ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> དགོན་སྡེ་རི་ཁྲོད། >> བོད་ནང་གི་བོན་དགོན་གཙོ་ཁག་གི་བྱུང་རིམ་མདོར་བསྡུས།
བོད་ནང་གི་བོན་དགོན་གཙོ་ཁག་གི་བྱུང་རིམ་མདོར་བསྡུས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སྨན་རིའི་དགེ་བཤེས་འོད་ཟེར་རྒྱལ་མཚན།] [ཟླ་ཚེས། 10-08-08] [ཀློག་གྲངས། ]

བོན་བསྟན་སྔ་དར་སྐབས།

       ྋ ཐོག་མར་བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་སྐུ་མི་རྟག་མྱ་ངན་སྤྱི་ལོའི་སྔོན་༧༨༡༧ ལས་འདས་ནས་མི་ལོ་༦༦༢༡ མཚམས་སུ་སྤྱི་ལོ་སྔོན་༡༡༩༦ལོར། རྟག་གཟིགས་ཀྱི་མཁན་པོ་རྫུ་འཕྲུལ་ཡེ་ཤེས་ཀྱིས་སྟོན་པའི་གདུང་ཤ་རི་རམ་ལྔ་བརྒྱ་དང༌། འདུལ་བ་རྒྱུད་དྲུག་སོགས་བོན་སྡེ་མང་པོ་རྟག་གཟིགས་ནས་བསྣམས་ཕེབས་ཏེ། ཞང་ཞུང་སྤོས་རི་ངད་ལྡན་གྱི་ཤར་བརྒྱུད་ཏྲག་ལུང་ན་བ་དམར་ལྡིང་བོན་ཕུག་ཏུ་དྲུང་མུ་ཁྲི་རྩེའི་ལྷ་སྡེ་ཆེན་པོ་བཞེངས། ཞང་ཞུང་སྤོས་རི་ངད་ལྡན་གྱི་ཤར་ཕྱོགས་ཤེལ་གྱི་བྲག་དཀར་རྩེ་རྫོང་དུ་གཡུང་དྲུང་ལྷ་རྩེའི་འདུས་སྡེ་ཆེན་པོ་ནི། ཞང་ཞུང་གི་མཁན་པོ་གཡུང་དྲུང་ཚུལ་ཁྲིམས་ཀྱིས་ཕྱག་བཏབ། ཞང་ཞུང་སྤོས་རི་ངད་ལྡན་གྱི་ནུབ་ཕྱོགས་དཔལ་ཕུའི་རི་ལ་གཡུང་དྲུང་མཆོག་སྟེང་གི་དགོན་པ་ནི། ཞང་ཞུང་ཁྲི་འབར་ཚུལ་ཁྲིམས་ཀྱིས་ཕྱག་བཏབ། ཞང་ཞུང་ཧྲོམ་པོ་དཔལ་གྱི་རི་ལ་གཡུང་དྲུང་བརྩེགས་པའི་འདུས་སྡེ་ཆེན་པོ་ནི། གཙུག་ཕུད་ཚུལ་ཁྲིམས་ཀྱིས་ཕྱག་བཏབ། དེ་རྗེས་དབུས་གཙང་ཕྱོགས་སུ་འདུལ་བསྟན་དར་ཏེ། དབུས་རུ་འདམ་ཤོད་སྣར་མོ་རུ་གཡུང་དྲུང་ཁྲི་འདུས་འོད་གླིང་ནི། ག་ཅུ་གཙུག་ཕུད་རྒྱལ་བས་བཞེངས། དབུ་རུ་ཡེར་ཀླུང་ལྷ་སའི་གནས་སྡེ་ཆེན་པོ་གཡུང་དྲུང་ཁྲིམས་གནས་གསས་ཁང་ནི། ཡ་གོང་ཡེ་ཤེས་རྒྱལ་བས་བཏབ། རུ་ལག་གྲམ་པ་རྐྱང་གི་ཁྲི་འདུས་འོད་ཀྱི་ལྷ་ཁང་ནི། ཕམ་ཤིན་དཔལ་གྱི་དབང་ཕྱུག་གིས་ཕྱག་བཏབ། གཡོ་རུ་རག་ཟའི་འདུ་གནས་གཡུང་དྲུང་ཁྲི་སྐོས་རོལ་པའི་གཙུག་ལག་ཁང་ནི། ལྡེ་བཙུན་ཡེ་ཤེས་རབ་གསལ་གྱིས་བཞེངས། དེ་སྐབས་དགོན་གནས་དེ་དག་ལ་དགེ་འདུན་ཀྱི་སྡེ་སྟོང་དང་དྲུག་བརྒྱ་ལྷག་ཡོད་པ་རེད་ལ། དེ་ཡང་འདུས་སྡེའམ་དགོན་སྡེ་ཁག་དབུ་བརྙེས་ནས་ད་བར་མི་ལོ་སུམ་སྟོང་ཉིས་བརྒྱ་མ་ཟིན་ཙམ་ཕྱིན་པ་རེད།

སྔགས་བསྟན་གྱི་འདུས་སྡེ་སྐོར་ནི།

     སྤྱི་ལོའི་སྔོན་༡༡༣༧ལོར་རྗེ་གཉའ་ཁྲི་བཙན་པོ་བོད་རྗེ་ཐོག་མར་མཚན་གསོལ་བ་ནས་བཟུང༌། བོད་རྒྱལ་གནམ་རུ་སྲོང་བཙན་ཡན་རྒྱལ་རབས་སོ་གཉིས་རིང་ལ་གཡུང་དྲུང་བོན་དར་ཏེ། ཐར་ལམ་འདྲེན་པའི་སྐུ་གཤེན་རེ། སྐད་རིགས་བསྒྱུར་བའི་ལོ་པན་རེ། བྱས་བཞག་གི་གསས་ཁང་རེ་བཞེངས། གསུངས་པ་ལྟར། གཉའ་ཁྲི་བཙན་པོས་གཡུང་དྲུང་ལྷ་རྩེའི་གསས་ཁང་ཕྱག་བཏབ། དེ་བཞིན་རྒྱལ་རབས་སོ་གཉིས་རིང་ལ་རྒྱལ་པོ་རེའི་དུས་སུ་གསས་ཁང་རེ་བཞེངས་ཡོད། ལྷག་པར་བོད་རྒྱལ་གཉིས་པ་མུ་ཁྲི་བཙད་པོས་སྟོད་ཁྱུང་ལུང་དངུལ་མཁར་ནས་དམའ་ཤེལ་ལེ་རྒྱ་སྐར་ཁྱུང་པོ་རྩེ་དྲུག་ཡན་ཆོད་ལ་སྔགས་ཀྱི་སྒྲུབ་སྡེ་སུམ་ཅུ་རྩ་བདུན་ཕྱག་བཏབ་པ་རེད།

བོན་བསྟན་ཕྱི་དར་སྐབས་ཀྱི་དགོན་སྡེ་གཙོ་བོ་ཁག་ནི།

    ཕྱི་དར་བསྟན་པའི་སྲོལ་འཛིན་དམུ་རིགས་གཤེན་དང༌། རྒྱལ་བ་བྲུ། དབང་ལྡན་ཞུ། གྲུབ་ཐོབ་སྤ། མཁས་པ་རྨེའུ། དམ་པ་ཁྱུང༌། སྨད་དུ་ཞིག་པོ་བཅོ་བརྒྱད་སོགས་ཀྱི་གདན་ས་ཁག་ཡིན།

  དང་པོ། དམུ་རིགས་གཤེན་གྱི་གདན་ས་ལ་སྔ་བ་ནི། རུ་ལག་ལྷོ་ཡི་གནས་འབྲིག་མཚམས་གཉན་རྩེ་གད་དམར་གྱི་ལྷ་ཁང་ནི་བསྟན་པ་ཕྱི་དར་གྱི་ཐོག་མར་གཤེན་དཔལ་མགོན་འཕྲིན་ལས་ཀྱིས་༩༦༠ནང་ཕྱག་བཏབ། གཤེན་གྱི་གདན་ས་གཙོ་བོ་གཙང་གཡས་རུའི་བཞད་འཇདདཔལ་ལྡན་དར་ལྡིང་གསེར་སྒོ་ཁྲ་མོ་ནི། གཤེན་ཀུན་མཁྱེན་ཡེ་ཤེས་བློ་གྲོས་ཀྱིས་སྤྱི་ལོ་༡༢༣༣ལོར་ཕྱག་བཏབ་པར་འདོད་པ་མཁས་དབང་དཔལ་ཚུལ་སོགས་དང༌། སྤྱི་ལོ་༡༡༧༣ལ་ཕྱག་བཏབ་པར་འདོད་པ་མཁན་ཆེན་ཉི་མ་སོགས་ཡིན། ད་དུང་གཤེན་གྱི་གདན་ས་རི་རྒྱལ་དགོན་ཁྲི་བརྟན་ནོར་བུ་རྩེ་ནི། སྤྱི་ལོ་༡༣༦༠ནང་གཤེན་གྱི་གདན་རབས་བཅོ་ལྔ་པ་དམུ་གཤེན་ཉི་མ་རྒྱལ་མཚན་གྱིས་ཕྱག་བཏབ་པ་རེད།

    གཉིས་པ། རྒྱལ་བ་བྲུ་ཡི་གདན་ས་གཡས་རུ་བ་གོར་དབེན་ས་ཁའམ། གཡས་རུ་དབེན་དགོན་བདེ་ཆེན་བསམ་གཏན་གླིང་ནི། བྲུ་རྗེ་གཡུང་དྲུང་བླ་མས་ཆུ་བྱི་༡༠༧༢ལོར་ཕྱག་བཏབ་ནས་ད་བར་མི་ལོ་༩༣༢ཙམ་ཕྱིན། གནས་དེར་གཡས་རུའི་སྟོན་པ་བཅོ་བརྒྱད་ཅེས་གྲགས་སྙན་ཆེན་པོ་བྱུང༌།

      གསུམ་པ། དབང་ལྡན་ཞུ་ཡི་གདན་ས་སྔ་བ་རུ་ལག་ཉང་སྟོད་སྐྱིད་མཁར་རི་ཞིང་དགོན་ནི། དབང་ལྡན་ཞུ་གཡས་ལེགས་པོས་དུས་རབས་བཅུ་གཅིག་པའི་ནང་སྟེ། སྤྱི་ལོ་༡༠༠༢ནང་ཙམ་ལ་ཕྱག་བཏབ། ཞུ་ཡི་གདན་ས་གཙོ་བོ་དབང་ལྡན་ལྷུན་གྲུབ་སྒང་ནི་དུས་རབས་བཅུ་གཉིས་པའི་སྟོད་སྐོར་ཙམ་ལ་སངས་རྒྱས་ཞུ་ཆེན་གྱིས་ཕྱག་བཏབ།

     བཞི་པ། གྲུབ་ཐོབ་སྤ་ཡི་གདན་ས་ཆེ་བ་ལ་སྟོད་ལྷོའི་ལ་ཕུག་བདེ་ཆེན་སྒང་ནི། དུས་རབས་བཅུ་གཅིག་པའི་ནང་ལ་སྤ་སྟོན་དཔལ་མཆོག་བཟང་པོས་ཕྱག་བཏབ་པའམ། ཁ་གཅིག་གིས་དཔལ་ལྡན་བཟང་པོས་ཕྱག་བཏབ་ཀྱང་ཟེར། མདོར་ན་སྤ་ལ་བཟང་པོ་བཅུ་གསུམ་ཅེས་པའི་སྙན་གྲགས་ཅན་གྱི་བླ་རབས་མང་པོ་བྱུང༌།

      ལྔ་པ། མཁས་པ་རྨེའུའི་གདན་ས་སྔ་བ་གཡས་རུའི་ཤང་གུར་ཞོག་དགོན་པ་ནི། རབ་བྱུང་དང་པོའི་དུས་རབས་བཅུ་གཅིག་པའི་ནང་རྨེའུ་སྟོན་ལྷ་རི་གཉེན་པོས་ཕྱག་བཏབ། རྨེའུའི་གདན་ས་གཙོ་བོ་གཙང་སྙེ་མོ་ནང་དཔལ་ལྡན་བཟང་པོ་རི་ནི། རབ་བྱུང་གཉིས་པའི་ནང་སྟེ་སྤྱི་ལོ་༡༠༩༦ཙམ་ལ་མཁས་མཆོག་ཚུལ་ཁྲིམས་དཔལ་ཆེན་གྱིས་ཕྱག་བཏབ།

     དྲུག་པ། དམ་པ་ཁྱུང་གི་གདན་ས་ཁག་ནི། ཁྱུང་དཀར་གྱི་གདན་ས་བྲག་དམར་རི་འདུས་ནི་གྲུབ་ཆེན་ཉི་མ་རྒྱལ་མཚན་གྱིས་གདན་ས་ཡིན། ཁྱུང་ནག་གདན་ས་གཙོ་བོ་རྩེ་དྲུག་ཤེལ་བྲག་གཤེན་བསྟན་དྲི་མེད་གླིང་ནི། མུ་ཁྲིས་སྒྲུབ་སྡེ་སོ་བདུན་བཙུག་པའི་ནང་ཚན་ཞིག་ཡིན་ཀྱང༌། ཕྱིས་དུབ་རབས་བཅུ་བཞི་པའི་ནང་སྟེ་༡༣༨༣ལ་སྤྲུལ་སྐུ་བློ་ལྡན་སྙིང་པོས་བཞེངས་བསྐྲུན་གནང༌། ཁྱུང་སེར་གདན་ས་གཙོ་བོ་བྱ་ཟེའི་ཡང་རྫོང་ནི་ཁྱུང་སེར་བླ་མ་འབུམ་རྒྱལ་གྲགས་པས་སྤྱི་ལོ་༡༤༡༣ ནང་ཕྱག་བཏབ།

      གཞན་ཡང་མདོ་སྨད་ཕྱོགས་སུ་ཞིག་པོ་བཅོ་བརྒྱད་ཀྱི་གདན་ས་ཞེས་པའི་ནང་ནས་གྲགས་ཆེ་བ། རྔ་ཡུལ་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་ནི། སྟོད་ནས་ཆད་པའི་སྣང་ཞིག་དོ་འཕགས་ཆེན་པོའི་སྲས་ཆེ་བ་ཉི་མ་འཛིན་གྱིས་དུས་རབས་བཅུ་གཉིས་པའི་ནང་སྟེ། སྤྱི་ལོ་༡༡༠༨ལོར་ཕྱག་བཏབ་པ་རེད། དགོན་དེར་ད་ལྟའི་སྐལ་བཟང་བློ་གྲོས་རྒྱ་མཚོ་བར་གདན་རབས་སོ་དགུ་ཙམ་ཕྱིན་ཡོད།

གཞན་གངས་ཅན་བོད་ཀྱི་ཡུལ་དུ་གྲགས་ཆེ་བའི་གྲྭ་ས་གོང་འོག་བར་གསུམ་ནི།

     དང་པོ་གྲྭ་ས་གོང་མ་བཀྲ་ཤིས་སྨན་རིའི་གླིང་ནི། རྒྱལ་བ་མཉམ་མེད་ཆེན་པོས་༡༤༠༥ལོར་ཕྱག་བཏབ་ནས་ད་ལྟའི་རྩ་བླ་ྋལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་བར་མཁན་རབས་སོ་གསུམ་ཙམ་ཕྱིན། གྲྭ་ས་བར་མ་མཁར་སྣ་བསམ་བསྟན་གླིང་ནི། སྨན་རིའི་མཁན་རབས་ཉེར་ལྔ་པ་འགྲོ་མགོན་ཤེས་རབ་གཡུང་དྲུང་གིས་༡༨༧༣ལོར་ཕྱག་བཏབ་ནས་བླ་རབས་དྲུག་ཙམ་སོང་མྱོང༌། གྲྭ་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་ནི། སྣང་སྟོན་ཟླ་བ་རྒྱལ་མཚན་གྱིས་༡༨༣༤ལོར་ཕྱག་བཏབ་མཁན་རབས་བཅུ་ཙམ་སོང་བ་རེད།

     གཞན་གཡུང་དྲུང་བོན་གྱི་དགོན་སྡེ་གཙོ་ཁག་སྟོད་ཞང་ཞུང་ཁྱུང་ལུང་དངུལ་མཁར་ནས་སྨད་རྒྱ་མཚམས་གོང་བུ་དམར་རུ་ཡན་ཆོད་དུ་འདུས་སྡེ་སྟོང་ཕྲག་གྲངས་སུ་འཕེལ་བའི་ལོ་རྒྱུས་ཡོད་ཀྱང༌། ཕྱིས་རིག་གནས་གསར་བརྗེ་ཞེས་པའི་གཉན་འཕྲང་གི་རྫེས་སུ། ཕལ་ཆེར་སྤྱི་ལོ་༡༩༨༠ཡས་མས་ནས་ད་བར་ཉམས་གསོ་བྱུང་བ་དགོན་སྡེ་ཉིས་བརྒྱ་ལྷག་ཙམ་ལས་མེད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག