མ་རྒྱུད་ཀྱི་གནས་ཆེན་བརྒྱ་དང་ཉི་ཤུའི་ནང་ཚན་མཁའ་འགྲོ་སྨན་གདོང་ཆེན་མོ་ནི། མདོ་སྨད་རྔ་བ་རྫོང་གི་ནུབ་ངོས་ནས་སྤྱི་ལེའུ་གསུམ་ཙམ་གྱི་མཚམས་སུ། ཁ་ཤུ་ཡུལ་ཚོ་ཞེས་པའི་སྡེ་བ་ཞིག་ཡོད་པ་དེའི་ལྷོ་ངོས་ན་ཡོད་པའི་གཏེར་ཁོང་ཞིག་དང་འབྲེལ་བའི་རི་རྒྱུད་ལ་ཟེར་ཏེ། བླ་ཆེན་དྲན་པ་ནམ་མཁའི་ཞལ་ནས། རྔ་ཡུལ་དབུས་ཀྱི་སྒྲུབ་གནས་ཏེ། ཁ་ཤུ་རི་འདྲའི་གསང་ཕུག་ཏུ། རིག་འཛིན་མཁའ་འགྲོ་འདུ་བའི་གནས། སངས་རྒྱས་རྒྱུད་གསུམ་བསྒྲུབ་པའི་གནས། ས་གཞི་མཎྚལ་ལྟ་བུའི་དབྱིབས། ཁྱོན་དབུ་ནོར་བུ་སྤུངས་པ་འདྲ། རི་ཡང་རུས་སྦལ་གབ་པ་འདྲ། ས་རལ་རྒྱལ་སྟག་འཇིང་བ་འདྲ། ཆུ་མིག་ཤིང་ལོ་ཐེན་པ་འདྲ། དེ་ལྟ་བུའི་གནས་མཆོག་གི་ཁོང་བུ་ལྷོ་ངོས་དབུས་དཀྱིལ་ན། ཟབ་གཏེར་གསང་རྒྱུད་ཆོག་དྲུག་དང༌། མཁའ་འགྲོ་སྨན་གདོང་ཆེན་མོ་ལ། ཕྱག་འཚལ་བསྟོད་དེ་བསང་མཆོད་འབུལ། ཞེས་དང༌། མ་རྒྱུད་ལས། ཤར་ཕྱོགས་ཁ་ཤུ་རུ་འདྲའི་མཁའ་འགྲོ་ལྔ། ཞེས་གསུངས་པ་སོགས་ལུང་དུ་མས་ཟིན་ཏོ། །
དེ་ལྟར་ས་དབྱིབས་མཎྚལ་ལྟ་བུའི་མདུན་ཞོལ་དུ། ཆུ་མིག་ཤིང་ལོ་ཐེན་པ་འདྲ། ཞེས་ལུང་གིས་ཟིན་པ་ལྟར་ས་དབྱིབས་དེའི་ཕྱོགས་ཐམས་ཅད་ལ་ཆུ་མིག་ཤིང་ལོ་ཐེན་པ་དང་འདྲ་བ་ཆེས་མང་ལ།
ཆུ་མིག་གཅིག་ནི། ༼ཡུལ་སྐད་དུ་ཁ་ཤུའི་གྲུབ་ཆུ་ཟེར༽ གྲུབ་ཁ་དང་ཕོ་བའི་ནད་དང། ཡམས་ནད་སོགས་ལ་ཤིན་ཏུ་ཕན་པས་ཆུ་མིག་ཏུ་འགྲོ་མཁན་བརྒྱ་སྟོང་མང་པོ་ཡོད། ཆུ་མིག་དེའི་ཡར་སྟེང་དུ་ཁ་ཤུའི་གཏེར་ཁོང་ཡོད་ལ་གཏེར་ཁོང་ཞེས་འབོད་དོན་ཇི་ཡིན་ཞེ་ན། ཁོང་བུ་ལྷོ་ངོས་དབུས་དཀྱིལ་ན། ཟབ་གཏེར་གསང་རྒྱུད་ཆོག་དྲུག་དང༌། ཞེས་བླ་ཆེན་དྲན་པའི་ལུང་གིས་ཟིན་པ་ལྟར་གཏེར་ཁོང་འདི་ནས། རིག་འཛིན་སྟོང་རྒྱུང་མཐུ་ཆེན་གྱི་གཤང་ཆེན་རག་ཤུབ་མ་དང༌། མཁར་རྔ་དགུ་འཕར་མ། དུང་དཀར་སེན་རྗེས་མ། ཁམས་ཆེན་བྱ་བྲིས་མ་དང༌། ཁྲོ་བོ་དབང་དྲག གསང་གཅོད། གསང་བ་འབུམ་ཆེན། བང་གསོལ་སོགས་གཏེར་ནས་བླངས་པའི་རྒྱུ་མཚན་གྱིས་མིང་འདི་ཐོགས་པ་ཡིན་ལགས་སོ། །
གཏེར་བཏོན་མཁན་ནི། རྔ་བའི་རྒན་རིམ་པ་མང་པོ་ཞིག་གི་ངག་རྒྱུན་ལ་སྣང་ཞིག་དགོན་པའི་ཉེ་འདབས་སུ་ཡོད་པའི་གཞི་འཕེན་སྡེ་བའི་ནང་དུ་སྐུ་འཁྲུངས་པ་དོར་པོའི་གཏེར་སྟོན་ཟེར་བ་ཞིག་གིས་བླང་པར་བཤད། བང་གསོལ་དང༌། ཁྲོ་བོ་དབང་དྲག གསང་གཅོད། གསང་བ་འབུམ་ཆེན་སོགས་ནི་ཨུ་གོ་གཡུང་དྲུང་འབུམ་གྱིས་གཏེར་ནས་བླང་པ་མངོན་ཏེ། བང་གསོལ་གྱི་མཇུག་བྱང་དུ་ཨུ་ཀོ་གཡུང་དྲུང་འབུམ་གྱིས་ཁ་ཤུ་རུ་འདྲའི་ཁོང་བུ་ལྷོ་ངོས་ནས་བཏོན་ནས་རིམ་པར་བརྒྱུད་དོ་ཞེས་དང༌། ཀུན་མཁྱེན་ཤར་རྫ་རིན་པོ་ཆེས་མཛད་པའི་ལེགས་བཤད་མཛོད་ལས། ཨུ་གོ་གཡུང་དྲུང་འབུམ་བྱ་བས་ཁ་ཤུ་ར་༼རུ་ཡིན་ནམ༽འདྲ་ནས་ཁྲོ་བོ་དབང་དྲག གསང་གཅོད༌། གསང་བ་འབུམ་ཆེན་སོགས་ཐོན་ནོ་ཞེས་གསུངས་པས་ཤེས་སོ། །གང་ལྟར་ཞིབ་ཏུ་བསམ་བློ་རེ་བཏང་ན་ཕར་ཆེར་ཨུ་ཀོ་ཞེས་པ་ནི་ཀོ་ཙོང་གི་ཟུར་ཆག་པ་དང༌། ཀོ་ཙོང་གཞི་འཕེན་དང་ས་མིག་གཅིག་ཡིན་པས་གོང་གི་དོར་པོའི་གཏེར་སྟོན་དང་འདིར་གཡུང་དྲུང་འབུམ་གཉིས་མི་གཅིག་ཡིན་ཤས་ཆེ་འདུག གཤང་ཆེན་གྱི་ཤུབ་དང༌། མཁར་རྔ་དགུ་འཕར་མ་གཉིས་དེང་སང་མདོ་སྨད་སྣང་ཞིག་དགོན་དུ་ཡོད།
གནས་ཆེན་སྨན་གདོང་གི་གནས་སྒོ་ནི་དགོན་ལུང་ཡིན་པས་དགོན་ལུང་གནས་མདུན་ཞེས་འབོད་སྲོལ་ཡོད་ལ་ལུང་གིས་ཟིན་མེད་པ་འདྲ་ནའང་དཔྱད་དགོས་པ་ལགས་སོ།། ས་གནས་ནི་ཁ་ཤུ་ནས་ཤར་ངོས་སུ་སྤྱི་ལེའུ་བདུན་ཙམ་འགྲོ་དགོས། སྤྱི་ལོ་༡༩༨༩ལོ་ཡས་མས་སུ་ཡང་ཁ་ཤུའི་གཏེར་ཁོང་ནང་ནས་སྔོན་མོ་འབྲུག་མགོ་ཅན་གྱི་གཏེར་ལྷ་ཞིག་བུད་མེད་རིགས་ལྡན་ཞིག་གིས་བླངས་ཏེ་༧རྒྱལ་ཚབ་རིན་པོ་ཆེ་བསྟན་འཛིན་དབང་རྒྱལ་མཆོག་གི་ཕྱག་ཏུ་ཕུལ་ཡོད་པ་དེང་དུས་རྒྱ་འོབས་བླ་བྲང་གི་རྟེན་གསུམ་དུ་མཇལ་རྒྱུ་ཡོད་པ་བཅས་སོ།།