གནས་ཆེན་མཁའ་འགྲོ་འུག་གདོང་ཆེན་མོའི་བཀའ་བློན་དྲག་རྩལ་གནས་བདག་སྟག་པོའི་མཚམས་སྦྱོར་གནད་བསྡུས་བཞུགས།
དེ་ཡང་མ་རྒྱུད་གནས་ཆེན་ཉེ་ལྔའི་ནང་ཚན་རྒྱ་ནག་གནས་ཆེན་མཁའ་འགྲོ་ལྔའི་ཡ་གྱལ། མཁའ་འགྲོ་འུག་གདོང་ཆེན་མོ་ནི། བོད་མདོ་ཁམས་གསུམ་གྱི་ནང་ནས་མདོ་སྨད་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཟིང་ཆུ་རྫོང་གནས་ཆེན་ཤར་དུང་རིའི་གཡོན་ཕྱོགས་སུ་བྱང་བྱ་དུར་དུ་གྲགས་པའི་གནས་མཆོག་དེར་ཡོད་ལ། གནས་ཆེན་མཁའ་འགྲོ་འུག་གདོང་ཆེན་མོའི་བཀའ་བློན་ནང་ཚན་གནས་བདག་སྟག་པོ་ནི། མདོ་སྨད་འཕགས་པ་རྣམ་གསུམ་གྱི་ཡ་གྱལ་སྣང་ཞིག་དོ་འཕགས་ཆེན་པོའི་གདན་ས་སྣང་ཞིག་དངུལ་སྐུ་དགོན་གྱི་གནས་བདག་ཡིན་ལ། དེ་ཡང་རྟོགས་ལྡན་རྒྱལ་བ་དབང་ལྡན་མཆོག་གི་ཞལ་ནས། རྒྱ་ནག་གནས་ཆེན་མཁའ་འགྲོ་ལྔ། །མཁའ་འགྲོ་འུག་གདོང་ཆེན་མོ་ལ། །བཀའ་བློན་ཆེན་པོ་དྲག་རྩལ་ཅན། །གཞི་བདག་སྟག་པོ་ཞེས་བྱ་བ། །ཞེས་དང་། སྣང་ཞིག་བླ་མ་བསྟན་པ་ཚུལ་ཁྲིམས་ཀྱི་ཞལ་ནས། སྟག་པོ་གཉན་ཆེན་ཡུལ་ས་རྗེ། །རབ་མཛེས་བརྗིད་པའི་མི་ཕོ་ལ། །དབུ་ལ་དངུལ་དཀར་རྨོག་ཞུ་གསོལ། །སྐུ་ལ་དར་དམར་བེར་ཆེན་མནབས། །ཕྱག་གཡས་མདུང་དར་དཀར་པོ་བསྣམས། །གཡོན་པས་གསེར་གྱི་གཡུང་དྲུང་འཛིན། །ཆིབས་སུ་རག་པ་སྟག་ལ་བཅིབས། །ཞེས་དང་རྟོགས་ལྡན་ཡོན་ཏན་ཕུན་ཚོགས་ཀྱིས། འཁོར་དུ་ཡུལ་ས་གཞི་བདག་ལྷ་ཀླུ་གཉན་དམག་སྟོང་གིས་བསྐོར་བར། ཅེས་སོགས་བླ་མ་གོང་མ་དུ་མས་བསྟོད་གཞུང་མང་བོ་མཛད་ཡོད་ལ།
གནས་བདག་ཆེན་པོའི་རི་དེའི་ངོས་ལ་སྟེང་དུ་གཡའ་རི་གངས་བྲག་གིས་བརྒྱན་པ། བར་དུ་ལྗོན་ཤིང་ནགས་ཚལ་དང་རྩི་ཤིང་སྟོང་ཕྲག་གིས་བསྐོར་བ་དང་། རིན་ཆེན་སྨན་གྱི་རིགས་བསམ་གྱིས་མི་ཁྱབ་པ་སྐྱེས་ཡོད་པ་མ་ཟད། རི་དྭགས་གཡུང་དྭགས་ཀྱི་རིགས་དང་། གཅན་གཟན་བྱ་རྒོད་ཀྱི་རིགས། ཚངས་པའི་དབྱངས་སྙན་གྱིས་ཕྱུག་པའི་བྱ་བྱེའུ་སྣ་མ་སྣ་ཚོགས་ཀྱིས་ལྡིང་བསྐོར་བྱེད་པ་དང་གསུང་དབྱངས་བསྒྲོགས་པ། ཕྱོགས་བཞི་ལ་གནས་ཆེན་སྣ་ཚོགས་ཀྱིས་བསྐོར་བ་དེ། ཤར་དུ་གནས་ཆེན་དུང་རི་དཀར་པོ་དང་། རིན་སྤུངས་གནས་བདག་ཁྱུང་རྒོད། བྱང་དུ་གནས་ཆེན་བྱ་དུར་དང་མཁའ་འགྲོ་འུག་གདོང་ཆེན་མོ། སྐྱང་ཚང་གནས་བདག་བདུད་གཞོམ་ཆེན་མོ། ནུབ་ཏུ་སྐྱབས་མགོན་ཟླ་བ་རྒྱལ་མཚན་རིན་པོ་ཆེ་འཁྲུངས་གནས་ཁྲ་ཆེན་དང་ཁྲ་ཆུང་གནས་རི་རྩ་ཆེན། ལྷོ་རུ་གཙོ་ཚང་གནས་བདག་བར་རོང་རྒོད་པོ་སྤུན་གསུམ་དང་ལྕགས་མདུད་གནས་བདག་ཨ་གླིང་བྲག་དཀར་ཆེན་མོ་སོགས་ཀྱིས་བསྐོར་ཡོད་ལ། དེ་བཞིན་ཕྱོགས་བཞི་ལ་འཁོར་གྱི་ཚུལ་དུ་གཞི་བདག་དྲག་རྩལ་ཅན་བཞི་ཡོད་པ་དེ། ཤར་གཉན་ཆེན་གུ་ཡུག་བྲག་རྒན་དང་། བྱང་གཉན་ཆེན་དགུ་བཟང་། ནུབ་ཆུ་ཕྱར་མི་དམར་རྟ་དམར། ལྷོ་རི་སྨིན་ཕྱུག་མོ་སོགས་ཡོད་པ་ལ། དེ་ལྟར་གཞི་བདག་བཞི་བོ་ལ་ཡང་གྲོང་སྡེ་ཆེན་པོ་རེ་རེ་ཡོད་དེ། ཤར་གུ་ཡུག་གཉན་ཆེན་གྲོང་སྡེ་ལྔ་ཡོད་པ་ལས། དེ་རེ་རེ་ལ་ཡང་གནས་བདག་གསོལ་སའི་ལབ་ཙེའམ་ལ་བཙས་རེ་རེ་ཡོད་པས། ཆོས་ཡག་གྲོང་སྡེ་ལ་སྲིད་རྒྱལ་ལབ་ཙེ། འཁོར་རྗེ་གྲོང་སྡེ་ལ་བྱམས་མ་ལབ་ཙེ། རྒྱལ་འཕེན་གྲོང་སྡེ་ལ་སྟག་ཀ་ལབ་ཙེ། བོན་འབྲུ་གྲོང་སྡེ་གསས་མཁར་ལབ་ཙེ། ན་གཙང་གྲོང་སྡེ་ལ་བྱ་གདུང་ལབ་ཙེ་བཅས་ཡོད་པ་མ་ཟད། ཚོ་ལྔའམ་གྲོང་སྡེ་ལྔ་བོ་ལྷན་གྱི་ལབ་ཙེ་སྟེ། བྲག་དགོན་དགྲ་འདུལ་ལབ་ཙེ་སོགས་ཡོད་ཅིང་། བྲག་དགོན་དགྲ་འདུལ་ཞེས་པའི་གནས་བདག་རི་དེ་ཡང་སྨན་སྣ་མ་སྣ་ཚོགས་ཀྱི་སྐྱེས་ཡོད་ལ། མཁན་ཤུག་བ་ལུ་ཡི་དྲི་བཟང་དྲོ་བ། རྩི་ཤིང་ནགས་ཚལ་གྱིས་ཕྱོགས་སུ་བརྒྱན་ཅིང་།མཁའ་ལ་བྱ་རིགས་སྣ་ཚོགས་ཀྱིས་དབྱངས་སུ་བསྒྲོགས་པ། གྲུབ་ཐོབ་བླ་མ་གང་མང་གི་སྒྲུབ་ཕུག་ཡོད་ལ་རིག་འཛིན་སྐྱང་འཕགས་ཆེན་པོའི་དྲེལ་རྗེས་སོགས་བཀའ་རྟགས་མང་བ་དང་། བྱང་གཉན་ཆེན་དགུ་བཟང་ལ་གྲོང་སྡེ་གཉིས་ཡོད་པ་དེ། ཧ་འཕེན་གྲོང་སྡེའི་ལབ་ཙེ་དང་། མཚོ་འཕེན་གྲོང་སྡེའི་ལབ་ཙེ་སོགས་ཡོད།
ནུབ་ཆུ་ཕྱར་ལ་བལྟ་ན་སྡུག་པའི་གསེར་མཚོ་དང་། རི་འགོ་ལ་གཡའ་མས་བརྒྱན་པ། རི་སྐེད་ལ་རྩི་ཤིང་ནགས་ཚལ་སྣ་ཚོགས་དང་། རི་མདོ་ལ་མཛེས་པའི་སྤང་ལྗོངས། ལི་མ་ལྡིང་ཀ། བྲག་ལ་གཡུང་དྲུང་རང་བྱོན། བྲག་སྟེང་དུ་བླ་མ་སྣང་ཞིག་ཚང་གི་ལབ་ཙེ། ལྷོ་རི་སྨིན་ཕྱུག་མོ་ལ་གསེར་ཟངས་དམར་དངུལ་གྱི་གཏེར་རྫས་ཡོད་པ། རི་མགོ་ལ་གཡའ་རི་གངས་བྲག་དང་། རི་སྐེད་ལ་ནགས་ཚལ་གྱིས་གང་བ། སྨན་སྣ་ཚོགས། བྱ་རིགས། གཅན་གཟན་རིགས། རི་དྭགས། གཡུང་དྭགས་སོགས་སེམས་ཅན་རིགས་བརྒྱ་ཕྲག་ཡོད། རི་མཆོག་དེའི་མདོ་ལ་གྲོང་སྡེ་སྡོང་སྤེལ་ཞེས་པའི་གྲོང་སྡེ་ཆེན་མོ་ཞིག་ཡོད། ད་དུང་རི་དེ་ལ་སྡོང་སྤེལ་གྲོང་སྡེའི་ལབ་ཙེ་དྲག་རྩལ་སྙིང་བོ་ཞེས་ཡོད་ལ། དྭངས་གཙང་ལྷུང་ལྷུང་གི་འབབ་ཆུ་དེས་ནད་རིགས་བད་ཀན་དང་མཁྲིས་པ་ལ་ལྷག་པར་དུ་ཕན་འབྲས་ཆེ་ཞེས་བཤད།
སྐྱབས་མགོན་འཁྲུངས་གནས་ཁྲ་ཆེན་ལུང་བ།
ཁྲ་ཆེན་ལབ་ཙེ།
སྡོང་སྤེལ་གྲོང་སྡེའི་སྡེ་དཔོན་ནས་ཁྲ་ཆེན་ལུང་བའི་བར་དོ་སོགས་ངོ་སྤྲོད་གནང་བ།
སྐྱབས་མགོན་འཁྲུངས་གནས་ཁྲ་ཆེན་ལུང་བ་ནས་དྲན་རྟེན་གྱི་འདྲ་པར་བླངས་པ།
༼སྣང་ཞིག་མཆོག་སྤྲུལ་སྐུ་ཤེས་འོད་ཟེར་རྒྱལ་དང་སྡོང་སྤེལ་གྲོང་སྡེའི་དཔོན་རྣམ་གཉིས་དང་གུས་པ་བཅས།༽
དེ་བཞིན་ཁྲ་ཆེན་དང་ཁྲ་ཆུང་ཞེས་པའི་གཉན་ཆེན་དེ་ལ་སྐྱབས་མགོན་ཟླ་བ་རྒྱལ་མཚན་རིན་པོ་ཆེ་འཁྲུངས་གནས་ཡིན་པ་མ་ཟད་སྐྱབས་མགོན་རིན་པོ་ཆེའི་སྒྲུབ་ཕུག་དང་བར་དོ་སོགས་དེང་གི་ཆ་ལ་ཡང་མཇལ་རྒྱུ་སོགས་ཡོད་ལ། དེ་ལ་ཁྲ་ཆེན་ལབ་ཙེ་ཡོད་ལ། སྟེང་དུ་རྩི་ཤིང་སྣ་ཚོགས་དང་། བྱ་རིགས་དུ་མ་ཡོད་ཅིང་། མདུན་དུ་ཁྲི་སྨིན་གྲོང་སྡེ་སོགས་གྲོང་སྡེ་དུ་མ་ཡོད་ལ། གྲོང་སྡེ་དེ་དག་ལ་ལབ་ཙེ་རེ་རེ་ཡོད་པ་དེ་ཁྲི་སྨིན་སྲིད་རྒྱལ་ལབ་ཙེ། ལམ་ལུང་དགྲ་འདུལ་ལབ་ཙེ། བྲག་མཁར་གསས་མཁར་ལབ་ཙེ། ཀ་ཡིད་ཛམ་ལྷ་ལབ་ཙེ། བོ་རི་གཡུང་དྲུང་ལབ་ཙེ། བར་མར་འདོད་དགུ་ལབ་ཙེ། ཨ་བཙན་ཕུན་ཚོགས་ལྷ་རི་དར་འཛིན་དང་བྱམས་མ་ལབ་ཙེ་གཉིས་དང་། ཡར་ཤོར་བྱིས་པ་སྟོབས་ལྡན་ལབ་ཙེ། ལྟག་མཐུས་དྲག་རྩལ་ལབ་ཙེ། ཧ་སྨིན་དྲ་ནག་རྣམ་རྒྱལ་ལབ་ཙེ། དབང་བསྡུས་ལབ་ཙེ། སྒ་ཉག་བདེ་འགྲོ་ལབ་ཙེ། ཏིག་ལོ་དབང་ཕྱུག་ལབ་ཙེ། ཁ་ལྟག་ཐང་བཟང་ལབ་ཙེ། འབྲུག་སྐྱིད་གསས་མཁར་ལབ་ཙེ། ལྕགས་རི་ཡུལ་བཟང་ལབ་ཙེ། སྤང་བཟང་དགྲ་འདུལ་ལབ་ཙེ། འདོད་དགུ་བསམ་འཕེལ་ལབ་ཙེ་སོགས་གནས་བདག་ཆེན་པོའི་སྟག་པོའི་འཁོར་གྱི་ཚུལ་དུ་ཕྱོགས་ཀྱིས་བརྒྱན་ཞིང་། གནས་བདག་སྟག་པོ་ལ་སྒྲུབ་གཞུང་ཆ་ཚང་ཡོད་པ་མ་ཟད། འཁོར་གྱི་ལབ་ཙེ་རེ་རེ་ལ་ཡང་གྲུབ་ཆེན་བླ་མ་སྐྱེས་ཆེན་རྣམས་ཀྱིས་གསུངས་པའི་བསང་མཆོད་རེ་རེ་དང་། གསོལ་ཁ། མངའ་གསོལ་སོགས་ཡོད་དོ། །དེ་བཞིན་གནས་བདག་ཆེན་པོའི་སྟག་པོའི་གཡས་གཡོན་ཕྱོགས་དང་ཕྱོགས་སུ་རིག་འཛིན་གོང་མའི་སྒྲུབ་ཕུག་ཁྱད་པར་ཅན་དང་། བར་དོ་སྣ་ཚོགས། བཀའ་རྟགས་ཕྱག་རྗེས་ཞབས་རྗེས་དང་། ཡིག་འབྲུ་རང་བྱོན་སོགས་ཡོད་ལ།
ཁྱད་པར་དུ་གནས་བདག་གི་རི་སྐེད་དུ་སྣང་ཞིག་ཨ་ཏོ་རིན་པོ་ཆེའི་འཚམས་ཁང་ངམ་རི་ཁྲོད་དེར་ཨ་ཏོ་རིན་པོ་ཆེ་དངོས་སུ་བཞུགས་ནས་ཁོང་གི་སློབ་མ་ཟིང་ཆུ་ཁོག་གཙོས་པའི་ཕྱོགས་སོ་སོ་ཕེབས་པའི་ཁོང་གི་སློབ་མ་བཅུ་ཕྲག་ལོ་ངོ་དུ་མའི་རིང་དུ་གཙོ་བོ་སྒྲུབ་པའི་བསྟན་པའི་སྐྱོང་ནས་བཞུགས་གནས་ཁྱད་པར་ཅན་དེ་དང་། ཞང་ཞུང་རྫོགས་ཆེན་རྣལ་འབྱོར་བ་ཆེན་མོ་ལྡོང་སྒོམ་བསྟན་པ་ལྷུན་གྲུབ་མཆོག་གི་ཐོག་ལྕགས་བཟུང་སའི་གནས་ཕུག་ཁྱད་པར་ཅན། ལྷག་པར་དུ་གཡས་སུ་སྐྱབས་མགོན་ཟླ་བ་རྒྱལ་མཚན་འཁྲུངས་གནས་ཁྱད་པར་ཅན་ཁྲ་ཆེན་ལུང་ཆེན་དུ་དེང་གི་ཆ་ལ་ཡང་ཉིན་བཟང་སྐར་བཟང་སོགས་སུ་ཐུན་མོང་མ་ཡིན་པའི་རྔ་གཤང་དུང་གླིང་གི་དབྱངས་བསྒྲོགས་པ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་བོན་ཡོངས་ཀྱིས་བརྒྱན་ནོ། །
མདུན་དུ་མདོ་སྨད་འཕགས་པ་གསུམ་གྱི་ནང་ཚན་སྣང་ཞིག་དོ་འཕགས་ཆེན་པོའི་གདན་ས་ཁྱད་པར་ཅན་སྣང་ཞིག་དངུལ་སྐུ་དགོན་དུ་སྐྱབས་མགོན་ཟླ་བ་རྒྱལ་མཚན་དང་། ལྡོང་སྒོམ་བསྟན་པ་ལྷུན་གྲུབ། རྟོགས་ལྡན་རི་བ་འབྲུག་གསས་སོགས་རིག་འཛིན་གོང་མ་དུ་མ་འཁྲུངས་གནས་ཁྱད་པར་བ་ཡིན། དེང་གི་ཆ་ལ་མཚོན་ན་ཡང་གནས་བདག་འདི་ཉིད་སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་གཙོས་པའི་སྣང་ཞིག་དངུལ་སྐུ་དགོན་པའི་བདག་སྐྱོང་ལེགས་པ་གནང་དང་གནང་བཞིན་པ་མ་ཟད། སྲུང་སྐྱོབ་ཀྱི་ཆེད་དུའང་དཀའ་ཁག་དུ་མར་བརྒྱུད་དེ་ད་ལྟ་ལ་ཡང་སྲུང་སྐྱོབ་གལ་ཆེན་བྱེད་དང་བྱེད་བཞིན་པ་ལགས།
ལོ་ངོ་བརྒྱ་ཕྲག་དུ་མའི་སྔ་རོལ་ནས་གནས་བདག་འདི་ནི་ཤར་ཁོག་གི་མི་དམངས་རྣམས་ཀྱིས་དུས་རྒྱུན་གླེང་དང་གླེང་བཞིན་པའི་གནས་བདག་བཙན་པོ་དང་གལ་ཆེན་ཞིག་ཏུ་ངོས་འཛིན་པ་དང་། དེ་ནས་ཤིང་སྡོང་གཅོད་པ་དང་། ས་རྐོ་རྡོ་སློག་བྱེད་པ་ལའང་སྐྲག་སྣང་བྱེད་ཅིང་། ཡུལ་ལུང་གི་དམངས་སྲོལ་རིག་གནས་ཏེ་གནས་བདག་གི་རྩི་ཤིང་དང་ལྗོན་པ་རྣམས་ཚེ་ཐར་གཏོང་བའི་ལུགས་སྲོལ་དར་བ་མ་ཟད་དེང་གི་དུས་སུའང་དེ་བཞིན་བྱེད་པ་དང་། གནས་བདག་དེ་ལ་གནས་པའི་བྱ་གཅན་རི་གཡུང་རྣམས་ཀྱང་བསད་སྲོལ་མེད་པ་མ་ཟད་སེམས་ཅན་དེ་དག་འཛིན་བཟུང་བསད་མཁན་གྱི་རྔོན་པ་སོགས་སྔོན་འགོག་དང་དེ་རིགས་བྱུང་ཚེར་ཉེས་ཆད་གཏོང་བའི་ལུགས་སམ་དམངས་ཚོགས་རྣམས་ཀྱིས་གནས་བདག་རི་དེ་ལ་ཡོད་པའི་དབུགས་ལྡན་སེམས་ཅན་དང་དབུགས་མེད་སེམས་ཅན་ཚང་མ་ལ་བརྩི་བསྲུང་དང་གུས་བཀུར་སོགས་བྱེད་དང་བྱེད་བཞིན་པ་ལགས་སོ། །ཞེས་ཨ་ཚེ་རིང་སོགས་ནས་འདི་འདྲ་དགོས་ཞེས་གསུངས་པར་མ་ལྡོག་ཙམ་དུ་གུས་རིན་སྤུངས་ཚུལ་བསྟན་གྱིས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་སྦྱར་བའོ། །