ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> དགོན་སྡེ་རི་ཁྲོད། >> དཔལ་ལྡན་གཡས་རུ་མཁར་སྣ་དགོན།
དཔལ་ལྡན་གཡས་རུ་མཁར་སྣ་དགོན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དབྲ་ཁྱུང་སྐལ་བཟང་ནོར་བུ།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

 

ཟག་མེད་མཁྱེན་བརྩེ་ཕན་བདེའི་འོད་སྟོང་གིས། །
བདག་བློའི་ཐུན་གསུམ་དྲྭ་བ་བཀྲལ་བྱས་ཏེ། །
བཅུ་ཕྲག་རིག་པའི་འདབ་བརྒྱ་གྲོལ་བའི་དབུས། །
རིག་གྲོལ་ཡོན་ཏན་སྩོལ་ཤིག་ལྷག་པའི་ལྷ། ། 

ཕྱི་ལྟར་ཤེས་བྱའི་གནས་ལུགས་ཇི་བཞིན་མངོན་གསུམ་གཟིགས། །
ནང་ལྟར་རབ་མང་བཅུ་ཕྲག་རིག་པའི་བང་མཛོད་འཆང་། །
གསང་བ་གཡུང་དྲུང་སྐུར་བརྙེས་ཡང་གསང་རྗེ་བླ་མ། །
ཙི་ཏ་འོད་ལྔའི་གུར་དུ་འབྲལ་མེད་བཞུགས་ཤིག་ཀྱེེ། །

ཚང་ཚིང་གཡུ་ལོའི་རྒྱན་གྱིས་རབ་མཛེས་པའི། །
ངོ་མཚར་ལྷ་ཡི་གྲོང་གི་དུམ་བུ་རུ། །
ཆད་འདྲའི་རྨད་བྱུང་དཔལ་ལྡན་མཁར་སྣའི་གླིང་། །
མཐོང་བྱེད་ཡུལ་དུ་གྱུར་བ་སྐལ་བ་བཟང་། །

གངས་ལྗོངས་མར་ཞི་དགའ་མའི་ལྷུམ་ངོས་སུ། །
གྱེར་བསྟན་འདབ་བརྒྱས་མགྲོན་དུ་བསུས་པའི་མོད། །
རྨད་བྱུང་དཔལ་ལྡན་མཁར་སྣ་དགོན་འདི་ཡི། །
ལོ་རྒྱུས་ཟུར་ཙམ་སྤྲོ་ལ་གནང་བ་སྩོལ། །


      ཞེས་མཆོད་བརྗོད་མན་ངྷ་ར་བས་མདུན་བསུས་ཏེ། སྐབས་སུ་གླེང་བར་བྱ་བ་ནི། སྔ་རབས་ཀྱི་ལོ་རྒྱུས་ཁུངས་དག་འབྲེལ་བའི་བོན་གྱི་རྩ་བའི་གྲྭ་ས་ཡ་བཞི་ཟུང་བརྒྱད་དང་། གདན་ས་རྣམ་གསུམ་ཞེས་གྲགས་དཀར་ཕྱོགས་ཀུན་ཏུ་ཁྱབ་པའི་ནང་ཚན་གདན་ས་ཆེན་པོ་དཔལ་ལྡན་མཁར་སྣ་དགོན་གྱི་ལོ་རྒྱུས་དྭངས་གཙང་གི་རྒྱུན་བཞིན་གནས་ལགས་ནའང་ཁོ་བོའི་བགོ་སྐལ་རྩྭ་མཆོག་གི་ཟིལ་བ་ཙམ་ལས་མ་མཆིས་ཀྱང་། ཀུན་སློང་རྣམ་པར་དག་པའི་སྒོ་ནས་གླེང་བར་བྱ་བ་ལ། དེ་ཡང་བསྟན་པར་རྣམ་པར་དག་པ་ལ་བྱུང་ཁུངས་སྟོན་པ་རྣམ་པར་དག་དགོས་ཞེས་པ་བཞིན། གཡས་རུ་མཁར་སྣ་དཔལ་གྱི་དགོན་གནས་འདི་ཉིད། སྔོན་བདག་ཅག་གི་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཁ་བའི་ལྗོངས་འདིར་ཞབས་བཅག་གནང་སྐབས་བྱིན་གྱིས་བརླབས་པའི་གནས་ཞིག་སྟེ། རྫུ་འཕྲུལ་གྱི་ཞབས་རྗེས་དང་བཀའ་རྟགས་རང་བྱོན་དུ་མ་བཞུགས་ཡོད། གཞན་ཡང་འདུ་གནས་སོ་བདུན་གྱི་ནང་ཚན་བྲུད་ཀྱི་མཁར་ལྡོང་ཞེས་འབོད་ལ། སྔ་དར་རིག་འཛིན་གྲུབ་ཆེན་བརྒྱད་ཅུའི་སྒྲུབ་ཕུག་དང་། ལྷག་ཏུ་བླ་ཆེན་དྲན་པ་ནམ་མཁའ་དང་ཚེ་དབང་རིག་འཛིན་རྣམས་ཀྱིས་བསྟན་པ་སྤེལ་བའི་གཙོ་གནས་ཀྱང་ཡིན། དེ་ཡི་དུས་སུ་འདུས་སྡེ་ཤིན་ཏུ་རྒྱ་ཆེ་ལ་མདོ་སྔགས་ཟུང་འབྲེལ་གྱི་གཡུང་དྲུང་བོན་འདི་ཉིད་ཕྱོགས་ཀུན་ཏུ་དར་བར་གྱུར། བར་སྐབས་སུ་སེམས་ཅན་རྣམས་བསོད་ནམས་མར་འགྲིབ་དང་འགལ་རྐྱེན་སྣ་ཚོགས་ཀྱི་ལམ་ནས། བསྟན་པ་འདི་ཉིད་ཉམས་གུད་ཆེན་པོར་གྱུར། ད་ལྟ་ཡང་སྔོན་མའི་དགོན་སྡེའི་ཆགས་ཤུལ་ལ་གཞིགས་ན་ཤིན་ཏུ་རྒྱ་ཆེན་པོར་ཡོད་པ་མངོན་སུམ་གྱི་མཐོང་ཡུལ་དུ་གྱུར།
      བསྟན་པ་ཕྱི་དར་གྱི་སྐབས་སུ། གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་རིང་ལ། དགོན་སྡེ་འདི་ཉིད་དམིགས་བསལ་གྱི་གསར་དུ་མ་སྐྲུན་ཀྱང་། རྟག་ཏུ་རབ་འབྱམས་པ་རྣམས་ལྟ་བ་གཅིག་ཆོད་ཀྱི་ཉམས་ལེན། ཡི་དམ་གསས་མཁར་མཆོག་ལྔའི་བསྙེན་སྒྲུབ་བྱེད་མཁན་རྒྱུན་དུ་གནས་ཡོད། ཕྱིས་དུས་རབས་བཅུ་དགུ་བའི་ནང་། རང་ཅག་སྐྱེ་རྒུ་རྣམས་ཀྱི་བསོད་སྐལ་དུ་མངོན་པར་སྤྲུལ་པ། རྒྱལ་བ་གཉིས་པའི་ཁྲི་རབས་ཉེར་ལྔ་པ་འགྲོ་མགོན་ཤེས་རབ་གཡུང་དྲུང་དཔལ་བཟང་པོ་ཞེས་མཚན་སྙན་སྲིད་པ་གསུམ་དུ་ཡོངས་སུ་གྲགས་པའི་སྐྱེས་བུ་དམ་པ་དེ་ཉིད། བསླབ་གསུམ་ངུར་སྨྲིག་འཛིན་པའི་སྐུར་བསྟན་ཏེ། འཕྲུལ་ངག་བསྟན་པའི་ཉིན་བྱེད་ཕྱོགས་བཅུར་སྤེལ་ནས། གདུལ་བྱ་རྣམས་སྐྱོངས་བར་མཛད་པ་འདི་ཉིད་ཀྱིས་དཔལ་ལྡན་མཁར་སྣ་བསམ་གཏན་གླིང་དགོན་དུས་རབས་བཅུ་དགུའི་ནང་ཕྱག་བཏབས་པའམ་གསར་བསྐྲུན་གནང་བ་ཡིན་ནོ། ། 

སྐུ་གསུམ་བླ་མའི་རྣམ་ཐར་མཐའ་ཀླས་པ། །
སྐལ་དམན་སོ་སྐྱེའི་ཡུལ་ལ་རིང་སོང་ཡང་། །
ཕྱོགས་རེ་སྣང་བའི་རྣམ་རོལ་ཆུ་ཟླའི་གར། །
ཐུན་གསུམ་གཞིར་བའི་གྲོས་སུ་འདེབས་ལ་སྤྲོ། །  

      ཞེས་མཆོད་བརྗོད་ཀྱིས་མདུན་ནས་བསུས་ཏེ། དམ་པ་འདི་ཡི་ལོ་རྒྱུས་ཟུར་ཙམ་བརྗོད་ན། འཁྲུངས་ཡུལ་ནི་གངས་ཅན་བོད་ཀྱི་ཤར་ཕྱོགས། མདོ་ཁམས་སྨད་ཀྱི་ཡུལ་གྲུ། སྐྱེས་མཆོག་དུ་མ་བྱོན་པའི་ས་གནས། ས་མཆོག་དམུ་རྡོ་ལྷ་གཉེན་གྱི་མདུན་ཞོལ། རྒྱ་རོང་ཁྲོ་ཆེན་རྒྱལ་པོའི་ཉེ་འགྲམ་དུ་ཡབ་མེས་དབྲ་རིགས་ཁྱུང་ཕག་ཁྲ་མོའི་གདུང་ལས། འབྱུང་ལྡན་ཉིས་བརྒྱ་དང་བརྒྱད་ཅུའི་ནང་ཚན་དབོ་ཟླའི་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་དེར། སྐུ་མཆོག་མངོན་པར་བལྟམ་པ༼སྤྱི་ལོ་1838༽དང་འབྲེལ། ཐུན་མིན་གྱི་རྟགས་མཚན་ཡང་། ཁང་ཁྱིམ་ཕྱི་ནང་གཞའ་ཚོན་གྱིས་ཁེངས་པ་ལ་སོགས་ངོ་མཚར་གྱི་ལྟས་མང་པོ་མི་རྣམས་ཀྱི་མཐོང་ཡུལ་དུ་གྱུར་བས། ཀུན་གྱི་དེ་རིང་སྐྱེས་བུ་ཁྱད་པར་ཅན་ཞིག་འཁྲུངས་ཡོད་པ་འདྲ་འདུག་ཅེས་བརྗོད། སྤྲུལ་པའི་སྐུ་མཆོག་དེ་ཉིད་ནི་ཡ་རབས་ཀྱི་མཛད་སྤྱོད་ལ་ལེགས་པར་གོམ་པའི་ཡོན་ཏན་གྱི་རང་འོད་དང་མི་འབྲལ་བས། སྐུ་བལྟམས་མ་ཐག་ནས་མཚན་ལྟས་བཟང་ཞིང་། ལོ་ན་ཅུང་ཙམ་ལོན་པའི་སྐབས་སུའང་། རྒྱུད་འཇམ་ལ་གཙང་སྦྲ་ཆེ་བ་དང་དད་པ་དང་སྙིང་རྗེའི་ཉམས་གསལ་ཞིང་བློ་རིག་ལྷག་པར་རྣོ་བ། སྤྱོད་ལམ་དང་ལུས་ཀྱི་བྱ་བ་ཅི་བགྱིས་པ་ཐམས་ཅད་ཡ་རབས་ཀྱི་བྱ་བ་ཁོ་ནར་གཞོལ་བ་དང་། ཆུང་བྱིས་པའི་དུས་ནས་ཡོན་ཏན་ལ་དགྱེས་པའི་བག་ཆགས་ཤུགས་ཆེ་བ། རྒྱལ་བའི་སྐུ་གསུང་ཐུགས་རྟེན་དང་རབ་བྱུང་གི་ཆ་ལུགས་འཆང་བ་ལ་ལྷག་པར་དགྱེས་ཚུལ་གནང་བ། བླ་མའི་ངོ་བོ་འཛིན་ནས་བོན་འཆད་པ་དང་། དབང་བསྐུར་བའི་རྩེད་མོ་ཁོ་ནར་མཛད་པ། སྐབས་སྐབས་སུ་ནམ་མཁའ་ལ་ལྷ་སྐུ་དང་ཡིག་འབྲུ་འདི་དང་འདི་འདྲ་བ་མཐོང་ཚུལ། གསུང་འདི་འདྲ་བྱུང་ཞེས། ཞལ་གཟིགས་དང་ལུང་བསྟན་གྱི་རྣམ་པ་དུ་མ་མངའ་བ། དགུང་ལོ་བདུན་ལོན་ནས་ཡི་གེ་འབྲི་ཀློག་འགོ་རྩམ་ནས་ཡུན་རིང་མ་སོང་བར་བྱང་ཆུབ་པར་མཁྱེན། རང་ཡུལ་གྱི་བླ་མ་རྣམ་གྱི་མདུན་ནས་སྔོན་འགྲོ་བགས་སྦྱོང་སྐོར་གྱི་ཁྲིད་ལུང་མང་དུ་ཞུས། 
      དགུང་ལོ་བཅུ་བདུན་ཐོག་ལྷ་དང་སྲུང་མའི་ལུང་མངོན་སུམ་བསྟན་པ་ལྟར། གཙང་ཕྱོགས་གྲྭ་སར་ཕེབས་པས་ལམ་བར་ཡང་དཀའ་ངལ་ཆེས་ཆེར་མ་བྱུང་བར། དཔལ་ལྡན་བཀྲ་ཤིས་སྨན་རི་དགོན་དུ་འབྱོར་བ་དང་། རྟེན་འབྲེལ་གྱི་རྟགས་དུ་མ་བྱུང་སྐད་འདུག སྐབས་དེར་རྒྱལ་བ་གཉིས་པའི་གསེར་ཁྲི་དོན་གྱི་བདག་ཉིད། ཚེ་དབང་མངོན་བྱོན་ཁྲི་འཛིན་ཉེར་གསུམ་པ་ཀུན་མཁྱེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོ་ཞེས་མཚན་སྙན་སྲིད་པ་གསུམ་དུ་གྲགས་པའི་སྐྱེས་མཆོག་དེ་ཉིད་དངོས་སུ་མཇལ་བ་དང་། དམ་པ་དེ་ཡི་མདུན་ནས་རབ་ཏུ་བྱུང་བས་ཚུལ་མིང་ཤེས་རབ་གཡུང་དྲུང་གནང་བ་དང་། ཆབས་ཅིག་དབྱར་གྱི་རྔ་གསང་གི་སྒྲ་ལེན་གསུམ་གྲགས་པས། མཁན་རིན་པོ་ཆེ་ནས་ཤིན་ཏུ་ལེགས་པའི་རྟེན་འབྲེལ་དུ་གཟིགས་ནས། ཕྱིས་སུ་ཁྱེད་རང་བསྟན་པའི་བདག་པོར་འགྱུར་ངེས་ཡིན་པས། དཔལ་གཤེན་བསྟན་རྣམ་རྒྱལ་ཀུན་གྲགས་གླིང་དུ་ཚད་མ་རིག་པའི་གནས་ལ་སློབ་སྦྱོང་བྱེད་དུ་འགྲོ་དགོས་པའི་བཀའ་སློབ་གཞིར་བཟུང་སྟེ་གཙོ་བོ་མཚན་ཉིད་དང་། གཞན་རིག་གནས་ཀུན་ལ་ལོ་བཅོ་ལྔ་ཙམ་ལ་གསན་སྦྱོང་མཛད་པས། སྐྱེས་བུ་དམ་པའི་བློ་སྟོབས་ལ་སུས་ཀྱང་འགྲན་ཟླ་བྲལ་བར་གྱུར་ནས། མདོ་སྔགས་སེམས་གསུམ་དང་རིག་པའི་གནས་ཀུན་ལ་ཕུལ་དུ་ཕྱིན་པའི་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་བཏགས་བ་ཞེས། ལོ་ཁ་ཤས་རིང་ལ་ཡང་དབང་ལུང་ཁྲིད་གསུམ་གང་མང་གསན་ཞིང་། ཕྱིས་ལྕགས་བྱ་ལོར་སྤྱི་ལོ་༼༡༨༦༡༽ལོར་རྗེ་སྨན་རི་བའི་གསེར་ཁྲི་དོན་གྱི་བདག་པོར་ལྷ་དང་སྲུང་མའི་རྟགས་ཚད་ལ་བརྟེན་ནས། རྟགས་རིལ་སྒྲིལ་བའི་མཚན་རྟགས་ཐོན་པ་དང་། མཁས་མང་བྱེ་བའི་དབུས་ནས། མཁན་ཆེན་འགྲོ་མགོན་ཤེས་རབ་གཡུང་དྲུང་དཔལ་བཟང་པོ་ཞེས། མཚན་སྙན་དབྱར་གྱི་རྔ་གསང་གསང་ཕྱོགས་ཀུན་གྲགས་པར་བྱུང་། དམ་པ་དེ་ཉིད་གསེར་ཁྲིར་མངའ་གསོལ་བ་དང་འབྲེལ། རང་ཅག་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་ཡུལ་གྲུ་སྟོད་སྨད་ཀུན་དུ་སྔར་ལས་དར་ཁྱབ་ཆེ་བ་བྱུང་སྟེ། མདོ་ཁམས་སྟོད་སྨད་སོགས་ལ་དགོན་སྡེ་གསར་བཞེངས་མང་དག་ཞིག་གནང་ཡོད། ཁྱད་པར་དུ་དམ་པ་འདི་ཉིད་ཀྱིས་གཙོ་སྐྱོང་གནང་བའི་དཔལ་ལྡན་མཁར་སྣ་དགོན་པ་ཕྱག་བཏབས་མཛད་ཅིང་། ཕྱི་ནང་གི་རྟེན་བཞེངས་རྣམས་ཤིན་ཏུ་རྒྱ་ཆེ་ལ་སྤུས་ལེགས་པ། དགོན་སྡེའི་སྒྲིག་སྲོལ་ཡང་། རྒྱལ་བ་བྲུ་ཡི་རིང་ལུགས་འཁྲུལ་མེད་དུ་གནང་ཞིང་། ཐོས་བསམ་སྒོམ་གསུམ་ལ་བརྩོན་མཁན་སློབ་མ་བརྒྱ་ཕྲག་དུ་མ་ཞིག་བྱུང་ཡོད་ཅིང་། ལྔ་སྙིགས་དུས་ཀྱི་འགྲོ་བའི་མགོན་དཔུང་དམ་པ་འདི་ཉིད་ནི། སྤྱིར་གྲུབ་མཐའ་ཡོངས་ཀྱི་བསོད་དཔལ་དུ་གྲུབ་པའི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཡིན་ཞིང་། ཁྱད་པར་དུ་ནང་པ་གཤེན་རབ་པའི་བསྟན་པ་འདི་ལ་བཀའ་དྲིན་གཞལ་བར་དཀའ་བ་རྒྱལ་བ་གཉིས་པ་ལྟ་བུ། སྐྱེས་བུ་ཁྱད་འཕགས་ཅན་ཞིག་ཏུ་གྲུབ་པའོ། ། 
      འདི་ནས་མར་ལ་དཔལ་ལྡན་མཁར་སྣ་དགོན་གྱི་རྒྱལ་ཚབ་རིམ་བྱོན་གྱི་ལོ་རྒྱུས་ཟུར་ཙམ་ཞིག་བརྗོད་པ་ལ། དགོན་འདིའི་བླ་རབས་དང་པོ་ནི་ལྷ་མའི་གཙུག་རྒྱན་དམ་པ་འགྲོ་མགོན་ཤེས་རབ་གཡུང་དྲུང་ཡིན་ལ། དེའི་རྒྱལ་ཚབ་དང་པོ་བསོད་ནམས་སེང་གེ་ཡིན། དེ་ནི་ཆུང་ནས་རྒྱུད་འཇམ་ཞིང་ཞི་དུལ་ལྡན་པ། བློ་གྲོས་གསལ་བ། བརྩོན་འགྲུས་ལ་ཕྱི་བཤོལ་མེད་པ། ཡུལ་མི་ཀུན་གྱི་ཡིད་སྨོན་བྱེད་སའི་ཡུལ་དུ་གྱུར་བ་ཞིག་ཡིན་ལ་དགུང་ལོ་བཅུ་དགུའི་ཐོག་གྲྭ་སར་ཕེབས་ཏེ། གཙང་ཁྲིམས་རྣམ་པར་དག་པ་བཞེས་པ་དང་འབྲེལ། དཔལ་གཤེན་བསྟན་རྣམ་རྒྱལ་ཀུན་གྲགས་གླིང་དུ་མཚན་ཉིད་གཞུང་ཆེན་ཀུན་ལ་བྱང་ཆུབ་པར་མཛད་ནས། དགེ་བའི་བཤེས་གཉེན་ཆེན་མོའི་མཚམས་བཏགས་བཞེས། ལོ་ཤས་ནས་རྟགས་རིལ་ཐོབས་པ་དང་འབྲེལ་སྔར་སྲོལ་ཇི་བཞིན་དགོན་སྡེ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་དར་ཞིང་རྒྱས་པར་མཛད་པའོ། རྒྱལ་ཚབ་གཉིས་པ་རྒྱལ་བ་གཡུང་དྲུང་ནི། མདོ་སྨད་ཀྱི་ཡུལ་གྲུར་རིགས་བཟང་གི་གདུང་ལས་གྲོལ་ཞིང་། སྐྱེ་བསྲིང་ནས་གཙང་ཕྱོགས་གྲྭ་སར་བྱོན། དཔལ་ལྡན་སྨན་རི་དགོན་དུ་ཕེབས་ནས་སྡོམ་ཁྲིམས་རྣམ་པར་དག་པ་བཞེས། མཚན་ཉིད་དང་གཞན་ཕྱི་ནང་གི་རིག་གནས་ཀུན་ལ་ཕུལ་ཕྱིན་དུ་སྦྱངས་ཏེ་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་སྙན་བཞེས། ཕྱིས་མཁར་སྣ་དགོན་གྱི་རྒྱལ་ཚབ་ཏུ་རྟགས་རིལ་དུ་མཚན་རྟགས་ཐོན་པས་གསེར་ཁྲིར་མངའ་གསོལ་ཟབ་རྒྱས་མཛད། དགོན་སྡེའི་ཕྱི་་ནང་གི་རྟེན་བཞེངས་དང་། ལྟ་བ་གཅིག་ཆོད་ཀྱི་ཉམས་ལེན་མཁན། ཚད་ལྡན་གྱི་བསྙེན་སྒྲུབ་མཁན། བཅུ་རིག་གནས་ལ་བརྩོན་པའི་རིག་སྨྲ་མཁན་སོགས་ཤིན་ཏུ་སྔར་ལས་ལྷག་པའི་སྒོ་ནས་དང་ཁྱབས་སུ་ཕྱིན་ཡོད།
      རྒྱལ་ཚབ་གསུམ་པ་གཡུང་དྲུང་རྒྱལ་མཚན་ནི། ཤར་ཕྱོགས་སྡེ་དགེའི་ཡུལ་དུ་འཁྲུངས་ཤིང་ཆུང་ནས་རྒྱུད་འཇམ་ལ་ཞི་དུལ་དང་ལྡན་པ། ངུར་སྨྲིག་འཛིན་པའི་སྡེར་མཐོང་ཚེ་ཤིན་ཏུ་དགའ་ཚུལ་གནང་མཁན་ཞིག་ཡོད་དེ། ལུང་ལས། དགའ་དད་མོས་པས་མདུན་སྤྱོད་པ། གང་ཟག་རྐྱེན་གྱིས་སད་པའོ། ཞེས་པ་ལྟར། སྔོན་གྱི་འཕྲོ་སད་པའི་སྟོབས་ཀྱིས་འཕྲུལ་ཡིག་འབྲི་ཀློག་རྣམས་ཚེགས་མེད་དུ་མཁྱེན།
      དགུང་ལོ་ཉི་ཤུའི་ཐོག་གྲྭ་སར་བྱོན་ནས། ཀློང་ཆེན་དགོངས་པའི་མཛོད་འཆང་མཁན་ཆེན་བསྟན་པ་བློ་གྲོས་ཀྱི་མདུན་ནས། གཙང་ཁྲིམས་ཚུལ་བཞིན་བཞེས། མཚན་ཉིད་སྐོར་དང་གཞན་རིག་གནས་ཀུན་ལ་ཟབ་སྦྱོང་ཕུལ་ཕྱིན་གནང་ནས། དགེ་བའི་བཤེས་གཉེན་ཆེན་མོའི་མཚན་སྙན་བཞེས། དེ་ནས་ལྷ་དང་བླ་མའི་ལུང་རྟགས་ལ་བརྟེན་ནས་མཁར་སྣའི་རྒྱལ་ཚབ་ཏུ་མཚན་རྟགས་ཐོན་པས། སྔར་བཞིན་གསེར་ཁྲིར་མངའ་གསོལ་ཟབ་རྒྱས་མཛད། དམ་པ་དེ་ཉིད་ཀྱིས་རྒྱལ་བ་བྲུ་ཡི་རིང་ལུགས་འདི་ཉིད་ལ་གཅེས་འཛིན་དང་། སྔར་སྲོལ་རྣམས་མི་ཉམས་གོང་སྤེལ། ཉམས་པ་སོར་ཆུད་གནང་སྟེ་ཕྱོགས་གང་ཐད་ནས་ཕྱག་ལེན་སྐོར་མཛད་རྗེས་མང་དག་ཞིག་རྗེས་བཞག་གནང་བ་ནི། ད་ལྟ་མངོན་སུམ་གྱི་སྤྱོད་ཡུལ་དུ་འགྱུར་བཞིན་ལགས་ན། དེ་ནི་རང་ཅག་རྣམས་ལ་ཤིན་ཏུ་བཀའ་དྲིན་གཞལ་དུ་མེད་པར་སེམས་སོ། རྒྱལ་ཚབ་བཞི་བ་ཡོན་ཏན་སེང་གེ་ནི་སྡེ་དགེའི་ཡུལ་གྲུར་དལ་འབྱོར་གྱི་རྟེན་བཞེས་ནས། གྲྭ་སར་ཕེབས་ནས་མཁན་ཆེན་ཉི་མ་དབང་རྒྱལ་གྱི་མདུན་ནས་རབ་ཏུ་བྱུང་བར་མཛད་དེ། དཔལ་ལྡན་བཀྲ་ཤིས་སྨན་རི་དགོན་དུ་མཚན་ཉིད་ཀྱི་བཤད་གྲྭར་ཞུགས་ནས། བཅུ་ཕྲག་རིག་པའི་གནས་ཀུན་ལ་ཕུལ་ཕྱིན་དུ་གསན་པ་དང་། དགེ་བཤེས་ཀྱི་མཚན་སྙན་བཞེས། སླར་དཔལ་ལྡན་མཁར་སྣ་དགོན་གྱི་རྒྱལ་ཚབ་ཏུ་མཚན་རྟགས་ཐོན་པ་དང་འབྲེལ་གསེར་ཁྲིར་མངའ་གསོལ་ཟབ་རྒྱས་མཛད། བསྟན་པ་འདི་ཉིད་སྔར་ལས་ལྷག་པའི་མཛད་རྗེས་གནང་མུས་ལགས་ནའང་། བར་དུ་སེམས་ཅན་བསོད་ནམས་དམན་པ་དང་། ལྔ་སྙིགས་ཀྱི་རྐྱེན་གཉིས་འཛོམས་པས། བསྟན་པ་སྤྱི་ལ་ཉམས་གུད་དུ་ཕྱིན་པ་ནི་སྨོས་མེད་རེད། དམ་པ་དེ་ཉིད་ཀྱང་འཇིག་རྟེན་གྱི་ཁམས་འདིར་རྒྱིད་ལུགས་དགོངས་ནས་མཁའ་སྤྱོད་དུ་ཞལ་གཟིགས་སོ། ། 
      གཞན་ཡང་མཁར་སྣའི་དགེ་སློང་ཉི་མ་གྲགས་པ་ནི། ཧོར་བོན་ཐའི་ཡུལ་གྲུར་ཚབ་ཤིའི་རིགས་ལ་ཆུ་མོ་གླང་ལོར་འཁྲུངས་ཞིང་། ཆུང་ནས་འཇིག་རྟེན་གྱི་བྱ་བར་བུད་ཅིང་དམ་པའི་མཛད་སྤྱོད་ལས་མི་འདའ་བར། དགུང་ནར་སོན་ནས་འགྲོ་མགོན་རིན་པོ་ཆེའི་ཞབས་བསྙེན་ནས་ཕྱི་ནང་གསང་གསུམ་གྱི་དབང་ལུང་ཁྲིད་གདན་དང་སྡོམ་ཁྲིམས་རྣམས་རྫོགས་པར་བཞེས་ནས་ཉམས་ལེན་ཁོ་ནར་འབད་པས་ལྟ་བ་མཐར་ཕྱིན་པའི་རྣལ་འབྱོར་ཞིག་ཏུ་གྱུར། དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་ནི། ཁྱུང་སེར་བེ་ཧུའི་མངའ་འབངས་སུ་ས་འབྲུག་ལོར་སྐུ་འཁྲུངས་ནས། ཕྱིས་གྲྭ་སར་ཕེབས་ནས་སྔ་མིའ་རྒྱུད་རིམ་བཞིན་དབང་ལུང་ཁྲིད་དང་ཁྲིམས་རྣམས་རྫོགས་པར་གསན། རྫོགས་པ་ཆེན་པོར་ཉམས་ལེན་ཁོ་ནར་བརྩོན་པས་མཁར་སྣའི་དགེ་སློང་རྣམ་གཉིས་ཞེས་གྲགས་དཀར་ཀུན་ཏུ་ཁྱབས་པར་གྱུར། སློབ་མ་ཡང་དགེ་སློང་རྣམ་ཕུན་སོགས་སློབ་མ་ཁྱད་པར་ཅན་མང་པོ་ཡོད་ལ་གོང་མའི་མཛད་འཕྲིན་ལྟར་དགོན་སྡེ་འདི་ཉིད་ཀྱི་བླ་མ་ཡང་མཛད་དོ། གཞན་ཡང་ལོ་རྒྱུས་ཟབ་རྒྱས་ནི་འདིར་ཡིག་ཚོགས་འཇིག་ཕྱིར་མ་བྲིས་སོ། །ད་ལྟའི་ཆར་ཡང་དཔལ་ལྡན་མཁར་སྣ་དགོན་འདི་ཉིད། སྔར་བཞིན་མ་གྲུབ་ཀྱང་ཅུང་ཟད་ཉམས་གསོ་བྱེད་མུས་སུ་ལགས་སོ། །

སྨྲས་པ། ཁོ་བོ་སྐྱེས་སྦྱོང་ཤེས་རབ་དམ་དམན་པ་ཡིས། །
མཁས་པར་དགྱེས་པའི་སྡེབ་སྦྱོར་མ་མཆིས་ཀྱང་། །
ཅུང་ཟད་འབད་པའི་རྣམ་དཀར་ཡོད་ཅོག་གང་། །
རྒྱལ་བསྟན་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །

༼བོན་སྒོ༽སྤྱི་དེབ་བདུན་པ་ལས་བཤུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག