ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> དགོན་སྡེ་རི་ཁྲོད། >> གཡུང་དྲུང་ལྷ་སྟེང་དགོན།
གཡུང་དྲུང་ལྷ་སྟེང་དགོན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དུང་རི་བླ་མ་བཤད་སྒྲུབ་རྒྱལ་མཚན།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

     

 རྒྱལ་མོ་རོང་གི་དགོན་ཆེན་མི་འགྱུར་གཡུང་དྲུང་ལྷ་སྟེང་གི་ལོ་རྒྱུས།

   སི་ཁྲོན་ཞིང་ཆེན་གྱི་ཁོངས་གཏོགས་ཆུ་ཆེན་རྫོང་ཨ་ཉིན་ཡུལ་ཚོ་རུ་བཞུགས་པའི་གཡུང་དྲུང་ལྷ་སྟེང་དགོན་ནི། རྒྱལ་བ་མཉམ་མེད་པ་ཆེན་པོའི་འཁྲུངས་གཞིས་ཀྱི་དགོན་གནས་ཡིན་པས་གཡུང་དྲུང་བོན་ཕྱོགས་སུ་གལ་གནད་ཆེ་ཞིང་། ཁྱད་པར་དུ་རྒྱལ་རོང་རྒྱལ་ཁབ་བཅོ་བརྒྱད་ཀྱི་དགོན་སྡེ་གཙོ་བོ་གཉིས་ལས་གྲགས་ཆེ་བ་འདི་ཉིད་ཡིན་ཕྱིར། ད་ལམ་ཕྲན་རང་ཉིད་དགོན་རྙིང་དེར་གནས་མཇལ་ཞུ་སྐབས་དགོན་པའི་ལོ་རྒྱུས་མདོར་བསྡུས་ཤིག་གླེང་བར་སྤྲོ། དེ་ཡང་དགོན་པའི་གླིང་དུ་བཞུགས་པའི་རྡོ་རིང་རྙིང་པ་དེར་འཁོད་པའི་ལོ་རྒྱུས་ལྟར་ན། སྔོན་རབ་བྱུང་དང་པོའི་ས་ཕོ་བྱི་ལོར་གཡུང་དྲུང་བོན་གྱི་བསྟན་པའི་འདུ་གནས་སུ་དགོངས་བཞེས་གནང་བ་ནས་བཟུང་། འདྲེན་པ་གང་དང་མཆོད་ཡོན་གྱི་འབྲེལ་བ་དམ་ཟབ་ཡོད་པའི་བསྟན་པའི་སྦྱིན་བདག་ཆེན་པོ་མི་དབང་ཆུ་ཆེན་རབ་བརྟན་རྒྱལ་པོའི་སྐུ་སྲས་ནམ་མཁའ་ཡེ་ཤེས་རྒྱལ་པོ་ཞེས་ཆུང་ནས་ཐུགས་སྒམ་ཞིང་བློ་རིག་རྣོ་བའི་སྐྱེ་བ་ཁོང་གིས་ཀྱང་སྨོན་རྒྱལ་འགྲོ་བའི་འདྲེན་པ་སངས་རྒྱས་རིན་ཆེན་དཔལ་བཟང་པོ་མཆོག་དང་མཆོད་ཡོན་གྱི་འབྲེལ་བའི་རྒྱུན་བསྐྱངས་ཏེ་བསྟན་པའི་སྦྱིན་བདག་ཏུ་གྱུར། འདྲེན་པ་གང་གི་ཐུགས་རྗེ་ལ་བརྟེན་ནས་ས་གནས་དེའི་ཁྱོན་ཡངས་པའི་ཕུ་མདའ་བར་གསུམ་ཀུན་ཏུ་གཡུང་དྲུང་བོན་གྱི་གསས་ཁང་དང་གཙུག་ལང་ཁང་བཞེངས་ཤིང་། གཙུག་ལག་ཁང་གི་ལྡེབ་ངོས་སུ་ལྷ་སྐུ་དང་མཆོད་ཡོན་གྱི་བྲིས་འབུར། རྒྱུ་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་བླུག་བརྡུང་སྐུ་འབག་སོགས་སྐུ་རྟེན་དང་། རྒྱལ་པའི་གསུང་རབ་བཀའ་དང་བཀའ་བརྟེན་གྱི་གླེགས་བམ་ཡང་གྲངས་ལས་འདས་པ་བཞུགས་སུ་གསོལ་བས་མ་ཚད། སུམ་ལྡན་ངུར་སྨྲིག་འཛིན་པའི་འདུས་སྡེ་རྣམས་ལ་བསྙེན་བཀུར་དང་མཆོད་སྤྲིན་རྒྱ་ཆེར་ཕུལ་ཏེ། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དགུང་དུ་བཏེགས་ནས་རྣམ་པ་ཀུན་ཏུ་དགེ་སྤྱོད་ཀྱིས་ཡུལ་ཁམས་ཀུན་འགེངས་པར་མད། དེ་བཞིན་རྒྱལ་རྒྱུད་འཛིན་པའི་སྲས་ཀྱང་མཁས་མཆོག་སློབ་དཔོན་ཚུལ་ཁྲིམས་དབང་ལྡན་དང་། བསོད་ནམས་ཕུན་ཚོགས། རྒྱལ་བ་འོད་ཟེར། བསོད་ནམས་དབང་གི་རྒྱལ་པོ་སོགས་སྙན་གྲགས་ཆེ་ཞིང་མཁས་གྲུབ་གཉིས་ལྡན་གྱི་རྒྱལ་རབས་དུ་མ་བྱོན། འོན་ཀྱང་ཡུལ་ཁམས་སྤྱིའི་འཕོ་འགྱུར་དང་བདུད་ཀྱི་བར་ཆོད་ངན་པས་རེ་ཞིག་རྐྱེན་བྱས་པའམ་སྔོན་བསགས་ལས་ཀྱིས་འཁྲུག་སློང་ཆེས་ཆེར་ལངས་སྟབས་རྒྱལ་པོ་རང་གིས་ཀྱང་སྡིག་སྤྱོད་ཅུང་ཙམ་མི་གསོག་ཀ་མེད་དུ་གྱུར། དེ་ལྟར་ནའང་མཐའ་དམག་བདུད་ཀྱི་དཔུང་ཀྱི་དཔུང་སྡེ་མཐའ་དག་རང་སར་བསྐྲད་ཅིང་། རོང་ཁམས་ཀྱི་རྒྱལ་པོ་ཆེན་པོ་བཅུ་པོའང་འཁོར་གཡོག་ཏུ་བསྡུ་ཐུབ་པ་བྱུང་ངོ་། །
      གོང་གི་འདྲེན་པ་ལྷ་ཡི་ལུང་བསྟན་བཞིན་བོད་རབ་བྱུང་དང་པོའི་མི་ཟད་ཅེས་པ་མེ་ཕོ་ཁྱི་ཡི་ཟླ་བ་ལྔ་པའི་ཚེས་བརྒྱད་ཀྱི་ཉིན་ཏེ། ཕྱི་ལོ༡༠༩༦ལོར་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་པོ་གཡུང་དྲུང་ལྷ་སྟེང་དགོན་འདི་ཉིད་གསར་དུ་བཞེངས་པའི་རྨིང་གཞི་བཏིང་ཞིང་། སྨོན་རྒྱལ་སུམ་ལྡན་སློབ་དཔོན་ཆེན་པོ་བསོད་ནམས་རྒྱལ་མཚན་མཆོག་གིས་ཐོག་མར་བཀྲ་ཤིས་ཞལ་བསྲོའི་མངའ་དབུལ་ཏེ་གཞིའི་རབ་གནས་རྒྱ་ཆེར་མད། བསྟན་སྦྱིན་ཆེན་མོ་ལྕགས་ལ་རོང་གི་རྒྱལ་པོ་དང་། བཙན་ལྷ་རྒྱལ་པོ། ཝོ་གཞི་རྒྱལ་པོ། སེ་མོ་རྫིང་འགག་རྒྱལ་པོ། ཅོག་ཙེ་རྒྱལ་པོ། དམ་བྷའི་རྒྱལ་པོ། ཁྲོ་སྐྱབས་རྒྱལ་པོ། གཟིམ་གཡོག་རྒྱལ་པོ། དགེ་བཤེས་རྒྱལ་པོ། ཡར་རྒན་རྒྱལ་པོ་བཅས་ཀྱིས་ཞབས་ཏོག་ཕུལ་བས་ཟླ་བ་བཞི་ཡི་ནང་དགོན་པའི་རྟེན་དང་བརྟེན་པ་བསྐྱར་བཞེངས་ལེགས་གྲུབ་བྱུང་།
      དེ་ནས་ཕྱི་ལོ༡༠༤༧མེ་ཕག་ལོར་ཁང་ཚན་བརྒྱ་དང་བཅོ་ལྔ་བསྐྲུན་ནས་ཟླ་བ་ལྔ་པའི་ཡར་ཚེས་སུ་བོད་རང་གི་ལྷ་བཟོ་ལྔ་བཅུ་རྩ་གྲངས་ཀྱིས་ཟླ་བ་གཉིས་ཀྱི་ནང་ལྷ་བྲིས་ཀྱི་བྱ་བ་ཡོངས་རྫོགས་བསྒྲུབས་ཤིང་། མཁན་ཆེན་བསོད་ནམས་རྒྱལ་མཚན་དང་། སྟག་དངོས་བླ་མ་ཤེས་རབ་གཡུང་དྲུང་སོགས་རྟོགས་ལྡན་རྣམ་པ་བཞི་ཡིས་ལམ་གྱི་མངའ་དབུལ་རབ་གནས་རྒྱས་པར་མད་པས། རྟེན་འབྲེལ་གྱི་འཇའ་ཚོན་ཤར་ཞིང་གུར་ཕུབ་པ་དང་། འབྲུག་སྐད་འུར་གྱིས་ལྡིར་བ། གློག་འོད་ཆེམ་ཆེམ་འཕྲོ་བ་སོགས་བཀྲ་ཤིས་པའི་ལྟས་བཟང་མངོན་པར་ཤར། དེ་ཡི་རྗེས་སུ་བཀའ་བླུན་རྒྱལ་བསྟན་དང་། སྨོན་རྒྱལ་རབ་འབྱམས་བསྟན་པའི་རྒྱལ་རབས་འབྱམས་བསྟན་པའི་རྒྱལ་མཚན། སྨོན་རྒྱལ་སངས་རྒྱས་རིན་ཆེན་སོགས་ཀྱིས་འབྲས་བུའི་མངའ་དབུལ་རབ་གནས་མད་ཅིང་། བསྟན་གཡུང་སོགས་ཀྱིས་བཤད་གྲྭའི་སྡེ་ལའང་རབ་གནས་མེད་པས། མངོན་པར་དགེ་བའི་ལྟས་བཟང་རྨད་དུ་བྱུང་སྟབས་རྒྱལ་འབངས་ཡོངས་ནས་ཀྱང་རྟེན་འབྲེལ་དུ་དགའ་དད་སྤྲོ་གསུམ་ཆེན་པོའི་ངང་སྟོན་མོ་རྒྱ་ཆེར་མེད། མི་དབང་ཆེན་པོ་ནམ་མཁའི་མཚན་ཅན་གྱིས་ཀྱང་རིག་འཛིན་ཀུན་གྲོལ་གྲགས་པའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་མནོད་པས་ཚུལ་མཚན་དུ་ནམ་མཁའ་གཡུང་དྲུང་ཡེ་ཤེས་དབང་རྒྱལ་ཞེས་བསྩལ། དེ་རྗེས་འཇིག་རྟེན་གྱི་སྣང་བ་ཀུན་སྒྱུ་མའི་རྣལ་རོལ་དུ་མངོན་པར་གཟིགས་ནས་ཕྱིས་མཁན་ཆེན་བསོད་ནམས་རྒྱལ་མཚན་ལས་སོ་ཐར་གྱི་བསླབ་སྡོམ་ཞུས་ཏེ་རབ་ཏུ་བྱུང་ཞིང་། ཚུལ་མཚན་དུ་ནམ་མཁའ་ཡེ་ཤེས་སུ་གསོལ་བས་ཚངས་པར་སྤྱོད་པའི་ཁྲིམས་དང་ལྡན་ལ། དབང་བཞིའི་ཐུགས་རྒྱུད་སྨིན་ཞིང་བྱང་ཆུབ་སེམས་ཀྱིས་ཐུགས་བཅུད་རབ་ཏུ་གཏམས་པར་གྱུར། དེ་ལྟར་དགོན་ཆེན་མི་འགྱུར་གཡུང་དྲུང་ལྷ་སྟེང་འདི་ཉིད་གོང་དུ་བཀུར་བའི་སྨོན་རྒྱལ་རབ་འབྱམས་པ་དང་། མཁན་ཆེན་བསོད་ནམས་རྒྱལ་མཚན་ཟུང་གིས་ས་འཛིན་ཞེས་པ་ས་ཕོ་བྱི་བའི་ལོའི་ཟླ་བ་དང་པོའི་ཡར་ཚེས་ཤིས་པའི་ཉིན་ནས་བདག་སྐྱོང་གནང་སྟེ། གླིང་གི་བཅའ་སྒྲིག་དང་ཚོགས་ཀྱི་དགེ་སྤྱོད་སོགས་ལ་སྟངས་འཛིན་བརྩེ་གཟིགས་ཐོགདགེ་འདུན་བརྒྱ་ཕྲག་མོང་པོས་བཤད་སྒྲུབ་ཀྱི་བྱ་བ་རྒྱ་ཆེར་མད་པ་ཡིན་ཏེ། རྡོ་རིང་དེ་ཉིད་ལས། མ་མཉམ་མི་མཉམ་མཉམ་མེད་རྗེས་ས་འབྲངས། རྒྱལ་བསྟན་ལེགས་བྱས་བི་ཤོས་སོར་རྩེསབསྐྲུན། ། དབང་ཕྱོགས་སྤོ་མཐོན་ཕྲག་པར་གཟི་འབར་ཚེ། རྒྱ་མཚོའི་གོས་ཅན་སྔ་འགྱུར་པད་ཚལ་རྒྱས། ། ལུས་ཅན་རྐང་དྲུག་དོན་གཉིས་རོ་ལ་དགྱེས། མཆོད་ཡོན་དགོན་གསུམ་ལོ་རབས་ཟུར་ཙམ་མོ། ། ཞེས་གསལ་བ་ལྟར་ལོ་རབས་བརྒྱ་ཕྲག་དུ་མའི་རིང་ལ་དགོན་རྙིང་འདི་ཉིད་རྒྱལ་རོང་རྒྱལ་ཁབ་བཅོ་བརྒྱད་ཀྱི་གཡུང་དྲུང་བོན་སྡེ་ཀུན་གྱིས་བཀུར་བའི་ཞིང་ས་ཆེན་པོར་གྱུར་བའོ། ། འོན་ཀྱང་ཕྱི་ལོ་༡༧༦༠ལོར་ལྕང་སྐྱ་རོལ་པའི་རྡོ་རྗེའི་ཇུས་བཀོད་འོག་ཆུ་ཆེན་རབ་བརྟན་རྒྱལ་པོ་བསོད་ནམས་དབང་འདུས་སྐུ་འཁོར་བོན་འབངས་སྟོང་ཕྲགདང་མཉམ་དུ་མན་ཇུའི་དམག་གིས་བཙན་བཟུང་བྱས་ཏེ་རྒྱ་ནག་པེ་ཅིན་དུ་འཁྲིད་ཅིང་། གནའ་བོའི་མན་ཇུའི་སྲོལ་ལྟར་རབ་བརྟན་རྒྱལ་པོའི་བཀའ་ལྟར་ཕྱི་ལོ༡༧༧༨ལོར་དགེ་ལུགས་པའི་གྲུབ་མཐར་བཙན་གྱིས་བཅོས་བསྒྱུར་བྱས་ཏེ་དགོན་པའི་མིང་དུ་དགའ་ལྡན་བསྟན་འཕེལ་གླིང་ཞེས་བཏགས་པས་རྒྱ་ནག་གོང་མའི་མཆོད་གནས་ཀྱི་དགོན་ཆེན་བཞི་ཡི་ཡ་གྱལ་དུ་གྱུར་ཞིང་། མིང་ལ་རྒྱ་སྐད་དུ་གུའང་ཧྥ་སི་ཞེས་ཀྱང་ཐོགས་སོ། ། སྔར་བོན་དགོན་ཡིན་སྐབས་ཀྱི་མཚན་ནི་གཡུང་དྲུང་ལྷ་སྟེང་ཞེས་གྲགས་པ་ལྟར་འདུ་ཁང་ཆེན་མོའི་རྡོ་གཅལ་རྣམས་སུ་གཡུང་དྲུང་གི་རིས་གཟུགས་ཡོད་ཀྱང་། ཕྱིས་དགེ་ལུགས་པས་རྡོ་ལེབ་དེ་དག་མགོ་སློག་པའི་སྟེང་མེ་ཏོག་པད་མའི་གཟུགས་རིས་རེ་བརྐོས་སྟབས་དེ་ནས་བཟུང་དགོན་པའི་མཚན་ཡང་པད་མ་ལྷ་སྟེང་ཞེས་ཡོངས་གྲགས་སུ་གྱུར་ཞིང་། དགོན་པའི་ལོ་རྒྱུས་གསལ་བའི་རྡོ་རིང་དེ་ཉིད་ཀྱང་མགོ་མཇུག་སློག་པའི་མདུན་ངོས་སུ་དགོན་རྙིང་འདི་ཉིད་དགེ་ལུགས་པའི་གྲུབ་མཐར་དབང་བའི་བཙན་གཏམ་བརྐོས་པའི་མཐའ་རུ་གོང་མ་ཆིན་ལུང་གི་བཀའ་ཡིག་ཀྱང་བརྐོས་སོ། དུས་དེ་ནི་ཙམ་ནས་བོན་ལུགས་རྣམས་གཙང་བཀག་གིས་བཤད་སྒྲུབ་ཀྱི་ཆོས་སྤྱོད་ཡོད་ཚད་དབུས་ཀྱི་གདན་ས་ཆེན་པོ་བཞིའི་ཡ་གྱལ་དཔལ་ལྡན་འབྲས་དཀར་སྤུངས་པའི་ཕྱག་ལེན་བཞིན་བཙུགས་ཤིང་། དགའ་ལྡན་ཕོ་བྲང་གི་སྟངས་འཛིན་འོག་དགོན་བདག་ཀྱང་འབྲས་སྤུངས་ནས་གཏོང་སྲོལ་བྱུང་བཞིན་ཕྱི་ལོ་༡༩༥༠ཙམ་གྱི་བར་དགེ་ལུགས་པའི་མཁན་པོ་ཞེ་གཅིག་བྱོན་པ་སྟེ། སངས་རྒྱས་འོད་ཟེར་དང་། གྲགས་པ་ཕུན་ཚོགས། བློ་བཟང་འཇམ་དབྱངས། ངག་དབང་བསྟན་འཛིན། བློ་བཟང་དོན་ལྡན། འཇམ་དབྱངས་སྨོན་ལམ། ངག་དབང་ལྷུན་གྲུབ། བསྟན་པ་རིན་ཆེན། ངག་དབང་བཟང་པོ། གྲགས་པ་ཆོས་འཕེལ། བློ་བཟང་ཆོས་འཕེལ། སངས་རྒྱས་བསྟན་འཛིན། འཇམ་དབྱངས་ཡར་འཕེལ། ཀ་བློ་བཟང་དམ་ཆོས། འཇམ་དབྱངས་སྦྱིན་པ། འཇམ་དབྱངས་ཡར་འཕེལ། ཁ་འདི་ནས་མཁན་པོ་བཅུ་གསུམ་གྱི་མཚན་རྣམས་གསལ་ཁ་མི་འདུག༽བསོད་ནམས་ཡོན་ཏན། བློ་བཟང་ཐུབ་བསྟན། མཁྱེན་བརྩེ་ངག་བློ་གྲོས། ཀུན་ལྡན་རིན་ཆེན། བློ་བཟང་ཤེས་རབ། རྒྱལ་བ་ཤེས་རབ། ཡོན་ཏན་ཉི་མ། ཨ་ཁུ་ཡེ་ཤེས། གཡུ་བོ་བློ་གྲོས། རྒྱལ་རོང་དགེ་བཤེས། དགེ་འདུན་རིན་ཆེན། ངག་དབང་དཔལ་ལྡན༼༡༨༨༡། ༡༩༥༣༽བཅས་སོ། ། 
    དེ་ལྟར་ནའང་༼༡༩༥༩༽ཡས་མས་སུ་བོད་ས་སྟོད་སྨད་ཀུན་ལ་དུས་འགྱུར་བྱུང་བ་དང་། དེ་མཚམས་རིག་གནས་གསར་བརྗེ་ཆེན་མོའི་བཅོས་བསྒྱུར་སྐབས། དགོན་གནས་འདི་ཉིད་གཞན་དང་སྤྱི་མཚུངས་ཀྱིས་ལོ་རབས་དུ་མའི་རིང་ལ་མིང་མེད་དུ་གྱུར་བའི་མཐར། བོད་རབ་བྱུང་བཅུ་དྲུག་པའི་མེ་སྟག་སྟེ། ཕྱི་ལོ༼༡༩༨༦༽ལོར་ཏང་གི་སྐབས་བཅུ་གཅིགཔའི་གྲོས་ཚོགས་ཐེངས་གསུམ་པ་ཚོགས་རྗེས་ཆོས་དད་རང་མོས་ཀྱི་ཆོས་སྒོ་ཕྱེས་ཤིང་། དགོན་རྙིང་འདི་ཉིད་ལའང་བསྐྱར་བཞེངས་ཀྱི་མ་རྩར་ཀྲུང་སྒོར་འབུམ་གསུམ་གྱིས་རོགས་རམ་གནང་། འོན་ཀྱང་ལས་གཞི་མ་བཙུགས་ཀྱི་སྔོན་ལ་ངེས་ཅན་དུ་ཐག་གཅོད་དགོས་པ་ནི་དགོན་རྙིང་འདི་ཉིད་བོན་པོའི་དགོན་པའམ་དགེ་ལུགས་པའི་དགོན་པ་གཉིས་ལས་གང་ཞིག་ཏུ་བསྐྱར་བསྐྲུན་བྱ་རྒྱུ་དེ་ཡིན་སྟབས། བན་བོན་བར་རྩོད་གླེང་དང་རྙོག་འཛིང་ཆེ་ཙམ་བྱུང་འདུག་རུང་། ཁུལ་མི་དམངས་སྲིད་གཞུང་དང་ཆུ་ཆེན་རྫོང་གི་ཆོས་ལུགས་ཅུས་བཅས་ཀྱིས་དྲང་བདེན་ཐོག་དགོན་རྙིང་འདིའི་ལྷ་སྡེ་རྣམས་ཀྱི་སྤྱི་མོས་དང་རྡོ་རིང་གི་ལོ་རྒྱུས་སོགས་ཀྱི་གོ་རིམ་ལ་གཞིགས་ནས་བསྐྱར་བཞེངས་ཀྱི་དབང་ཚད་དེ་བོན་པོ་རྣམས་ལ་ཡོད་ཅེས་པའི་བཀའ་དྲིན་ལ་བརྟེན་ནས་རྔ་ཡུ་ལ་རྟོེགས་ལྡན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གྱི་བོན་བློན་བླ་མ་ནམ་མཁའ་བསྟན་འཛིན་གྱིས་ཐུགས་འགན་གཙོ་བཞེས་གནང་བའི་ཕྱག་རོགས་སུ་རིན་ཆེན་རྒྱལ་དང་། སྟག་ལྷ་སྐྱབས། ལེགས་བཤད་རྒྱ་མཚོ། ཡ་མ་བཀྲ་ཤིས། ཚེ་རིང་ཕུན་ཚོགས་བཅས་ཀྱིས་གཟིགས་སྐྱོང་གནང་བའི་མཐར་༼༡༩༨༩༽ལོར་གཡུང་དྲུང་ལྷ་སྟེང་དགོན་གྱི་རྟེན་དང་བརྟེན་པ་བསྐྱར་བཞེངས་ཀྱི་ལས་གཞི་ཡོངས་སུ་ལེགས་འགྲུབ་བྱུང་བས། ཕྱི་ལོ༼༡༩༩༠༽ནས་བཟུང་བླ་མེད་དང་། བྲག་དབེན། ཁྱུང་ལུང་སོགས་རྒྱལ་རོང་གི་བོན་དགོན་ཁག་འདྲ་མིན་ནས་ལོ་རེ་བཞིན་ཁྲི་པ་དང་། མཁན་པོ། བདག་གཉེར་བཅས་བསྐོ་བཞག་བྱས་ཏེ་འཛིན་སྐྱོང་གནང་དང་གནང་བཞིན་པའོ། ། དགོན་རྙིང་འདིའི་ལྷ་འབངས་དངོས་ནི་གོང་ཞུས་ལྟར་རོང་ཁམས་ཀྱི་རྒྱལ་པོ་ཕལ་གྱི་སྡེ་འབངས་ཐམས་ཅད་ཡིན་མོད་ཀྱང་། དེང་དུས་ཆུ་ཆེན་དང་། བཙན་ལྷ། རོང་བྲག་བཅས་ཀྱི་བོན་པོའི་ལྷ་སྡེ་ཙམ་ཡིན་ལ། དགོན་རྙིང་འདི་ཉིད་མི་ལོ་བརྒྱ་ཕྲག་གཉིས་ཀྱི་རིང་དགེ་ལུགས་པའི་དབང་བསྒྱུར་འོག་གནས་བརྗེ་བསྐྱར་བཞེངས་གྲུབ་པ་ནས་བཟུང་དེར་སྐབས་རྔ་ཡུལ་རྟོགས་ལྡན་དགོན་པས་སྟངས་འཛིན་འོག་ཚུལ་ཆེན་རིན་པོ་ཆེ། ཁྲི་བ་རིན་པོ་ཆེ། ཞག་གདུགས་སྤྲུལ་སྐུ། འབའ་ཤོ་སྤྲུལ་སྐུ་སོགས་སྔ་ཕྱིར་ཕེབས་ནས་དབུ་འདྲེན་མེད་དེ་ལོ་རེ་བཞིན་ཕྱི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ལ་ཆུ་ཆེན་རྫོང་དང་། རོང་བྲག་རྫོང་། བཙན་ལྷ་རྫོང་། འབར་ཁམས་ཕྱོགས་ཀྱི་བོན་འབངས་ལྷ་སྡེ་ཀུན་འདུས་ཏེ་ཡི་དམ་གསས་མཁར་མཆོག་ལྔ་དང་། མ་རྒྱུད། ཀློང་རྒྱས་སོགས་ཀྱི་སྒྲུབ་ཆོག་རེས་མོས་ཀྱིས་གསུང་བ་དང་། བསྟན་སྲུང་མ་མཆོག་སྲིད་པའི་རྒྱལ་མོའི་ཚོགས་མཆོད་རྒྱས་འབུལ། དུས་ཆེན་གྱི་གར་འཆམ་སོགས་ལྷ་སྡེ་མང་ཚོགས་ཀྱི་དད་འདུན་རེ་འདོད་ཡོངས་སུ་བསྐངས་དང་སྐོང་བཞིན་པའོ། །

༼བོན་སྒོ༽སྤྱི་དེབ་བཅོ་བརྒྱད་པ་ལས་བཤུས། 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག