༄༅། །ཤེལ་གྱི་བྲག་དཀར་རྩེ་རྫོང་གི་ལོ་རྒྱུས་དཀར་གསལ་ཟླ་བའི་འཛུམ་མདངས་ཞེས་བྱ་བ་བཞུགས་སོ། །
གདོད་ནས་མངོན་པར་རྫོགས་པའི་སངས་རྒྱས་ཀྱི། །ལྷུམས་ཞུགས་སླར་ཡང་འགྲོ་ལ་བརྩེ་དགོངས་ནས། །རྩོད་ལྡན་བསྐལ་བར་མི་མཇེད་ཞིང་འདུལ་མགོན། །གཤེན་རྒྱལ་འགྲོ་བའི་བླ་མ་ལ་ཕྱག་འཚལ། །རྒྱལ་བའི་གསང་གསུམ་ཟབ་ཡངས་རྒྱ་མཚོའི་འཇིངས། །དད་གསུམ་བློ་གྲོས་ལྷུན་པོས་བསྲུབ་པའི་བཅུད། །གསུང་རབ་ཉི་ཟླའི་ནོར་མཆོག་གདུལ་བྱའི་མཁར། །སྨིན་མཛད་མཚན་ལྡན་བླ་མས་ཤིས་པ་སྩོལ། །ལྔ་བརྒྱ་སྙིགས་མའི་འགྲོ་ཁམས་སྡུལ་བསྔལ་ཆེས། །གདུང་ཚེ་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་གར། །བསྒྱུར་མཛད་བླ་ཆེན་དྲན་པ་ཡབ་སྲས་སོགས། །རྩོད་དུས་འཇིགས་སྐྱོབས་རིག་པ་འཛིན་རྣམས་རྒྱལ། །ལྔ་སྙིགས་རྒྱལ་བསྟན་ནུབ་རིའི་ཕག་ཡིབ་ཚེ། །རྣམ་དཔྱོད་མཁྱེན་རླབས་ཕུལ་བྱུང་སྔོན་སྐྱེས་བུས། །ཉེར་དྲུང་བསྟན་འཛིན་དབང་བཞིའི་བསླབ་གསུམ་གྲགས། །ཟླུམ་གཟུགས་གོ་ལའི་མཁའ་རུ་མངོན་པར་འཕགས། །གདོད་ནས་མངོན་སངས་རྒྱས་པའི་ངོ་བོ་ཉིད། །བསྐལ་སྟོང་སངས་རྒྱས་སྟོང་གི་རྩ་བའི་ལྷ། །ཚད་མེད་ཐུགས་རྗེ་རྣམ་གསུམ་རབ་སྤྲུལ་པའི། །ལྔ་བརྒྱའི་མགོན་གཅིག་རྩ་བའི་བླ་མར་འདུད། །
འདིར་གང་བཤད་པ་ནི། བཤད་བྱའི་ཞིང་ཁམས་ས་གནས་ངོས་བཟུང་བ་དང་། དེར་བཞུགས་པའི་བདག་པོ་བ་མཚན་ལྡན་བླ་མ་གང་ཡིན་པ། བླ་མ་དེ་ལ་སྐུ་ཆེ་བའི་ཡོན་ཏན། གསུང་ཟབ་པའི་གདམས་ངག ཐུགས་མཁྱེན་པའི་ཡེ་ཤེས། སྤང་རྟོགས་ཀྱི་ཡོན་ཏན། བསྟན་པ་སྤེལ་བ་དང་། གདུལ་བྱ་རྗེས་སུ་བཟུང་བའི་འཕྲིན་ལས། མ་འོངས་པར་གནས་དང་ཞིང་ཁམས་ལ་བྱིན་རླབས་ཀྱི་ནུས་པའི་ཡོན་ཏན་གང་དང་གང་ཡོད་པ་རྣམས་རིམ་བཞིན་བཤད་པར་འགྱུར་བ་ཡིན།
ཤེལ་གྱི་བྲག་དཀར་རྩེ་རྫོང་ནི་གྲོང་ཁྱེར་ལྷ་སའི་ནུབ་ངོས་སྤྱི་ལེ་བཅུ་ཡས་མས་ཀྱི་མཚམས་སུ་ཡོད་ཅིང་། ཞང་ཞུང་རིག་གནས་བོད་དུ་བྱུང་རིམ་གྱི་ལོ་རྒྱུས་དང་འབྲེལ་བླ་མ་ལི་ཤུ་སྟག་རིང་གི་སྒྲུབ་གནས་ཡིན་པ་བོད་ཀྱི་ལོ་རྒྱུས་ཡིག་རྙིང་དུ་མའི་ནང་དུ་གསལ་པོར་འཁོད་ཡོད་ཅིང་། རྒྱས་པ་ནི་གཞུང་གཞན་དུ་ཤེས་ལ་མདོ་ཙམ་འདིར་འགོད་ན། དང་པོ་ཞང་ཞུང་གཉན་གྱི་རྒྱལ་ཁབ་ཏུ། །རབ་བྱུང་པད་སྡོང་རྩེ་རུ་བརྫུས་སྐྱེས་འཁྲུངས། །རྒྱལ་བོ་གཉན་སྟགས་སྤུངས་པ་ཡབ་ཡུམ་གྱིས། །མེ་ཏོག་གླིང་ནས་སྤྲུལ་བའི་བུ་མོ་བརྙེད། །སྲས་སྐལ་དུ་བཟུང་སྟག་ཟ་ལི་ཝེར་བཏགས། །མཁྱེན་རབ་རྩལ་རྫོགས་སྐྱེས་ཐོབ་མཁའ་ལྟར་ཡངས། །རྟག་གཟིགས་ཞང་ཞུང་མཁས་གྲུབ་བརྒྱ་རྩ་བསྟེན། །མདོ་སྔགས་དྲང་ངེས་བོན་སྒོ་བསམ་ཡས་གསན། །ཕྱི་ནང་གསང་བའི་གཞུང་དོན་མཐའ་དག་དགོངས། །དབྱིངས་རིག་མངོན་གྱུར་ཀློང་རྫོགས་དོན་ལ་བསྒོམ། །སྤྱི་སྤུངས་ལ་སོགས་གསས་མཁར་བོན་བསྒྲུབས་པས། །དགུང་ལོ་སུམ་བརྒྱ་དྲུག་ཅུ་བཞེས་པའི་ཚེ། །མོ་ལས་ཕོ་གྱུར་གཉན་གྱི་གདུང་འཛིན་ཅིང་། །གཉན་བོན་ལི་ཤུ་སྟག་རིང་ཞེས་སུ་གྲགས། །མི་ལོ་བརྒྱད་ཅུ་རྩ་གཉིས་རྒྱལ་སྲིད་བཟུང་། །དེ་ནས་སྟག་གཟིགས་ཏུ་ཕེབས་བོན་མང་ཞུས། །ཉམས་སུ་བླངས་པས་མཆོག་ཐུན་དངོས་གྲུབ་བརྙེད། །དགུང་ལོ་བདུན་བརྒྱ་བཞེས་པའི་དུས་ཉིད་ལ། །དབལ་བོན་རོམ་པོར་དྲག་སྔགས་སྐོར་རྣམས་ཞུས། །དཀར་ནག་རྒྱ་སོགས་ལོ་པཎ་མང་པོ་ལས། །བོན་སྒོ་མང་བསྒྱུར་དུར་ཁྲོད་གནས་བརྒྱད་དུ། །མཁའ་འགྲོ་མ་རྣམས་དབང་དུ་བསྡུས་པར་མཛད། །དགུང་ལོ་སྟོང་དང་ཉིས་བརྒྱ་བཞེས་པའི་ཚེ། །ཞང་བོད་བསྟན་དང་འགྲོ་ལ་ཕན་གདགས་ཕྱིར། །གསེར་བཟང་གླང་པོའི་རྣ་བ་གང་བསྣམས་ནས། །སྟག་གཟིག་ལ་བྱོན་དེ་ཡང་བོད་ཀྱི་འགོ །ཆུ་མགོ་མཚོ་ནག་འཁྱིལ་བར་ཀླུ་སྲིན་དམག །སྡིག་གླང་སྟོབས་ཆེན་བརྒྱ་ཡི་ཉམས་ཚད་མནན། །རི་བོ་པད་ལྡན་བྲག་ཕུག་ནས་ཆས་ཏེ། །གསས་ཀྱི་བཙན་རི་དགུ་སྒྲིལ་ནས་ལམ་ཕྱུང་། །རྒྱ་མཚོ་བདལ་འཁྱིལ་ཆེ་ལ་རླུང་ཁྲི་བཙུགས། །གེ་ཁོད་གཉན་ལུང་ཞག་བདུན་གྱིས་བཅད་དེ། །ཁྱབ་པས་བོན་རི་མེ་བསྲེགས་སོལ་རི་དང་། །བྱེ་མའི་རི་ལ་ཉིན་དགུ་བྱོན་པའི་རྗེས། །ཆུ་ཆེན་དགུ་བརྒལ་གངས་རིའི་རྩར་ཕྱིན་པས། །སེང་གེ་མང་པོ་བྱུང་ཡང་ཟ་མ་ནུས། །རི་གསུམ་བརྒལ་ནས་ལྷ་མིན་དམག་ཚོགས་ལ། །སྒྲིབ་ཤིང་བཙུགས་ཕེབས་ཆུ་ཆེན་སི་དུའི་གླིང་། །ཆུ་སྲིན་ཟ་བྱེད་མང་ཡང་སྐྱོན་མ་བྱུང་། །བྱེ་ཐང་བྱི་རུའི་གླིང་དང་ཤིང་དག་ལས། །ནོར་བུའི་ཕྲེང་སྐྱེས་མཚོ་འགྲམ་ཉ་ཕྱིས་དང་། །མུ་ཏིག་གྲམ་འདུག་དེ་ནས་འོལ་གླིང་བྱོན། །ཤམ་པོ་ལྷ་རྩེ་ཁོ་མ་ནེའུ་ཆུང་དང་། །ཁྲི་སྨོན་རྒྱལ་བཞད་རྣམས་ལ་གསང་སྔགས་ཀྱི། །གྲུབ་ཐོབ་མང་འདུག་ལག་ནས་ཐོག་འཕེན་དང་། །ཁ་ནས་སེར་འཕྲོ་ལ་སོགས་རྫུ་འཕྲུལ་ལྡན། །དམུ་ཙོ་ཏིང་རུམ་དམུ་སླང་དོན་ལྡན་དང་། །དམུ་གཤེན་མཁའ་ལྡིང་དམུ་རྗེ་སྤྲུལ་སྐུ་རྣམས། །བསྟེན་ཏེ་བོན་སྒོ་བསམ་གྱིས་མི་ཁྱབ་ཞུས། །ཉམས་བཞེས་བསྒྲུབ་པ་ཚུལ་བཞིན་མཛད་པ་ཡིས། །མཆོག་ཐུན་གྲུབ་བརྙེས་བོན་སྡེ་ཁྲི་ཕྲག་བསྣམས། །རྟག་གཟིགས་ཡུལ་ནས་རྫུ་འཕྲུལ་གྱིས་ཕེབས་ཏེ། །ཞང་བོད་གནས་སུ་ཐེག་ཆེན་བོན་འཁོར་བསྐོར། །མཁའ་འགྲོ་ཅོ་བཟའ་བོན་མོ་ཕྱག་རྒྱར་བརྟེན། །རྩ་རླུང་ཐིག་ལེར་དབང་ཐོབ་ལྷ་ཞལ་གཟིགས། །འཛམ་གླིང་ཡུལ་ཆེན་དྲུག་ཏུ་རང་རང་གི །སྒྲ་སྐད་དུ་བསྒྱུར་བོན་གྱི་བསྟན་པ་སྤེལ། །དགུང་ལོ་ཉིས་སྟོང་སུམ་བརྒྱ་བཞེས་པའི་ཚེ། །སློབ་དཔོན་བཞི་དང་མཁས་པའི་དགོངས་པ་ལོན། །ཤེལ་གྱི་བྲག་དཀར་རྩེ་རྫོང་གནས་སུ་བཞུགས། །སྙན་བརྒྱུད་རྫོགས་ཆེན་ཡང་རྩེ་ཀློང་ཆེན་མཛད། །སློབ་མ་མཁས་པ་གྲུབ་ཆེན་བཅོ་བརྒྱད་དང་། །ཕྱག་རྒྱའི་མཁའ་འགྲོ་ཅོ་ཟ་བོན་མོ་སོགས། །གྲུབ་པ་བསྙེས་པ་བརྒྱ་སྟོང་ཕྲག་ཏུ་བརྒལ། །ཚེ་ཡི་རིག་འཛིན་བསྐལ་སྟོང་སངས་རྒྱས་དངོས། །མི་ལོ་ཉིས་སྟོང་ལྔ་བརྒྱར་འགྲོ་དོན་མཛད། །ཟག་མེད་སྐུ་བརྙེས་སྐྱེ་འཆི་སྤོངས་པའོ། །དེ་སློབ་མཁས་པ་གྲུབ་ཆེན་བཅོ་བརྒྱད་བྱུང་། །དེ་དག་མཚན་དང་གྲུབ་ཚུལ་མདོར་བསྡུས་པ། །མཁས་མཆོག་ཁྱུང་པོ་སྟག་སྒྲ་དུན་གཙུག་ནི། །སྣང་བ་དངོས་མེད་སྟོང་འབྱམས་ཀློང་དུ་བདེ། །འབེ་ཡི་རིག་འཛིན་ཤོ་ཁྲམ་ཆེན་པོ་ནི། །སེམས་འཛིན་བདག་མེད་ཡེ་ཤེས་ཆེན་པོར་རྟོགས། །གུ་རུབ་མཁས་པ་བཙན་དོར་མི་སད་ནི། །ཡུལ་སེམས་འགག་མེད་རོལ་པ་ཟུང་འཇུག་བདེ། །མཁས་པ་ཕུ་ལི་གྲུ་འཛིན་ཆེན་པོ་ནི། །གཟུགས་ཕུང་ལྷར་རྟོགས་ཟག་མེད་མངོན་སངས་རྒྱས། །ལྡེམ་བོན་མཁས་པ་གྱིམ་ཙ་རྨ་བོ་ནི། །འདུས་བྱས་མ་གྲུབ་བོན་ཟད་ཡེ་ཤེས་རྟོགས། །མཁས་པ་ཆེན་པོ་སུམ་པ་མུ་ཕྱྭ་ནི། །འདུས་མ་བྱས་པའི་རིག་པ་རྣམ་གསལ་ཏེ། །རང་བཞིན་སྟོང་པ་ཟུང་འཇུག་ཕྱག་རྒྱར་བསྙེས། །དེ་ཡན་སྟག་གཟིགས་མཁས་པ་དྲུག་ཉིད་དོ། །འགར་གྱི་མཁས་པ་ཧས་པོ་དུག་འདུལ་ནི། །བྱང་སེམས་མཐའ་བྲལ་མཐའ་འདས་ཡེ་ཤེས་དང་། །ཕྱྭ་ཡི་མཁས་པ་སྟག་སྒྲ་ཀྱི་ཤག་ནི། །སྐྱེ་འཆིའི་མཐའ་འདས་སྐྱེ་མེད་བྱང་སེམས་བསྙེས། །བ་གོར་མཁས་པ་དོད་དེ་རྒྱལ་བ་ནི། །སྤང་བླང་རྩོལ་མེད་ཡེ་བསྲུང་ལྷུན་གྱིས་གྲུབ། །མཁས་པ་ཆེན་པོ་འཇང་ཚ་འཕན་སྣང་ནི། །ཉོན་མོངས་ཚབས་ཆེན་ཀུན་བཟང་རོལ་རྩལ་ཤར། །གནུབས་ཀྱི་མཁས་པ་ཡར་གཉེན་བཙན་པོ་ནི། །སེམས་ལ་དབང་ཐོབ་ང་མེད་དོན་ལ་ཕྱིན། །དེ་རྣམས་རྒྱ་གར་མཁས་པ་ལྔ་རུ་གྲགས། །མཁས་མཆོག་ཕྱི་བོ་ག་ར་དམར་པོ་ནི། །དུག་ལྔ་སྤངས་མེད་ཡེ་ཤེས་གཉིས་མེད་རྟོགས། །མཁར་ཆེན་ལྷ་གཞེར་འཆེས་པ་མཆོག་ཉིད་ནི། །སྒྲ་ཚིག་བརྗོད་བྲལ་རྫོགས་ཆེན་དོན་ལ་བརྙེམས། །མཁས་པ་སྐུ་གཤེན་གྱིམ་དང་རྨ་བོ་ནི། །ཐིག་ལེ་ཉག་གཅིག་ངོ་བོར་བོན་ཀུན་ཆུབ། །དམུ་གཤེན་མཁས་མཆོག་དྲན་པ་ནམ་མཁའ་ནི། །བྱར་མེད་བློ་འདས་རྩ་བྲལ་དོན་ལ་ཆིབ། །དེ་བཞི་ཞང་ཞུང་མཁས་པ་བཞི་ཉིད་དོ། །མཁས་པ་ཆེན་པོ་བོན་བློན་གསས་ཆེན་ནི། །རྒྱ་ཡན་སྣང་བ་སྒོམ་པའི་གྲོགས་སུ་ཤར། །ཤུག་འབྱུང་སྤྱོད་པ་བཀག་བསྒྲུབ་མེད་པར་བདེ། །དབལ་གྱི་མཁས་པ་ཁྲི་གཟུང་སྟོང་ལུང་ནི། །སྣང་ཡུལ་ཞེན་བསྐྱུང་ཡིད་ཀྱི་འཛིན་ཐག་ཆོད། །ཡུལ་ཤེས་འབྲེལ་ཕྲལ་རིག་པའི་ངོ་བོར་ཆུབ། །འགོས་ཀྱི་མཁས་པ་ཁྲི་སྟོང་རྒྱལ་པོ་ནི། །ཚེ་འདིས་དགོས་མེད་ཞེན་ལོག་གྲོགས་ལ་རོལ། །ཆགས་མེད་སྦྱིན་བཏངས་མཛད་མེད་གཏེར་ལ་སྤྱོད། །སྙིང་རུས་བསྒོམས་པས་རིག་པའི་ཡེ་ཤེས་ཤར། །དེ་དག་བོད་ཀྱི་མཁས་པ་གསུམ་དུ་བཞེད། །དེ་ལྟར་མཁས་པ་གྲུབ་ཆེན་བཅོ་བརྒྱད་དེ། །དུས་གཅིག་སྙ་ཆེན་ལི་ཤུའི་ཞབས་ལ་གཏུགས། །བླ་མེད་རྫོགས་ཆེན་དོན་རྟོགས་གྲུབ་པ་བསྙེམས། །རང་རང་ལྟ་བའི་སྟངས་དང་སྒོམ་པའི་ཉམས། །ཞལ་གྱི་གདམས་པ་རེ་རེ་གསུངས་པ་རྣམས། །མ་འོངས་ཐར་ལམ་བགྲོད་པའི་བཙས་སུ་བཞག །གྲུབ་ཐོབ་ཆེན་མོ་ཅོ་ཟ་བོན་མོ་ནི། །ཅོ་བོན་གྱིམ་བུའི་སྲས་འཁྲུངས་ཤེས་རབ་ལྡན། །བླ་མ་སྙ་ཆེན་ཉིད་ལས་རྫོགས་ཆེན་གྱི། །སྨིན་བྱེད་དབང་དང་གྲོལ་བྱེད་མན་ངག་ཁྲིད། །རྒྱབ་རྟེན་ལུང་བཅས་བུམ་པ་གང་བྱོར་ཞུས། །བླ་མ་ཕྱག་རྒྱར་ཉེ་ལམ་གསང་སྔགས་བོན། །ལག་ལེན་རྩ་རླུང་ཐིག་ལེའི་གནད་སྦྱོར་ནས། །རླུང་སེམས་དབུ་མར་ཚུད་པའི་ཉམས་དང་དྲོད། །རྟགས་བཅས་རྩལ་རྫོགས་ཟུང་འཇུག་བདེ་ཆེན་བསྙེས། །བླ་མ་ཡབ་ཡུམ་མཁའ་སྤྱོད་གནས་སུ་གཤེགས། །མཁས་པ་རྣམས་ནི་དགོངས་པ་དོན་ལྡན་བཞུགས། །དེ་དུས་མཁའ་ཀློང་དབྱིངས་ཀྱི་དབལ་མོ་ལ། །རྫོགས་ཆེན་མན་ངག་རྒྱས་བཏབ་བཀའ་གཉེར་གཏད། །བསྟན་པའི་རྒྱལ་བོ་དྲི་མེད་གཡུང་དྲུང་བོན། །མན་ངག་སྙིང་པོ་དགོས་འདོད་ཀུན་ཚང་འདི། །ཕྱི་རབས་དོན་དུ་རིན་ཆེན་གཏེར་དུ་སྦས། །བྱ་ར་མ་གསུམ་བཀའ་ཡི་བསྟན་པ་བསྲུངས། །སེམས་ཅན་བསོད་ནམས་སྐྱེས་བུའི་སྨོན་ལམ་གྱིས། །ཕྱིས་སུ་གཏེར་ཞལ་ཕྱེད་ཅིང་ཀུན་ཏུ་འཕེལ། །ཞེས་སོ། །རྫོགས་ཆེན་སྔོན་འགྲོའི་གསོལ་འདེབས་ལས། ཤེལ་གྱི་བྲག་དཀར་རྩེ་རྫོང་གི་སྒྲུབ་གནས་སུ། །བླ་མ་ལི་ཤུ་སྟག་རིང་ལ་གསོལ་བ་འདེབས། །ལུང་གི་ཡོན་ཏན་རྫོགས་པར་བྱིན་གྱིས་རློབས། །ཅེས་དང་། ཡང་རྫོགས་པ་ཆེན་པོ་ཡང་རྩེ་ཀློང་ཆེན་ལས། བྲག་དཀར་གནས་སུ་དངོས་གྲུབ་རྣམ་གཉིས་ཐོབ་ཞེས་དང་། དེ་ཉིད་ལས། ཧཱུྃ་སྔོན་དང་སྔོན་གྱི་དུས་ཙམ་ན། །བྲག་དཀར་རྩེ་རྫོང་སྒྲུབ་གནས་སུ། །བླ་མ་ལི་ཤུ་སྟག་རིངས་ཀྱིས། །ཡི་དམ་ལྷ་མཆོག་ཞལ་ཡང་གཟིགས། །དུར་ཁྲོད་མ་མོ་སྲུང་མ་རྣམས། །བསྟན་པ་སྲུང་ཞིང་བྱ་ར་མཛད། །ཅེས་སོ། སྐལ་བཟང་མགྲིན་རྒྱན་ལས། སྙ་ཆེན་ལི་ཤུ་པད་སྡོང་ལས་འཁྲུངས་ཤིང་། །ཤེལ་གྱི་བྲག་དཀར་རྩེ་རྫོང་རིར་བསྒྲུབ་ནས། །བྲག་རི་ལྗུར་ཕུད་འཇའ་ཚོན་སྤྲིན་ལ་ཆིབས། །རྫུ་འཕྲུལ་རྩལ་འཆང་ཕྱག་རྒྱ་ཆེན་པོར་བཞུགས། །ཞེས་རྒྱ་ཆེན་གསུངས་པས་སོ། ། འདིར་ཤེལ་གྱི་བྲག་དཀར་རྩེ་རྫོང་ནི། བླ་མ་ལི་ཤུའི་སྒྲུབ་གནས་དང་དམིགས་བསལ་གྱི་ཡོན་ཏན། དེ་ཡི་རྗེས་སུ་འཇུག་པའི་དགོས་པ་དང་དམིགས་ཡུལ་སོགས་ཆ་ཚང་བར་བསྟན་ཡོད། ཕུག་པ་དེའི་བཀོད་པ་ནི་རང་འབྱུང་ཤེལ་གྱི་ཀ་བ་སྤྱིར་ཁང་བའི་ཀ་ཚད་ཙམ་གཉིས་ཀྱིས་སྒྲུབ་ཕུག་གི་དཀྱིལ་ནས་བཏེག་པའི་ཚུལ་དུ་གནས་ཡོད་ལ། དེའི་མཐའ་སྐོར་དུ་ཀ་ཕྲན་བརྒྱ་ཕྲག་ཙམ་ཡོད། དེ་ནས་རིམ་པར་རི་དེའི་གཤམ་དུ་ཞང་ཞུང་ནས་བོད་འདིར་དར་ཁྱབ་བྱུང་བའི་རིག་གནས་རྒྱུན་འཛིན་གྱི་འདུས་སྡེ་ཆགས་ཏེ་གནས་མུས་ལ་ཕལ་ཆེར་སྤྱི་ལོའི་དུས་རབས་བཅོ་བརྒྱད་ཡས་མས་ལ་སོག་པོའི་དམག་གིས་གཏོར་བརླགས་བཏང་སྟེ་ད་བར་སྐབས་འགར་སྒྲུབ་ཕུག་ཏུ་མཚམས་བྱེད་མཁན་ཙམ་ལས་མེད་པར་ལུས་ཡོད། ད་ལྟའི་སྣང་ཚུལ་ལ་རང་འབྱུང་ཤེལ་ཕུག་གིས་ཉམས་བཟང་ལྷག་ཏུ་འབར་ན་ཡང་། རི་གཤམ་དུ་གནའ་བོའི་མཁར་ཤུལ་ཙམ་ལས་ཉམས་ཞིག་སླར་གསོ་ཐུབ་མེད་ལ། ཞང་ཞུང་རིག་གནས་པ་རྣམས་ཀྱིས་ཀྱང་དོ་སྣང་བྱ་ཡུལ་དུ་ཤེས་ཏེ་ལྷ་སའི་ཁུལ་འདིར་ཕྱོགས་གཞན་ནས་ཕེབས་པའི་གནས་མཇལ་བ་ཕལ་ཆེར་ཞིག་དང་། ལྷ་སར་གནས་སྡོད་མང་ཚོགས་སྟོང་ཕྲག་དུ་མས་ལོ་སར་སོགས་ཀྱི་སྐབས་སུ་བོད་མི་རིགས་ཀྱི་དམངས་སྲོལ་ལྟར་བསང་མཆོད་འབུལ་བ་དང་རླུང་རྟ་སྒྲོན་པ་སོགས་བྱེད་བཞིན་པ་བཅས་སོ། གཞན་ཡང་ཞང་ཞུང་རིག་གནས་ཞིབ་འཇུག་བྱ་ཡུལ་གྱི་ཆ་ནས་བཤད་ན། བོད་ཀྱི་སྟོད་སྨད་བར་གསུམ་གང་སར་དོ་སྣང་མང་ནའང་། སྔོན་ཆད་ཞང་ཞུང་དབུས་ཀྱི་རྒྱལ་ས་ཁྱུང་ལུང་དངུལ་མཁར་གྱི་སྐོར་དང་། ཀོང་པོ་ཉིང་ཁྲིའི་ཁུལ། བྲག་དཀར་རྩེ་རྫོང་སོགས། གལ་ཆེའི་ལོ་རྒྱུས་ཀྱི་རིན་ཐང་བླ་ན་མེད་པ་ཞིག་ཏུ་མཐོང་ལ། ཆེས་སྔ་བའི་ཞང་ཞུང་རིག་གནས་ཆེད་ལས་མཁས་ཅན་མི་སྣ་ཞིག་གི་ཆ་ནས་བཤད་ནའང་། བླ་མ་ལི་ཤུ་སྟག་རིང་ཉིད་ལ་བློ་ཁ་ཞིག་སྐོར་ནས་ཞིབ་འཇུག་ཡོད་པ་འཚལ་ཞེས་ནན་ཏན་གྱི་ཚུལ་དུ་སྨྲའོ། །
སྨྲས་པ།
སྔོན་ཆད་མེས་པོའི་ཤེས་རིག་འོ་མཚོའི་ཀློང་། །
རིག་པའི་སྒོ་མོ་འབུམ་ཕྱེས་བསྲུབས་པའི་བཅུད། །
ཞང་ཞུང་སྲིད་པའི་དཔལ་གཡང་བཞེས་དུས་སུ། །
དུས་གསུམ་མི་ནུབ་རྒྱལ་མཚན་རྩེ་རུ་ཆིབ། །
ས་གསུམ་འགྲན་བྲལ་བོན་བསྟན་མདོ་སྔགས་ཀྱི། །
བསླབ་གསུམ་བདེ་ཆེན་འཛིན་པའི་གྲགས་པ་འབར། །
གསང་གསུམ་དབང་བཞིའི་མེ་ཏོག་རྒྱས་པའི་གླིང་། །
མཁྱེན་གསུམ་མཁས་དབང་གྲགས་པ་འབར་གྱུར་ཅིག །
དེ་ལྟར་རིག་གནས་བང་མཛོད་སྒོ་འབྱེད་ཡང་། །
རིག་པའི་བུ་ཆུང་དུས་འདིར་ཡོད་རེ་ཀན། །
གངས་ཅན་ལྗོངས་འདི་མཁས་མང་ཡོད་དོ་ལྕོག །
འདི་འབད་ལྷག་བསམ་རྣམ་དག་སྒོ་ནས་བཤགས། །
ཅེས་པ་ཤེལ་གྱི་བྲག་དཀར་རྩེ་རྫོང་གི་ལོ་རྒྱུས་ཟླ་བའི་འཛུམ་མདངས་ཞེས་པ་འདི་དངོས་ཐོག་བདེན་འཚོལ་དང་ལོ་རྒྱུས་ཁུངས་བཙུན་ཡོད་པ་མ་ཟད། འཛམ་གླིང་གོ་ལའི་ཐོག་ཏུའང་ཞང་ཞུང་བོན་གྱི་རིག་གནས་དང་ལོ་རྒྱུས་ལ་དོ་སྣང་དང་འཕེལ་རྒྱས་ཡོད་ལ་སྤྱི་ཚོགས་ཐོག་ཏུ་རྩ་ཆེའི་རིག་དངོས་ཞིག་ཏུ་བསམ་ནས་གཡུང་དྲུང་རྣམ་དག་གི་རྩ་ཚིགས་འདི་ལ་གཞི་བཅོལ་ནས་ཐོས་ཆུང་ཚུལ་ཁྲིམ་བསྟན་པས་ཅུང་ཙམ་རྒྱས་ཁུལ་བྱས་ཏེ་འབྱུང་ལྡན་ཟླ་ཐིག་རྩེ་མོའི་ས་བྱི་ལོའི་སྟོན་ཟླ་འབྲིང་པོའི་དཀར་ཕྱོགས་དགེ་བའི་ཉིན་ལ་རྫོགས་པར་བྲིས། །བཀྲ་ཤིས་སོ། །