་ཡོངས་སུ་བརྡུང་བའི། །
གྲགས་པ་དཀར་བོའི་སྒྲ་སྐད་ཁོར་ཡུག་གི །
ར་བའི་ཁྱོན་ལས་ཡོངས་སུ་བརྒལ་མིན་ནམ། །
རྒྱལ་ཀུན་ཐུགས་ཀྱིས་འགྲོ་བ་འདྲེན་བརྩོན་པ། །
དམ་པ་རྣམས་ཀྱི་ངང་ཚུལ་ཁོ་ནར་ཟད། །
གནས་གཏེར་ཕྲིན་ལས་རྒྱ་མཚོའི་འཇིངས་ཆེན་པོར། །
ཞུགས་ནས་བྱིན་རླབས་ནོར་བུ་ལེན་འདོད་ན། །
སྒྲོ་སྐུར་མེད་པའི་ལེགས་བཤད་གྲུ་རྫིང་འདི། །
ཕྱོགས་འཛིན་སྤངས་ཏེ་གུས་པས་ལེན་པར་གྱིས། །
ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པས་ཆེད་དུ་བརྗོད་པའོ། །
༈ རྒྱལ་དབང་འཆི་མེད་བླ་མའི་ཐུགས་བསྐྱེད་ཤིང་རྟ་ལ་བརྟེན་ནས། །
དེང་འདི་དབང་འབྱོར་སྐྱེ་བའི་རྣམ་རོལ་ཉིན་མོར་བྱེད། །
གནས་གཏེར་ཕྲིན་ལས་སྣང་བས་ཁམས་དབུས་ཀུན་ཁྱབ་པ། །
རྩོད་མེད་གཏེར་ཆེན་བླ་མའི་བཀའ་དྲིན་སླར་ཡང་དྲན། །
ཤིན་ཏུ་རྟོགས་པར་དཀའ་བ་གསང་བའི་གནས། །
ཕྱི་ནང་གཞན་གསུམ་སྒྱུ་འཕྲུལ་འཁོར་ལོའི་ཚུལ། །
གནས་ཆེན་རྟེན་དང་བརྟེན་པར་འཆང་བའི་གཏམ། །
མཁའ་འགྲོའི་གསང་བའི་མཛོད་ལས་བླང་མིན་ནམ། །
རང་བཟོའི་བློ་ཡི་དྲི་མས་མ་བསླད་ཅིང་། །
ཕྱོགས་ལྷུང་འདོད་ཞེན་གཏམ་གྱིས་མ་བསྒྲིབ་པར། །
ཡིད་ཆེས་ཚད་མའི་ལུང་དང་རིགས་པ་ཡི། །
མ་ནོང་སྲང་གཞལ་ནས་ལེགས་པར་བསྡེབས། །
འོན་ཀྱང་རྣམ་དཔྱོད་དྲི་མེད་མ་ཐོབ་པས། །
ཉེས་པར་བཤད་དང་གསང་བ་བསྒྲགས་ལ་སོགས། །
འཁྲུལ་ཞིང་ནོར་པ་ཅི་མཆིས་བླ་མ་དང་། །
གནས་སྲུང་ཌྰཀྐི་ཚོགས་ལ་སྙིང་ནས་འཆགས། །
འདི་ལས་ཐོབ་པའི་དགེ་ཚོགས་ཅི་མཆིས་པ། །
མཁའ་ཁྱབ་འགྲོ་རྣམས་གསང་ཆེན་ལམ་བགྲོད་ནས། །
རིང་མི་ཟུང་འཇུག་གཡུང་དྲུང་འཆང་ཆེན་པོའི། །
གོ་འཕང་བདེ་བླག་འགྲུབ་ཕྱིར་ཡོངས་སུ་བསྔོ། །
གདུལ་བྱའི་དད་པའི་པདྨོ་ཀུན་ནས་བཞད། །
གནས་ཆེན་བྱིན་རླབས་ཆར་རྒྱུན་ཡོངས་སུ་འབེབས། །
བོན་སྲིད་དཔལ་གྱི་ཟིལ་དངར་རབ་རྒྱས་པས། །
ཕན་བདེའི་བཅུད་ཀྱིས་འགྲོ་རྣམས་འཚོ་བར་སྨོན། །
མདོ་སྔགས་ཡོངས་རྫོགས་ཞྭ་དཀར་རིང་ལུགས་དར་ཞིང་རྒྱས། །
བསྟན་འཛིན་རྣམས་ཀྱི་སྐུ་ཚེ་བསྟན་ཅིང་འཕྲིན་ལས་འཕེལ། །
རྒྱལ་ཁམས་ཀུན་ཏུ་རྒུད་པ་ཞི་ཞིང་ལེགས་ཚོགས་འབྱོར། །
བཀྲ་ཤིས་དགེ་མཚན་རྫོགས་ལྡན་དཔལ་གྱིས་ཁྱབ་གྱུར་ཅིག །
ཅེས་གནས་ཆེན་གསང་བ་ཡང་རྫོང་གི་རྟོགས་བརྗོད་ལོ་རྒྱུས་འདི་ནི་སྤྲུལ་པའི་གཏེར་ཆེན་བསྟན་གཉིས་གསང་སྔགས་གླིང་པ་མཆོག་གི་ཞལ་སྔ་ནས་ཀྱིས་གནས་ཆེན་སྒོ་འབྱེད་ནས་སླར་ཡང་གདན་ས་ཆེན་པོ་སྒྲུབ་སྡེ་བྱང་ཆུབ་གླིང་དུ་དྲན་པའི་བཀའ་ཐང་ཆེན་མོ་ཤོག་སེར་ལས་གཏན་ལ་འབེབས་པ་དང་ཆབས་ཅིག་འདོད་ཡོན་ཚོགས་ཀྱི་མཆོད་པའི་དགའ་སྟོན་ལ་ཅི་དགར་རོལ་བའི་དུས་ཚེས་མཆོག་ཏུ་དགེ་བར་དགྱེས་པའི་གསུང་གི་མེ་ཏོག་སྤྱི་བོར་ཕེབས་པ་ལས། གནས་ཀྱི་དཀར་ཆགས་ལ་གཞི་བྱས་ཏེ་གསང་བ་ངེས་པའི་གནས་རྣམས་ཞུ་གནང་རྒྱས་པ་དང་འབྲེལ་བར་ཞལ་ལུང་ཐུན་མོང་མིན་པ་ལ་བརྟེན་ནས།དུས་མཐའི་སྔགས་བཙུན་ཁོད་སྤུངས་ཀྱི་རིགས་སུ་བྱུང་བའི་དབྲ་སྟོན་བསྐལ་བཟང་བསྟན་རྒྱལ་ལམ་༧འཆི་མེད་རྣམ་རྒྱལ་དབང་པོ་ཞེས་འབོད་པས་རྟེན་འབྱུང་དགེ་བ་དང་བཅས་ཏེ་རང་གནས་བྱུང་ཆུབ་གླིང་དུ་རྫོགས་པར་སྦྱར་ནས་སྤེལ་བའོ། །དགེའོ། ། བཀྲ་ཤིས་སོ། ། ། །
པད་མ་ཆོས་གྲགས་ལགས་ནས་འདྲ་པར་དང་གནས་བཤད་མཁོ་སྤྲོད་གནང་བར་ཆེད་དུ་བཀའ་དྲིན་ཆེ་ཞུ་ཞུ།