ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> དགོན་སྡེ་རི་ཁྲོད། >> ཤར་རྫ་གཡུང་དྲུང་ལྷུན་པོའམ་ཤར་རྫའི་རི་ཁྲོད།
ཤར་རྫ་གཡུང་དྲུང་ལྷུན་པོའམ་ཤར་རྫའི་རི་ཁྲོད།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། མཁན་ཉི་མ་བསྟན་འཛིན།] [ཟླ་ཚེས། 10-10-19] [ཀློག་གྲངས། ]

༄༅།། ཤར་རྫའི་རི་ཁྲོད་ཀྱི་ལོ་རྒྱུས་ཉུང་བསྡུས་ལྷ་ཤིང་ལྗོན་པའི་ཚོམ་བུ་ཞེས་བྱ་བ་བཞུགས་སོ།།

རྨད་བྱུང་སྤངས་རྟོགས་མཐར་ཕྱིན་བདེ་བར་གཤེགས། །
བདེན་གཉིས་ཀྱིས་བསྡུས་ལུང་རྟོགས་འཕྲུལ་ངག་བོན། །
དེར་འཛིན་རིག་གྲོལ་བརྒྱད་ལྡན་སེམས་དཔའི་ཚོགས། །
སྐྱབས་གསུམ་ཀུན་འདུས་བླ་མས་ཤིས་པ་སྩོལ། །
ཆེར་སྙིགས་དུས་ཀྱི་སྨག་རུམ་འཐིབས་པའི་དཔུང༌།།
ཕྱི་ཕྱིར་བདོ་བས་སྒྲུབ་བརྒྱུད་ཉིན་མོར་བྱེད། །
ལོག་སྤྱོད་ཆུ་ལྷའི་ཕང་བར་ནུབ་དོགས་ནས། །
ཤར་རྫའི་སྟོན་པ་བྱོན་ལ་སྙིང་ནས་འདུད། །
གང་དེའི་ཡོངས་རྫོགས་བསྟན་པའི་སྙིང་པོ་ཀུན། །
སྲིད་མཐར་གནས་པའི་མཛད་བཟང་འོད་དཀར་གྱིས། །
བསྟན་པའི་ཚལ་ཆེན་ཕྱོགས་བརྒྱར་བཞད་པའི་གཉེན། །
རྒྱལ་ཚབ་རིམ་པར་བྱོན་རྣམས་སྤྱི་བོར་བསྟེན། །
ལྔ་བརྒྱའི་དུས་འདིར་ཡང་དབེན་རི་སུལ་ན། །
སྒྲུབ་པ་ཉམས་སུ་བཞེས་པ་ཉིན་སྐར་གྱི། །
ཟླ་བོར་བསྙེགས་པའི་ཚུལ་ལ་ཉེ་བ་ན།།
ཤར་རྫའི་རི་འདི་ཆེད་དུ་བསྐྲུན་པ་འདྲ།།
དེ་ཕྱིར་ཞིང་འདིའི་དགེ་མཚན་ཉི་མའི་སྙིང་། །
བདག་བློ་མིག་གིས་བལྟ་བར་མི་བཟོད་མོད། །
རབ་རིབ་མཐོང་བ་འཁྱོག་ཚིག་རྣམས་སྤངས་ནས། །
ཇི་བཞིན་བརྗོད་པའི་གཏམ་ལ་བདག་ཡིད་སྤྲོ། །

     ཞེས་མཆོད་བརྗོད་སོགས་སྔོན་དུ་བཏང་ནས་སྐབས་འདིར་གང་གླེང་བར་བྱ་བ་ནི། དེ་ཡང་འོ་སྐོལ་འཇིག་རྟེན་གྱི་སྟོན་པ་འགྲོ་བ་ལྷ་དང་བཅས་པའི་སྐྱེ་རྒུ་མཐའ་དག་གི་དཔུང་གཉེན་དུ་གྱུར་པ། རྣམ་འདྲེན་དམུ་རྒྱལ་སྲས་པོའི་བདག་རྐྱེན་ལ་བརྟེན་ནས་གསུངས་པའི་འཕྲུལ་ངག་བོན་སྒོ་མ་ལུས་མདོར་ལེགས་པར་དྲིལ་ན། ཆིངས་ཆེན་པོ་གསུམ་ལ་འདུས་ཏེ་སྤྱོད་སྒྲུབ་སྒོམ་གསུམ་གྱི་བསྟན་པ་རིན་པོ་ཆེ་དེ་ཉིད་སྤེལ་བ་ལ་འགྲན་པའི་ཟླ་དང་བྲལ་བའི་སྒྲུབ་བརྒྱུད་ཀྱི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་རྗེ་བཙུན་དམ་པ་རི་ཁྲོད་པའི་ཕྱག་ལེན་མ་ནོར་བར་བསྐྱངས་པའི་སྙིགས་དུས་ཀྱི་འདྲེན་པ་ཆེན་པོ། མཁས་གྲུབ་སྟོང་གི་སྤྱི་གཙུག་ཏུ་ཞབས་སྐྱེས་ནོར་བའི་འོད་རིས་ངལ་གསོ་ཐོབ་པ། མཚུངས་མེད་དགེ་བའི་བཤེས་གཉེན་ངེས་དོན་གྱི་གཡུང་དྲུང་འཆང་དབང་ཆེན་པོ་རྒྱལ་དབང་ཤར་རྫ་པ་དེ་ཉིད་ཀྱིས་བསྟི་གནས་སུ་གྱུར་པ། ཟབ་པ་དང་རྒྱ་ཆེ་བའི་སྒྲུབ་བརྒྱུད་ཀྱི་སྙིང་པོ་འཛིན་པའི་ཤར་རྫ་གཡུང་དྲུང་ལྷུན་པོའི་དབེན་གནས་སམ་ཤར་རྫའི་རི་ཁྲོད་ཅེས་མཚན་སྙན་གྲགས་པའི་བ་དན་ཀུན་ཏུ་གཡོ་བ་དེ་ཉིད་ཆགས་པའི་ཡུལ་གྲུ་ནི།

   

  བོད་ཁ་བ་ཅན་གྱི་ཡུལ་ཆོས་ལྡན་གྱི་ཞིང་ཁམས་ཞེས་མཚན་སྙན་འཛམ་གླིང་ཆེ་རྒུའི་རྣ་བར་བདུད་རྩི་ལྟར་གྱུར་པའི་མདོ་སྨད་ས་ཡི་ཐིག་ལེ། བོད་ཁམས་འདུ་གནས་ཉེར་ལྔའི་གཙོ་བོར་གྱུར་པ། ཁྲོ་བོ་གཙོ་མཆོག་མཁའ་འགྱིང་གིས་བྱིན་གྱིས་རླབས་པའི་གནས་ཆེན་གྱེར་ཟ་མཆེད་གསུམ་གྱི་ཡ་གྱལ་ཤར་རྫ་གཡུང་དྲུང་ལྷུན་པོའི་རི་ཉིད་ཡིན་ལ། དེ་ཡང་ཐོག་མར་དབེན་གཞིས་སུ་བསྟེན་ནས་ཕྱག་བཏབ་གནང་མཁན་ནི་འཇའ་ལུས་པ་ཆེན་པོ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་མཆོག་ཉིད་ཡིན་ཏེ། གཏེར་ལུང་ལས། ཤར་རྫའི་ཞིང་དུ་རྒྱལ་མཚན་མཚནཿ ཞིག་པོའི་ཆས་ཅན་རྣལ་འབྱོར་དེསཿ འབྲེལ་ཚད་བདེ་ཆེན་ཞིང་དུ་འདྲེནཿ སྨིན་གྲོལ་ནམ་མཁའི་ཁྱོན་དང་མཉམཿ ཞེས་ཚད་མའི་ལུང་གིས་གསལ་བར་བསྟན་པ་བཞིན་ཀུན་མཁྱེན་ཤར་རྫ་པ་ཁོང་ཉིད་སྐུ་ཆུང་དུས་ནས་དབེན་གནས་བསྟེན་ནས་རྣལ་འབྱོར་པའི་ཆས་སུ་ཞུགས་པ་ལ་ཐུགས་མཉེས་པ་ཞིག་ཡིན་པ་རྣམ་ཐར་ཆེན་མོ་ལས་གསལ་བ་ལྟར་ཡིན། ཁྱད་པར་དུ་ལྕགས་མོ་ཡོས་སྤྱི་ལོ ༡༨༩༡ ལོར་རྗེ་ཤར་རྫ་པ་དགུང་ལོ་སོ་གསུམ་ལ་ཕེབས། དེའི་སྐབས་སུ་ས་གསུམ་གྱི་འདྲེན་པ་ཆེན་པོ་རྗེ་མཉམ་མེད་བླ་མའི་རིང་ལུགས་དྲི་མ་མེད་པ་དང༌། རྨད་དུ་བྱུང་བའི་འཁོར་ལོ་གསུམ་གྱི་འཕྲིན་ལས་ལ་བརྟེན་ནས་སྒྲུབ་བརྒྱུད་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་རྗེ་བཙུན་དམ་པ་རི་ཁྲོད་པའི་གསང་གསུམ་ཐེག་པའི་རྣམ་ཐར་གྱི་རྗེས་སུ་གཞོལ་ནས། བསྟན་པའི་སྙིང་པོ་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་རྒྱལ་གཤེན་བསྟན་པའི་མེ་རོ་སླར་ཡང་བསླངས་པ་ཐུགས་ལ་དགོངས་ཏེ། མཆེད་གྲོགས་དམ་པ་ཚུལ་ཁྲིམས་དབང་ཕྱུག་དང་ལྷན་དུ་གནས་ཆེན་གྱེར་ཟའི་རི་ངོགས་སུ་ཁམས་གསེང་ལ་བྱོན་ཏེ་རིའི་རྐེད་པར་བསླེབས་པ་དང༌། རི་ངོགས་ཕན་ཚུན་ན་འཇའ་གུར་ཟླུམ་པོར་འཁྱིལ་བའི་འཇའ་སྣེ་རྣམས་ཁོང་གཉིས་ཀྱི་མདུན་ཕྱོགས་ཕ་བོང་ཞིག་ཡོད་པའི་སྟེང་དུ་ཟུག་པ་ལ། ཚུལ་ཁྲིམས་དབང་ཕྱུག་ནས་ད་རེས་མ་གཏོགས་འཇའ་གུར་ནང་འདུག་མ་མྱོང་ཟེར་ནས་རྡོ་སྟེང་ཕྱིན་ཏེ་མཉམ་བཞག་ངང་བཞུགས་ཚུལ་མཛད་པ་སོགས་རྟེན་འབྲེལ་གྱི་མཚན་མ་དགེ་བ་བྱུང༌། བླ་མས་ཀྱང་དབེན་གནས་འདིར་རི་ཁྲོད་ཅིག་ཟིན་ན་ཅི་མ་རུང་སྙམ་པའི་ཐུགས་སྨོན་དང་ཤིས་བརྗོད་གནང་ཞིང་གནས་དེར་ཞག་གཅིག་བཞུགས་པར་གནང༌། ཕྱིས་ཉམས་དང་རྟོགས་པའི་རྣལ་འབྱོར་པ་གཡུང་དྲུང་བསྟན་པ་ཉིད་དང་ཁོང་གཉིས་ས་དཔེའི་ལེགས་ཉེས་ལ་གཟིགས་པར་གནས་དེར་བྱོན། རྣལ་འབྱོར་པ་དེས་ས་འདི་ཉམས་དགའ་ལ་ས་བབ་ཡང་པ་ཞིག་འདུག་གསུངས་ཏེ་ཐུགས་དགྱེས་ཚོར་ཆེན་པོར་གནང༌། ས་དེ་ལ་སྔར་ནས་བཀྲ་ཤིས་ཁྱུང་ལུང་ཞེས་འབོད་སྲོལ་ཡོད་པས་རྟེན་འབྲེལ་ཅིས་ནས་ཀྱང་ལེགས་པར་དགོངས་ཏེ། མ་འོངས་པར་ཁྱུང་ལུང་དངུལ་མཁར་གཉིས་པ་ལྟ་བུ་དཔོན་སློབ་ཐམས་ཅད་བཀྲ་ཤིས་བྱིན་ཆགས་པའི་ངང་ནས་སྒྲུབ་བརྒྱུད་ཀྱི་བསྟན་པ་ཡུན་རིང་དུ་བསྐྱངས་ཤིང༌། བཤད་སྒྲུབ་སྒོམ་གསུམ་ཉམས་སུ་བསྟར་བའི་འདུས་སྡེ་རབ་ཏུ་འཕེལ་བའི་རྨིས་ལྟས་བཟང་པོ་ཤར་བར་གྱུར་ཏོ། །

       དེ་ནས་རྗེ་བླ་མ་མཆོག་དགུང་ལོ་སོ་བཞི་ལ་ཕེབས་སྐབས། ཐོས་དོན་རང་རྒྱུད་ལ་སྦྱོར་བའི་ཐུགས་འདུན་ཟབ་མོས་བསྐུལ་ཏེ། ཚེ་འདི་བློས་བཏང་བའི་སྒོ་ནས་དངོས་རྫས་རྒྱུ་ནོར་སོགས་ཡོད་དོ་ཅོག་རྣམས་མཆོད་སྦྱིན་གྱི་ཕྱོགས་སུ་བཏང་ནས་སྤོང་དག་ལེགས་པར་མཛད། དེ་ནས་སྔར་གྱི་འཇའ་སྣེ་ཟུག་པའི་ཕ་བོང་གི་ཤུལ་དུ་གུར་ཆུང་ཞིག་ཡོད་པ་དེ་ཕུབ་ནས་བཞུགས། ཕྱིས་བྱ་བྲལ་བའི་བསམ་གཏན་གྱི་ཁང་ཆུང་ཞིག་བརྩིགས་ཏེ་བཞུགས་པར་མཛད། གཞིས་གནས་དེ་ལ་བདེ་ཆེན་རི་ཁྲོད་དྲང་སྲོང་དགྱེས་པའི་སྐྱེད་ཚལ་ཞེས་མཚན་གསོལ་ཏེ་རྗེ་བླ་མའི་སྐུ་ཚེ་ཧྲིལ་པོའི་བསྟི་གནས་སུ་གྱུར་པ་སྟེ། གྲུབ་མཐའི་རྒྱལ་པོ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་དབུ་འཕང་དགུང་དུ་འདེགས་པའི་གཞི་ཚུགས་ཤིང༌། དེ་ནས་བཟུང་ཕྱོགས་སོ་སོ་ནས་ཐོས་བསམ་གྱི་གནས་ལ་མོས་པའི་སློབ་མ་རྣམས་མ་བསྡུས་པར་ཡང་གནས་འདིར་ངང་གིས་འདུས་པར་གྱུར། སྤྱིར་གནས་ཆེན་གྱེར་ཟ་གཡུང་དྲུང་ལྷུན་པོ་ནི་སྔོན་ཚེ་ནས་ཀྱང་འཆི་མེད་དྲན་པ་ཡབ་སྲས་ཀྱིས་སྐུ་གསུང་ཐུགས་སུ་བྱིན་གྱིས་རླབས་ཏེ་གནས་སྒོ་ཕྱེས་ཟིན་པ་ལ། ཕྱིས་ཉག་རོང་ནས་གྲུབ་པའི་གཏེར་སྟོན་ཆེན་པོ་བསྟན་གཉིས་གསང་སྔགས་གླིང་པ་མཆོག་རྫ་ཁོག་སྟོད་སྨད་དུ་བསྟན་འགྲོའི་དོན་ལ་ཆིབས་བསྐྱོད་གནང་བ་དང་བསྟུན་ནས་རྗེ་དཔོན་སློབ་ཡོངས་ནས་རིག་འཛིན་མཁའ་འགྲོའི་ཚོགས་མཆོད་དང་འབྲེལ་བའི་མཎྜལ་དང་བཅས་ཏེ་ཤར་རྫ་གཡུང་དྲུང་ལྷུན་པོའི་གནས་གཏེར་གྱི་སྒོ་འབྱེད་པའི་སྙན་སྒྲོན་ཕུལ་བས། བླ་མས་ཀྱང་རྟེན་འབྲེལ་དགེ་བའི་ཞལ་བཞེས་གནང་བར་མཛད་དེ་ས་ག་ཟླ་བའི་ཚེས་བཅུའི་ཉིན་གནས་ཀྱི་སྒོ་ཕྱེས་ཤིང་ཟབ་གཏེར་གྱི་དངོས་གྲུབ་བརྙེས། དེ་ནས་ཞབས་སྐོར་ལ་བྱོན་ཏེ་དཀར་ཆག་ནང་དུ་འཁོད་ཡོད་པ་བཞིན་བཀའ་རྟགས་ཕྱག་རྗེས་རང་བྱོན་ཡོད་པ་རྣམས་ངོ་སྤྲོད་དང་ངོས་འཛིན་གནང༌། 

          དེ་ཡང་འདུས་སྡེ་ཞིག་ཡིན་ཕྱིན་ཆད་བསྟན་འཛིན་གོང་མ་རྣམས་ཀྱི་ཕྱག་སྲོལ་བཞིན་སྒྲིགས་ཡིག་ཆེན་མོ་ལ་བརྟེན་ནས་དགེ་འདུན་པ་བཙའ་སྐྱོང་བྱེད་དགོས་ཀྱང༌། ངེས་མེད་ཀྱི་དབེན་གནས་འགྲིམས་པའི་བྱ་བྲལ་བ་རྣམས་འཕགས་པའི་རིགས་བཞིའི་མཛད་སྣང་གི་རྗེས་སུ་གཞོལ་ཞིང༌། བྱ་བྱེད་ཐ་མལ་དུ་མི་བཏང་སྟེ་དུས་གསུམ་འབྲལ་མེད་ཀྱི་རྣལ་འབྱོར་པ་བྱ་བ་ཡིན་པས་རྣལ་འབྱོར་པའི་རང་ཁྲིམས་ལས་དགེ་འདུན་པའི་སྒྲིགས་ཁྲིམས་ཆེན་པོ་བཞེད་སྲོལ་མེད་ཀྱང༌། དགེ་སྦྱོར་ཡལ་བར་མི་འགྲོ་ཞིང་སྒོ་གསུམ་དགེ་ལ་བསྐུལ་བའི་ཕྱིར་དུས་དང་རྣམ་པ་ཀུན་ཏུ་འཆད་ཉན་དང་སྒོམ་སྒྲུབ་ཀྱིས་དུས་འདའ་བའི་བཀའ་སྲོལ་ཡང་དག་རྣམས་ལྷུར་ལེན་མཛད་པ་ལ་རྗེ་བླ་མ་ཉིད་ཀྱང་ཡིད་མངོན་པར་ཕྱོགས་སོ། །དེ་ཡང་རི་ཁྲོད་དུ་ཕེབས་པའི་ཕྱོགས་འདུས་ཀྱི་སློབ་མ་སུ་ཡིན་ཀྱང༌། ངེས་འབྱུང་དང་འདོད་ཆུང་ཆོག་ཤེས་ལ་བརྟེན་ནས་གནས་ཁང་ཡང་རང་ཤོང་སྐྱིལ་བུ་ཁང་རེ་བརྩིགས་ཏེ་བཞུགས་པ་དང༌། རྟག་ཏུ་དབེན་གནས་སུ་གཉུག་མར་གནས་པ་ལས་དཀོར་ནག་གི་རྙེད་ཚོལ་སོགས་གཏན་མི་སྒྲུབ་ཅིང༌། ཤུགས་ནས་བྱུང་བའི་ཡོན་སྦྱོར་གྱི་འབུལ་རྫས་སོགས་ཕྲན་བུ་རེ་ཡོད་ཀྱང་ཞག་བདུན་ལས་མི་འཇོག་པར་མཆོད་སྦྱིན་གྱི་ཚོགས་སུ་གཏང་བའི་ཞལ་སྲོལ་ཡོད་པ་དང༌། དཔོན་སློབ་ཡོངས་ནས་ཀུན་སྤངས་བྱ་བྲལ་གྱི་བརྟུལ་ཞུགས་ངོས་ཐོས་བསམ་གྱི་སློབ་རྒྱུན་ཆག་མེད་མཛད་པ་དང༌། སྦྱོང་འབྲས་རྒྱུད་ལ་སྦྱར་ཏེ་བསམ་གཏན་གྱི་སྟན་ལ་ལྷམ་མེར་བཞུགས་ཤིང༌། ཉིན་མཚན་ཐུན་དྲུག་གི་ལམ་སྣང་ལམ་དུ་བསླངས་བའི་བླ་ན་མེད་པའི་མཛད་སྤྱོད་གཙང་མ་རྣམས་ནི་སྙིགས་མའི་དུས་འདིར་སྒྲུབ་བརྒྱུད་ཀྱི་བསྟན་པ་ཉམས་ཕྲ་བ་ལྟར་སོང་བ་ལ། དབེན་གནས་འདི་ནས་སྒྲུབ་སྡེའི་མེ་རོ་སླར་ཡང་བསླངས་པའི་མཛད་པ་གཙོ་བོ་སྟེ། བཤད་པ་འཆད་ཉན་དང་སྒྲུབ་པ་ཉམས་ལེན་གྱི་གྲྭ་སྡེ་ཆེན་པོའི་ཕྱག་སྲོལ་ལ་བརྟེན་ནས་བསྟན་པ་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་ཕྱོགས་ཀུན་ཏུ་དར་བར་མཛད་པ་ཡིན་ཏེ། ད་ལྟ་ཕྱོགས་སོ་སོ་ན་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་ཁྱབ་ཆེ་བཞིན་པ་རྣམས་སོ།།བླ་མའི་རྨད་དུ་བྱུང་བའི་སྐུ་གསུང་ཐུགས་ཀྱི་མཛད་པ་སྤྱི་དང༌། ཁྱད་པར་རྒྱལ་བ་སྲས་དང་བཅས་པའི་བཀའ་ལུང་གི་དགོངས་དོན་མ་ལུས་གཅིག་ཏུ་དྲིལ་བ་མཛོད་ཆེན་པོ་ལྔ་གཙོས་པའི་ལྗགས་རྩོམ་སྐོར་གང་མང་ཞིག་བཞུགས་པ་རྣམས་ཀྱང་ཕལ་ཆེར་གནས་འདི་ནས་གསུང་པ་ཤ་སྟག་ཡིན་ཞིང༌། ཁོང་གི་རྣམ་ཐར་ཆེན་མོར་འཁོད་པ་ལྟར་ལྔ་རིག་མཁྱེན་སྤྱན་ཡངས་པའི་པཎྚི་ཏ། ཉམས་རྟོགས་བདུད་རྩིས་མྱོས་པའི་རྣལ་འབྱོར་པ། སྡོམ་གསུམ་བཅས་མཚམས་གཙང་བའི་འདུལ་འཛིན་པ། རིགས་དང་དཀྱིལའཁོར་བདག་ཉིད་སྔགས་འཆང་བ། སུམ་ལྡན་རིག་པ་འཛིན་པའི་བཤེས་གཉེན་སོགས་ཞྭ་དཀར་བསྟན་པའི་བརྒྱུད་འཛིན་སྐྱེས་མཆོག་ཕལ་མོ་ཆེ་རྣམས་དང༌། མདོར་ན་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཁྱད་འཕགས་དང་ལྡན་པ་མང་དུ་བྱུང་བ་རྣམས་ཀྱང་དབེན་ཁྲོད་འདི་ནས་སྦྱོང་བ་དཔྱིས་སུ་ཕྱིན་ཞིང༌། རྟོགས་གྲོལ་གྱི་དགོངས་པ་ཀློང་དུ་གྱུར་པ་ཁོ་ནའོ། །

       བོད་ཆུ་མོ་བྱ་སྤྱི་ལོ ༡༩༣༣ ལོར་ཤར་རྫ་པ་དགུང་ལོ་དོན་ལྔ་ལ་ཕེབས་སྐབས། གྲུབ་པའི་གཏེར་སྟོན་ཆེན་པོ་བསྟན་གཉིས་གསང་སྔགས་གླིང་པ་མཆོག་གིས་ཞལ་གསུང་གནང་སྟེ་རྗེ་བླ་མའི་བསྟན་པ་འདི་མ་འོངས་པར་ཡུན་དུ་གནས་ཕྱིར་བསྟན་པ་རྗེས་བཞག་གི་བཀོད་པ་སྒྲུབ་སྡེ་ཞིག་དགོས་གལ་ཆེ་བས་བསྟན་པའི་རྒྱུན་ལ་ཕན་པའི་ཞབས་འདེགས་བསྒྲུབ་དགོས་པའི་གསུང་འབྱོན་གནང་བ་བཞིན། ཁྱུང་དབོན་དམ་པ་ཉི་མ་རྒྱལ་མཚན་སོགས་ཉག་རོང་དང་རྫ་པ་རྣམས་ཕན་ཚུན་གྲོས་འཆམ་བྱས་ཏེ་བསྟན་པའི་རྗེས་བཞག་གི་སྒྲུབ་སྡེའི་གནས་གཞི་འཛུགས་པ་ལ་ཉེ་བར་ཞུགས་སོ།། དེ་ཡང་གཏེར་ཆེན་གྱི་ཐུགས་དགོངས་བཞིན་བདེ་ཆེན་རི་ཁྲོད་དེ་སྒྲུབ་གནས་ཡང་དབེན་གོང་མ་མཛད་ངོས། འོག་གི་དགེ་ཐང་ཞེས་པའི་ས་གནས་དེ་སྒྲུབ་སྡེ་འཛུགས་པའི་གནས་གཞིས་བསྐྲུན་ན་ལེགས་པའི་རྒྱུ་མཚན་གྲུབ་དབང་ཤར་རྫ་པ་ལ་སྙན་གསན་ཕུལ་བས། སྤྱིར་བླ་མ་ཁོང་ཉིད་བྱ་བྲལ་ཆིག་རྐྱང་གི་བརྟུལ་ཞུགས་ཁོ་ན་ལས་ཆེར་རློམ་དང་སྙན་གྲགས་ཀྱིས་སྒར་སྡེ་ཆེན་པོའི་བྱ་བཞག་བཟུང་བ་ལ་གཏན་མི་དགྱེས་ཀྱང༌། མ་འོངས་བསྟན་པའི་རྒྱུན་ལ་ཕན་པ་ཡེ་ཤེས་ཀྱིས་གཟིགས་པ་མི་དམན་ཕྱིར་དེ་བཞིན་ཐུགས་བཞེད་གནང༌། དེ་ནས་བླ་སློབ་ཡོངས་རྫོགས་ཐུགས་གྲོས་བཀའ་སྡུར་མཛད་ཐོག་རྗེ་བླ་མ་དགེ་ཐང་དུ་ས་གཟིགས་ལ་ཕེབས་ཏེ་རྟེན་འབྲེལ་གྱི་མཚན་རྟགས་ཡ་མཚན་པ་དུ་མ་བྱུང་བར་བརྟེན་སྒྲུབ་སྡེའི་བཀོད་པ་གསར་དུ་བསྐྲུན་པ་ལ་གཏེར་ཆེན་གྱི་དགོངས་བརྟག་བཞིན། ཁམས་ཆེན་ཀློག་འདོན། སྣང་སྲིད་འཁྲུགས་བཅོས། ལས་བཞི་རྒྱུན་ལྔའི་སྦྱིན་བསྲེགས། སྣང་ཞི། བྱམས་མ། བསམ་ལྷུན་སོགས་ཀྱི་སྐུ་རིམ་མཛད་དེ་ཐུགས་བསྐྱེད་ཟབ་མོས་ས་གནས་བྱིན་གྱིས་རླབས་ཤིང༌། མ་འོངས་རྗེས་འཇུག་རྣམས་དགེ་བསམ་ལེགས་ལམ་དུ་འགྱུར་བའི་ཐུགས་སྨོན་གནད་སྨིན་མཛད། སྟེང་ཆེན་ཡུལ་དགོན་གཙོས་པའི་ཡུལ་སྡེ་མངའ་འབངས་སྤྱི་ནས་ཞབས་འདེགས་ཞུས་ཐོག སྒྲུབ་སྡེའི་ལྷ་ཁང་དང་བླ་མའི་གཟིམ་སྐྱིལ། གྲྭ་ཤག་ཉི་ཤུ་རྩ་བདུན་དང་ཕོ་གླིང་མོ་གླིང་སོ་སོར་ཕྱེས་ནས་གསར་སྐྲུན་གྱི་རྨང་གཏིང་མཛད། དེ་ནས་ཡེ་རིམ་འགྱངས་སུ་མ་སོང་བར་བོན་གྱི་བསྟི་གནས་གཞིས་ཆགས་ཀྱི་བཀོད་པ་ལེགས་འགྲུབ་བྱུང་ནས། རིན་པོ་ཆེ་མཆོག་གི་བསྟན་པའི་སྲོལ་རྒྱུན་བཤད་སྒྲུབ་ཀྱི་འདུས་སྡེ་མི་ཉམས་ཤིང་བླ་ལྷག་ཏུ་འཕེལ་བའི་གཞི་ཚུགས་པར་མ་ཟད། སློབ་ཚོགས་གསར་པ་རྣམས་ལ་རྗེ་དབོན་རིན་པོ་ཆེ་བློ་གྲོས་རྒྱ་མཚོ་ཟུར་ཁྲིད་ཀྱི་སྐྱོར་དཔོན་དུ་བསྐོ་བཞག་མཛད་དེ་བོན་གྱི་མཛོད་ཁང་ཆེན་པོ་གདུལ་བྱའི་ཚོགས་ཀྱི་ཞིང་མཆོག་དང་མ་འོངས་བསྟན་པའི་ས་བོན་དུ་བྱུང་བའོ། །

      སྤྱི་ལོ ༡༩༣༤ ལོར་རྗེ་བླ་མ་དགུང་ལོ་དོན་དྲུག་ལ་ཕེབས་སྐབས། ཕྱི་གསལ་ཡེ་ཤེས་ཀྱི་བཀོད་པ་ཐམས་ཅད་ནང་དབྱིངས་གཞོན་ནུའི་བུམ་སྐུའི་ཀློང་དུ་བསྡུས་ཏེ་ཟག་མེད་འཇའ་ལུས་སུ་གཤེགས་སོ། ། དེ་ནས་རྗེ་དབོན་བློ་གྲོས་རྒྱ་མཚོ་མཆོག་རྒྱལ་ཚབ་ཀྱི་བོན་གྱི་ཁྲི་ལ་མངའ་གསོལ་ཞིང༌། དམ་པ་ཁོང་གིས་རྗེ་བླ་མའི་གསང་གསུམ་བསྟན་པའི་ཕྱག་ལེན་དྲི་མ་མེད་པ་ཉམས་སུ་བསྟར་ནས་མདོ་སྔགས་རྫོགས་གསུམ་གྱི་ཁྲིད་རྒྱུན་སྤྱི་དང༌། བྱེ་བྲག་ཤར་རྫ་པའི་མཛོད་ཆེན་རྣམས་སོགས་སྔར་མུས་བཞིན་ཟབ་ཁྲིད་གནང་བར་མཛད་ཐོག རི་ཁྲོད་གོང་མ་བདེ་ཆེན་རི་ཁྲོད་དུ་ཨ་ཁྲིད་ཀྱི་རྩ་རླུང་ཐབས་ལམ་སྡེ་དྲུག་སོགས་རྫོགས་རིམ་སྐོར་དང༌། ཀུན་བཟང་སྙིང་ཐིག་གི་བར་ཁྲིད་སྦྱོང་ཐུན་བཞིའི་ཉམས་ལེན་གཙོ་བོར་གྱུར་པའི་སྒོམ་གྲྭ་གསར་འཛུགས་དང༌། རི་ཁྲོད་བར་མ་དགེ་ཐང་པད་མ་རྒྱས་པའི་དགའ་ཚལ་དུ་སྡེ་སྣོད་མཛོད་གཙོར་གྱུར་པའི་འཆད་ཉན་གྱི་སྦྱོང་གྲྭ་དང༌། གསས་མཁར་མཆོག་ལྔ་གཙོས་པའི་བསྙེན་མཚམས་ཀྱི་སྒྲུབ་གྲྭ་གསར་འཛུགས་ཀྱི་ཐུགས་འགན་བཞེས་ཤིང༌། དབྱར་ཁར་གསོ་སྦྱོང་དང་རྗེ་ཤར་རྫ་པའི་གདུང་མཆོད། དགུན་ཁར་མཉམ་མེད་བླ་མའི་དུས་མཆོད། ཕོ་གླིང་དང་མོ་གླིང་གི་གྲྭ་སྡེ་མ་འདྲེས་ཤིང༌། འདུལ་བ་དང་མཐུན་པའི་སྒྲིགས་ཀྱི་རྣམ་བཞག་གི་རིམ་པ་རྣམས་རྒྱལ་བ་སྨན་རི་བའི་རིང་ལུགས་དྲི་མ་མེད་པའི་ཕྱག་ལེན་དང་མཐུན་པར་གནང༌། དེ་ཡང་སྒྲུབ་གྲྭ་བ་རྣམས་ཀྱང་བཤད་སྒྲུབ་ཕྱོགས་ཆད་དུ་མ་སོང་བར་དབྱར་དཔྱིད་གཉིས་ལ་སློབ་མ་རང་རང་གི་འདོད་མོས་ལྟར་གྱི་འཆད་ཉན་དང༌། ཁྱད་པར་སྔོན་འགྲོའི་ཁྲིད་རིམ་སོགས་ལ་བརྟེན་ནས་རྒྱུད་སྦྱངས་བྱས་ཏེ་དགེ་བའི་གཞི་བཏིངས་པ་དང༌། བཀའ་གཏེར་སྙན་གསུམ་གྱིས་བསྡུས་པའི་དབང་ལུང་ཁྲིད་གསུམ་གྱི་རྒྱུན་ལ་ཆག་མེད་གསན་པ་དང༌། སྟོན་དགུན་གཉིས་ལ་བསགས་སྦྱོང་འབུམ་དགུ་དང་རྩ་རླུང་གིས་མཚོན་པའི་རྫོགས་རིམ་ཐབས་ལམ་གཏུམ་མོའི་ཉམས་ལེན་རྣམས་གནད་དུ་སྨིན་པར་བྱ་བ་དང༌། ཁྱད་པར་དུ་ཐེག་པ་ཀུན་གྱི་མཐར་ཐུག་ཨ་རྫོགས་སྙན་གསུམ་གྱི་དགོངས་དོན་རྣམས་དཔྱད་འཇོག་དང་ཞི་ལྷག་ཟུང་འབྲེལ་གྱི་སྒོ་ནས་ཉམས་ལེན་གྱི་གནད་དོན་ཐོག་ཏུ་ཕྱིན་པར་མཛད་པ་དང༌། སློབ་ཚོགས་རྣམས་གཙོ་བོ་རྣལ་འབྱོར་པའི་རང་ཁྲིམས་ལ་བརྟེན་ནས་ཕྱི་ནང་དུ་མ་འཛོལ་བར་བསམ་སྦྱོར་འགལ་མེད་ཀྱི་ལག་ལེན་ཐེབས་དགོས་པའི་ཞལ་སྲོལ་གནང་བར་མཛད་ཅིང༌། ཀུན་མཁྱེན་ཤར་རྫ་པའི་སྐུ་གདུང་གཙོས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་རྒྱ་ཆེར་གནང་བ་དང༌། བླ་མ་སོ་སོའི་བཀའ་བསྟན་བཅོས་སྐོར་ཁྲི་ལྡེབ་ཙམ་ཞིག་ཤིང་པར་རྐོ་བཞེངས་མཛད་དེ་ཕྱི་རབས་རྣམས་ལ་བཀའ་དྲིན་བླ་མེད་བསྐྱངས། 

        བོད་ཆུ་མོ་སྦྲུལ་སྤྱི་ལོ ༡༩༥༣ལོར་རྒྱལ་ཚབ་རིན་པོ་ཆེ་དགུང་གྲངས་སོ་དགུ་ལ་ཕེབས་སྐབས་དགོངས་པ་ཞི་དབྱིངས་སུ་གཤེགས་རྗེས་མཁས་ཤིང་གྲུབ་པའི་དབང་པོ་རྫ་བླ་ཚུལ་ཁྲིམས་དབང་རྒྱལ་མཆོག་གི་ལོ་ངོ་ཁ་ཤས་ལ་བཤད་སྒྲུབ་ཀྱི་བསྟན་པ་སྔར་མུས་ཤུལ་མཐུད་ཀྱི་མཛད་པ་ཆེད་བཞེས་ཀྱིས་སྒྲུབ་སྡེ་བསྐྱངས་པའི་བཀའ་དྲིན་བསྩལ། དེ་ནས་རིག་གསར་གྱི་འཚུབ་ལྷོང་བྱུང་ཞིང་དུས་ཀྱི་འགྱུར་ལྡོག་ཁྲོད་ནས་རྟེན་དང་བརྟེན་པ་བཅས་ཕལ་ཆེར་བརླག་པ་དང༌། ལོ་ངོ་དུ་མའི་རིང་ལ་བསྟན་པའི་དབུ་འཕང་དམའ་ཞིང་ལྡིང་བ་ལྟར་གྱུར་ཀྱང༌། སླར་ཡང་ཏང་གི་སྲིད་ཇུས་སྒྲིམ་ལྷོད་དང་འགྲོགས་ཏེ་བསྟན་པའི་འཕེལ་རིམ་བྱུང་བར་བརྟེན། ཉག་རོང་ནས་མཆོག་སྤྲུལ་ཨ་གཡུང་ངམ་གཤེན་བསྟན་མཐའ་རྒྱས་ཤར་རྫའི་རི་ཁྲོད་དུ་བྱོན་ཏེ་རྟེན་གསུམ་དང་ཤིང་པར་འཐོར་ཞིག་ཏུ་སོང་བ་རྣམས་ཕྱོགས་བསྡུས་དང་སྡུད་རུབ་མཛད་པ་དང༌། ལས་ལྡན་ཆོས་བུ་སོགས་ཀྱི་རོགས་སྐྱོར་འོག་སྒྲུབ་སྡེའི་ལྷ་ཁང་ཉམས་གསོའི་བཀོད་པ་མཛད། དེ་ནས་ཁྱུང་པོ་ཁོག་ནས་མཁན་པོ་ཉི་མ་ཚུལ་ཁྲིམས་རིན་པོ་ཆེ་མདོ་སྨད་དུ་ཕེབས་པ་དང་བསྟུན་ནས་རི་ཁྲོད་དུ་ཞབས་སོར་བཀོད་དེ། སྔོན་འགྲོ་རྩ་རླུང་མུན་མཚམས་སོགས་ཀྱི་དམིགས་ཁྲིད་གནང་ཞིང༌། ལྷག་པར་བཀའ་ཕྱི་ནང་གསང་བའི་དབང་ལུང་རྣམས་ཟླ་བ་ལྔའི་རིང་ལ་སྤེལ་བ་དང༌། འབྲེལ་འཇོག་གི་དངོས་རྫས་ཡོད་དོ་ཅོག་རྣམས་རི་ཁྲོད་སྤྱི་གཞུང་ལ་རྟེན་གསུམ་བཞེངས་པའི་ཆ་རྐྱེན་དུ་གནང་སྦྱིན་བསྩལ། 

      སྤྱི་ལོ ༡༩༨༤ ལོར་མཁན་པོ་ཉི་མ་རིན་པོ་ཆེ་གཙོས་དགོན་ཁག་ཉེར་གཅིག་གི་མི་སྣ་གཙོ་བསྡུས་བཅས་པའི་བཀའ་གྲོས་འཆམས་པའི་ངོས། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་དམ་པ་མཐུ་སྟོབས་རྣམ་རྒྱལ་མཆོག་དགུང་ལོ་ང་དགུའི་སྐབས་རྒྱལ་ཚབ་ཀྱི་བསྟན་པའི་ཁྲི་ལ་ཞབས་ཟུང་འཁོད། ཀུན་མཁྱེན་བླ་མའི་བཀའ་སྲོལ་བཞིན་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་སྒྲུབ་སྡེ་བསྐྱངས་ཏེ་ཉམས་པ་སོར་ཆུད་ཐོག སྔར་སྲོལ་བཞིན་དབྱར་དགུན་གྱི་འཆད་ཁྲིད་རྣམས་སྤེལ་བའི་ཞོར་དུ་ཁོང་ཉིད་ཀྱིས་གཙོ་འགན་བཞེས་ཏེ། ཨ་གཡུང་གཤེན་བསྟན་མཐའ་རྒྱས་དང༌། སྟེང་ཆེན་མཁན་པོ་ཉི་མ་ཚེ་རིང༌། དབྲ་སྲས་ཡིད་བཞིན་དབང་རྒྱལ་སོགས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་ཚད་མེད་གནང་བའི་སྒོ་ནས་ཤར་རྫའི་གསུང་འབུམ་གཙོས་པའི་བླ་མ་སོ་སོའི་གསུང་རབ་ཤིང་པར་སྟོང་ལྡེབ་དྲུག་ཙམ་བཞེངས་པ་ཡོངས་སུ་གྲུབ། ཁྱད་པར་དུ་གདན་ས་བ་བླ་མ་མཆོག་གིས་བསྟན་པ་བསྐྱར་གསོའི་སྐབས་གདན་ས་འདི་ནས་རྒྱལ་བའི་བཀའ་རིན་པོ་ཆེའི་ལུང་རྒྱུན་རིག་གསར་རྗེས་ནས་ཐོག་མར་སྤེལ་བས་གཤེན་བསྟན་འཛིན་པ་རྣམས་ལ་བཀའ་དྲིན་ཆེ་བ་ཤེས་པར་བྱའོ།།བར་སྐབས་སུ་མཁན་ཚུལ་ཁྲིམས་བསྟན་འཛིན་བྱོན་ནས་བཤད་སྒྲུབ་ཀྱི་བསྟན་པ་བསྐྱངས་པའི་བཀའ་དྲིན་བསྩལ།

       སྤྱི་ལོ ༡༩༩༣ ལོར་མཆོག་སྤྲུལ་ཨ་གཡུང་རིན་པོ་ཆེ་དང་བསྟན་སྦྱིན་བསོད་ནམས་དབང་རྒྱལ་རྣམ་གཉིས་ནས་རྒྱལ་ཡོངས་ཆོས་ལུགས་ལས་རིམ་ནས་སྡེ་དགེ་རྫོང་གི་བར་ཆོས་ལུགས་ཀྱི་མཛད་སྒོ་སྤེལ་ཆོག་པའི་ཆོག་མཆན་ཞུས་བཞིན། རྒྱལ་ཁབ་ཀྱི་གནང་བ་ལེགས་པར་ཐོབ་ཏེ་བཤད་སྒྲུབ་ཟུང་འབྲེལ་གྱི་ནང་བསྟན་སློབ་གླིང་གི་མཚན་གསོལ། ཚོང་དཔོན་ནས་འབྲི་བརྒྱ་ཐམ་པ་འདུས་པ་སྤྱི་ལ་འབུལ་སྦྱོར་གྱི་རོགས་སྐྱོར་ཚད་མེད་གནང༌། རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ་རིན་པོ་ཆེ་ནས་མཁན་སློབ་གཅིག་ཆོག་གི་ཐུགས་འགན་བཞེས་ཏེ། དབྱར་དཔྱིད་གཉིས་ལ་བཤད་པ་སློབ་གཉེར་དང༌། སྟོན་དགུན་ཟུང་ལ་རིག་པ་ཉམས་ལེན་མཛད་ནས་སྔར་སྲོལ་བཟང་པོ་ཇི་ལྟ་བ་འཛིན་ནས་བཀའ་དྲིན་བླ་ལྷག་ཏུ་བསྐྱངས། དབྲ་སྲས་ཡིད་བཞིན་དབང་རྒྱལ་གྱིས་ལྷ་ཁང་བསྐྱར་གསོ་བྱས་པའི་ནང་དུ་དཔེ་ཆ་རྙིང་པ་བླ་མ་སོ་སོའི་གསུང་འབུམ་ཁྱོན་པོ་ཏི་གཉིས་བརྒྱ་ཙམ་དང༌། བཀའ་འགྱུར་ཚར་གཉིས། བརྟེན་འགྱུར་ཚར་གཉིས། ཡང་བླ་མ་རྣམས་ཀྱི་བསྟན་བཅོས་སྐོར་སོགས་ཁྱོན་པོ་ཏི་གཅིག་སྟོང་བཞི་བརྒྱ་ལྷག་ཙམ་དང༌། ཤར་རྫ་རིན་པོ་ཆེའི་ང་འདྲ་མའི་སྐུ་དང་སྐུ་གདུང་གཙོས་པའི་རྒྱལ་ཚབ་བློ་གྲོས་རྒྱ་མཚོའི་སྐུ་གདུང་དང་གསེར་སྐུ་ཐང་སྐུ་མཆོད་ཆ་སོགས་འབྲིང་པོ་ཞིག་ཡོད།

   སྤྱི་ལོ ༡༩༩༤ ལོར་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དབེན་ཁྲོད་དུ་ཕེབས་ཏེ། སོ་ཐར་རིགས་བཞིས་མཚོན་པའི་བསླབ་གཞི་བསྩལ་ཞིང་གདམས་པའི་བསླབ་བྱ་ཅི་རིགས་གནང༌།
   སྤྱི་ལོ ༢༠༠༥ ལོར་དབྲ་སྲས་ཡིད་བཞིན་ནས་ཐུགས་འགན་ཆེད་བཞེས་ཐོག་མཁན་པོ་ཨ་འཇིགས་དང་རིག་འཛིན་དབང་རྒྱལ་རྣམ་གཉིས་ཀྱིས་བཀའ་འགྱུར་རིན་པོ་ཆེའི་རྒྱབ་རྟེན་ལུང་གི་རྒྱུན་ཐེངས་གཉིས་པ་སྤེལ། དེ་མཚམས་དཀའ་ཐུབ་པ་ཆེན་པོ་གྲུབ་དབང་ནམ་མཁའ་རྒྱལ་མཚན་མཆོག་རི་ཁྲོད་དུ་ཞབས་བཅགས་ཏེ་རྫོགས་ཆེན་དབང་བཞི་བསྐུར། ཁོང་གིས་ཐུགས་ཁུར་བཞེས་ཏེ་སློབ་མ་རྣམས་ཀྱི་བཞུགས་ཁང་གསར་སྐྲུན་དང་འཚོ་བའི་གསོལ་ཟས་ཕྱོགས་ལ་རོགས་སྐྱོར་གང་འཚམས་གནང་བཞིན་པའི་སྒོ་ནས། རྒྱལ་ཚབ་རིན་པོ་ཆེ་མཐུ་སྟོབས་རྣམ་རྒྱལ་དབུ་བཞུགས་འོག མཁན་པོ་འཇིགས་མེད་དབང་ཕྱུག་མཆོག་གིས་ལོ་དུས་ལྟར་གྱི་དབྱར་དགུན་གྱི་ཁྲིད་རྣམས་མཐར་ཆགས་སུ་གནང་སྟེ་འཆད་ཁྲིད་ཀྱི་མཛད་པ་ལྷུར་བཞེས་ཐོག མཁན་པོ་རིག་འཛིན་དབང་རྒྱལ་ནས་ཁྲིད་རྒྱུན་ལ་ཐུགས་བསྐྱེད་བླ་མེད་ཀྱི་མཛད་པ་རྒྱུན་མཐའ་བསྲིངས་པའི་སྒོ་ཡངས་པ་ནས། སློབ་མ་རྣམས་ལོ་གསུམ་ལ་གཏན་ཁེལ་བཞུགས་དགོས་པའི་སྒྲུབ་སྡེའི་ལོ་གྲངས་ངེས་ཅན་དུ་བསྐྲུན་པའི་ཐུགས་བཀོད་གནང་ཞིང་སྟེང་ཆེན་མཁན་པོ་རྒྱ་མཚོ་ནོར་བུས་ནས་ཀྱང་ཟུར་ཞུགས་རྣམས་ཀྱི་འཚོ་ཟས་ལ་ཐུགས་ཁུར་བཞེས། དེ་ཡང་སྤྱིར་རི་སུལ་འདིར་ཕེབས་པའི་དགེ་སྦྱོར་བ་རྣམས་སློབ་ཡུན་མ་ངེས་ཏེ། སྐུ་ཚེ་རི་ལ་བསྐྱལ་ནས་ཀུན་སྤངས་ཀྱི་མཛད་སྣང་བསྐྱངས་པ་དང༌། རང་རང་གི་ཐུགས་འདུན་བཞིན་ལོ་འཁོར་དུ་མའི་རིང་ལ་དབེན་གནས་བསྟེན་པའི་གཡར་དམ་བཅས་ནས་བཤད་སྒྲུབ་ཀྱི་གྲལ་དུ་གཉུག་མར་བཞུགས་ཡོད་པ་སོགས་མཐའ་གཅིག་ཏུ་མ་ངེས་ཀྱང༌། དེ་མིན་རྣམས་ཀྱི་དབང་དུ་བྱས་ན་ལོ་ངོ་གསུམ་གྱི་རིང་ལ་བཞུགས་དགོས་ཤིང༌། དེ་ཡང་རིམ་པ་གསུམ་དུ་ཕྱེས་ཡོད། ཐོག་མར་བཤད་སྒྲུབ་སྒོམ་གསུམ་གང་ལ་ཞུགས་ཀྱང་སོ་ཐར་གྱི་སྒོར་ཞུགས་ཏེ་ཕྱི་འདུལ་བའི་སྐུ་བཙུན་པ་དང༌། ནང་བྱང་ཆུབ་སེམས་ཀྱི་སྡོམ་པ་བླངས་ཏེ་གཞན་ཕན་བྱང་སེམས་ལ་བློ་སྦྱོང་བ་དང༌། སེམས་དོན་ངོ་སྤྲོད་རྣམས་སོང་ནས་ཉམས་ལེན་གྱི་རྒྱུན་ཆག་མེད་བསྐྱང་དགོས་པ་སོགས་རི་འགྲིམས་པ་ཞིག་ཡིན་ཕྱིན་ཆད་མེད་དུ་མི་རུང་བའི་རྒྱུན་སྤྱོད་ཀྱི་གོ་རིམ་ཡིན་ནོ། །

      སྦྱོང་གྲྭ་བ་རྣམས་ཀྱི་སྦྱང་བྱའི་སྐོར་ནི། དེ་ཡང་དང་པོ་གཞུང་གི་སྐོར་ལ། བོན་འཆད་མཁས་པའི་མགུལ་རྒྱན། ཁྲིད་ཡིག་དམར་མོ་མཛུབ་ཚུག་གི་སྔོན་འགྲོ་བདེ་ཆེན་ཐར་པའི་ལམ་བཟང༌། ལམ་རིམ་དྲུག་ཅུ་བ། སྡེ་སྣོད་མཛོད། སྐྱབས་འགྲོ་ཉི་ཤུ་བ། བྱང་སེམས་ལྔ་བཅུ་བ། ལུང་རིགས་མཛོད། ལེགས་བཤད་མཛོད། ཐེག་དགུའི་གྲུབ་མཐའི་རྣམ་བཞག ས་ལམ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག འདུལ་བའི་བསླབ་བྱ་ནོར་བུའི་ཕྲེང་བ། སྒོམ་རིམ་ཐར་ལམ་མྱུར་བགྲོད་ལ་བརྟེན་ནས་འབུམ་དགུ་བསགས་པ། དངོས་གཞི་ཡང་ཏིག་ལྟར་ཞི་གནས་དང་ལྷག་མཐོང་གི་ཁྲིད་ཟབ་རྒྱས་དང༌། རིག་གནས་སྐོར་ལ། བརྡ་སྤྲོད་ཉི་ཤུ་བདུན་པ། དག་ཡིག་ལྷ་ཆབ་འཁྱིལ་བ། བརྡ་དག་རིན་ཆེན་གཏེར་ཁྱིམ། སྙན་ངག་གཙང་གཤེན་དགོངས་རྒྱན། ཁྱུང་སློབ་ཚུལ་རྒྱན་གྱི་སྙན་ངག ནག་རྩིས་སྣང་སྲིད་མེ་ལོང༌། སྨར་ཆེ་ཆུང་སོགས་ཡིག་རིགས་སྐོར་ལ་གསན་སྦྱོང་བྱ་བ་དང༌། བློ་རྒྱུགས་སྐོར་ལ། སྡེ་སྣོད་མཛོད་ཀྱི་རྩ་བ། བརྡ་སྤྲོད་ཉེར་བདུན་པའི་རྩ་བ། རྩིས་ཀྱི་སྔོན་འགྲོ། ཐེག་དགུའི་གྲུབ་མཐའི་རྣམ་བཞག་སོགས་བློ་རྒྱུགས་ཕུད་དགོས།
      སྒྲུབ་གྲྭ་བ་རྣམས་ཀྱིས་སྦྱང་བྱའི་སྐོར་ནི། སྔོན་འགྲོ་བཀའ་ལུང་རྒྱ་མཚོ་ཁྲིད་སྒོམ་ཟུང་འབྲེལ་གནད་སྨིན་དང༌། སྡེ་སྣོད་མཛོད་རྩ་འགྲེལ། སྡོམ་གསུམ་རྣམ་འབྱེད་རྩ་འགྲེལ། ལྷ་གཉེན་ཤེལ་སྒོང༌། གསང་དོན་རྣམ་འབྱེད། ཀུན་བཟང་སྙིང་ཐིག ཨ་ཁྲིད་རྗེས་བཞག་གི་སྐོར་ལན་ཚན་དྲུག འབུམ་དགུ་བསགས་པ། ཨ་ཁྲིད་ཀྱི་འཕོ་བ། རྫོགས་ཆེན་སྐུ་གསུམ་རང་ཤར་ཐུན་མོང་གཏུམ་མོའི་ཉམས་ལེན་ལ་བརྟེན་ནས་རྩ་རླུང༌། སྙན་བརྒྱུད་རྩ་རླུང༌། རིགས་དྲུག་རང་སྦྱོང༌། རྩ་གསུམ་བསྙེན་པ་ཚད་ལྡན། མུན་མཚམས་ཐོད་རྒལ་བཅས་ལ་སྦྱང་དགོས་པའོ། །
     སྒོམ་གྲྭ་བ་རྣམས་ཀྱི་སྦྱང་བྱའི་ཉམས་ལེན་སྐོར་ལ། མ་རྒྱུད་སྔོན་འགྲོ། མ་རྒྱུད་འཕོ་བ། རིགས་དྲུག་རང་སྦྱོང༌། འཁོར་འདས་རུ་ཤན། རིགས་ལྔ་བདེར་གཤེགས་འདུས་པའི་བསྙེན་ཚད། བྱང་སེམས་བརྒྱ་བ། དབྱིངས་རིག་མཛོད། རྫོགས་ཆེན་དྲན་པ་གསེར་གདམས། གསེར་ཞུན། གསེར་ཐུར། མུན་མཚམས་ཐོད་རྒལ། རྒྱུན་དུ་ཐུན་བཞིའི་ཉམས་ལེན་བཅས་ལ་བརྩོན་དགོས་པ་ཡིན་ནོ།།
    དེ་ལྟར་ཕ་རྗེས་བུ་སྙེགས་ཀྱི་དཔེ་བཞིན་རྒྱལ་ཚབ་རིན་པོ་ཆེའི་སྐུ་དྲིན་འོག་སྔར་སྲོལ་རྗེས་བཟུང་གི་ཐུགས་བསྐྱེད་མི་དམན་པའི་ལམ་བཟང་ནས་མདོ་དབུས་ཁམས་གསུམ་གྱི་བོན་སྡེ་རྣམས་ཀྱི་རྩ་བའི་གྲྭ་ས་ལྟ་བུར་གྱུར་ཡོད་ཅིང༌། མཁན་པོ་རྣམས་ཀྱིས་ཀུན་མཁྱེན་ཤར་རྫ་པའི་གསུང་འབུམ་གཙོས་ཐུན་མིན་རྒྱལ་བསྟན་ཡང་ཞུན་མདོ་སྔགས་རྫོགས་གསུམ་དང༌། ཐུན་མོང་རིག་པའི་གནས་བཅས་ཀྱིའཆད་ཁྲིད་ཆག་མེད་གནང་བཞིན་མཆིས་ཤིང༌། ལོ་དུས་ཀྱི་ཚོགས་པ་ཡང་བོད་ཟླ་བཞི་བའི་ཚེས་བཅུ་གསུམ་ནས་རི་ཁྲོད་བར་མ་ན་ཉིན་གཉིས་དང་གོང་མར་ཉིན་གཉིས་ཏེ་ཉིན་བཞི་ལ་ཤར་རྫ་རིན་པོ་ཆེའི་འདས་མཆོད་ལ་བདེར་གཤེགས་འདུས་པའི་ཚོགས་མཆོད་རྒྱས་སྤྲོས་དང༌། དབྱར་དུས་ཀྱི་ཉ་གང་ལ་སྐྱབས་འགྲོའི་མཆོད་པ་དང༌། གནམ་སྟོང་ལ་འདུལ་བའི་གསོ་སྦྱོང་འཚོགས་པ་དང༌། དགུན་ཁའི་གནམ་སྟོང་རྣམས་སུ་རྫོགས་ཆེན་སྐུ་གསུམ་རང་ཤར་གྱི་ཚོགས་མཆོད་རྒྱ་ཆེར་འབུལ་བ་སོགས་ཀྱང་རྒྱུན་ཆགས་སུ་ཡོད་དོ། ། རི་ཁྲོད་གོང་མའི་ཤར་རྫ་རིན་པོ་ཆེའི་སྔར་གྱི་གཟིམས་སྐྱིལ་དེ་རིག་གསར་རྗེས་ནས་གཅོད་པ་འཕྲིན་ལས་དྲི་མེད་ཀྱིས་འགན་བཞེས་ཏེ་བསྐྱར་བཞེངས་མཛད། ད་ལྟའི་སྒྲུབ་སྡེ་ཆགས་པའི་གནས་གཞི་ནི་རི་ཁྲོད་བར་མ་བྱ་བ་ཡིན་ལ་དེའི་ཞོལ་དུ་རབ་ཞི་སྟེང་བྱ་བའི་ས་གནས་དེ་ཤར་རྫ་པ་ཟག་མེད་འཇའ་ལུས་གྲུབ་པའི་གནས་ཡིན་ཞིང༌། རི་ཁྲོད་འོག་མའམ་རབ་ཞི་འོད་གསལ་ཐང་ཞེས་འབད་སྲོལ་ཆགས་ཡོད། དེར་ཁང་བརྩེགས་མཆོད་རྟེན་ཞིག་བཞེངས་ཡོད་པ་བླ་མ་གཡུང་དྲུང་ཚུལ་ཁྲིམས་ཀྱིས་བསྐྱར་གསོ་བྱེད། སེང་སྤྲུལ་རིག་འཛིན་ཉི་མས་གནང་སྦྱིན་གྱི་རོགས་སྐྱོར་ཐོག་དབྲ་སྲས་ནས་གཙོ་འགན་ལེགས་བཞེས་ཀྱིས་སྒོམ་གྲྭའི་ཁང་པ་ལེགས་པར་གྲུབ། དབྲ་སྤྲུལ་སྐུ་མཆེད་སྟོབས་དགའ་མཆོག་ནས་འོག་གི་དུར་ཁྲོད་དུ་གཡུང་དྲུང་བཀོད་ལེགས་མཆོད་རྟེན་ཞིག་བཞེངས་གནང་གྲུབ། གཤེན་བཙུན་རྟ་མགྲིན་སྐྱབས་ནས་ཤར་རྫའི་སྐུ་བརྙན་གང་ཆེ་ཞིག་རྟེན་དུ་བཞག སྟེང་ཆེན་ཡུལ་སྡེ་སྤྱི་ནས་སྔ་གཞུག་ཏུ་རི་ཁྲོད་ཀྱི་འདུ་ཁང་དང་གྲྭ་ཤག་སོགས་བཞེངས་པ་ཀུན་ལ་ཞབས་འདེགས་གང་ལེགས་བསྒྲུབས། ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད་རིན་པོ་ཆེ་ནས་བསྟན་འགྲོ་ཁོ་ནར་དགོངས་བཞེད་ཐོག་ཤར་རྫའི་བསྟན་པའི་དོན་པོ་ལ་ཐུགས་ཁུར་ཆེད་བཞེས་གནང་སྟེ་བཤད་གྲྭ་བའི་འདུ་ཁང་གང་ཆེ་ཞིག་དང་། དེ་བཞིན་མཆོག་སྤྲུལ་བསོད་ནམས་ཉི་མ་ནས་ཀྱང་ཐུགས་བསྐྱེད་གཟིགས་པ་མི་ལྷོད་པའི་ལྷག་བསམ་བཅངས་ཏེ་སྒྲུབ་གྲྭ་བའི་ལྷ་ཁང་ཞིག་བཞེངས་བཞིན་ཡིན་པར་མ་ཟད། མཆོག་སྤྲུལ་གཤེན་རྒྱལ་བསྟན་འཛིན་ནས་འདུས་སྡེའི་འཚོ་བའི་ཕྱོགས་ལ་རོགས་སྐྱོར་བླ་མེད་མཛད་ཐོག མཁའ་འགྲོ་བདེ་ཆེན་དབང་མོ་ལགས་ཀྱིས་ཀྱང་སློབ་མའི་འཚོ་བ་ལ་མཐུན་རྐྱེན་གང་ལེགས་སྒྲུབ་མུས་སུ་མཆིས། མདོར་ན་ལུང་རྟོགས་གཉིས་ཀྱིས་བསྡུས་པའི་འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཞིང་ཁམས་ཀུན་ཏུ་སྤེལ་བའི་མཛད་པ་སྤྱི་དང༌། སྒོས་སུ་གྲུབ་དབང་ཤར་རྫ་པའི་བསྟན་པའི་གསོས་སུ་འགྱུར་བའི་འཁོར་ལོ་གསུམ་གྱི་འཕྲིན་ལས་ལ་བརྟེན་ནས་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་བསྙལ་བར་མེད་པར་མཁའ་རུ་བསྒྲེངས་པ་ནས། འགྲོ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་པའི་མཚན་སྙན་ལྷ་ཡི་རྔ་སྒྲ་གངས་ཅན་རི་བོའི་ཡང་རྩེ་ནས་ཕྱོགས་མཐའ་ཀུན་ཏུ་ཁྱབ་བཞིན་པ་ལགས་སོ། །
      སྤྱིར་དབེན་གནས་རི་ཁྲོད་ལ་ཚུལ་འདི་དག་གི་སྒོ་ནས་ཆེ་བའི་ཡོན་ཏན་རྣམས་གཞལ་གྱིས་མི་ལོངས་ཏེ། བདག་ཅག་གི་འདྲེན་པ་ཆེན་པོ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཆེའི་བསྟན་པ་སྤྱི་དང༌། ཁྱད་པར་དུ་རྗེ་མཉམ་མེད་བླ་མའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་ཡོངས་རྫོགས་དང༌། ཡང་དགོས་རྗེ་བཙུན་དམ་པ་རི་ཁྲོད་པ་ཆེན་པོའི་གསང་བ་གསུམ་གྱི་རྣམ་པར་ཐར་པའི་རྗེས་སུ་མཐུན་པ་ཡིན་ཏེ། ཕྱི་ཀུན་སྤྱོད་འདུལ་བ་དང་མཐུན་པའི་བསླབ་ཁྲིམས་གཞིར་བཟུང་སྟེ་བྱང་ཆུབ་སེམས་ལ་བློ་སྦྱངས་ཏེ་ལམ་གྱི་གཞུང་བསྲང་ཞིང༌། གསང་བ་རིམ་གཉིས་ཟབ་མོ་ལ་བརྟེན་ནས་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོ་ལ་རོལ་བ་དང༌། ཡང་གསང་བླ་མེད་ཐེག་པའི་སྙིང་པོ་ཨ་རྫོགས་སྙན་གསུམ་གྱི་དགོངས་པའི་ཡང་བཅུད་ཁྲེགས་ཆོད་དང་ཐོད་རྒལ་སོགས་ཀྱི་ཉམས་ལེན་གྱི་གནད་ལ་འབད་པས་ངེས་པའི་དོན་ཐོག་ཏུ་ཕྱིན་པར་བྱེད་པའི་ཕྱག་སྲོལ་གཙང་མ་རྒྱུན་འཁྱོངས་སུ་ཡོད་པ་གཞིར་བྱས། ཀུན་སྤངས་ཆིག་རྐྱང་གི་བརྟུལ་ཞུགས་ལ་བརྟེན་ནས་ཁས་དམན་ཉམ་ཆུང་གི་སྒོ་ནས་རང་སྨད་གཞན་བསྟོད་ཀྱི་ཀུན་སྤྱོད་བཟང་པོའི་རྗེས་སུ་མཐུན་པ་དང༌། ལྟོ་བགྲངས་གོས་དྲོས་ཙམ་གྱི་ཆོག་ཤེས་ཀྱིས་ཟིན་པས་བསོག་འཇོག་དང་གྲགས་འདོད་ཆེ་ཐབས་སོགས་འཇིག་རྟེན་བོན་བརྒྱད་ཀྱི་འཆིངས་བས་མ་བཅིངས་པ། བྱ་ཉུང་དོན་ཉུང་གིས་སྒོ་གསུམ་གཙང་བས་རྣམ་གཡེང་དང་འདུ་འཛིའི་བྱ་བཞག་གི་སྒྲོགས་སུ་མ་ཚུད་པ། རང་བཞིན་གྱིས་གནས་དབེན་པས་སྐྱེ་བོའི་འགྲིམ་འགྲུལ་གྱི་འཚང་ཁ་མེད་པ། སྐྱབས་རྗེ་གྲུབ་དབང་བླ་མའི་བྱིན་རླབས་བདུད་རྩིའི་ཟེགས་མ་གནས་འདིར་བསྟིམས་པས་དགེ་བསམ་ལེགས་ལམ་དུ་འགྲུབ་ཅིང་ཉམས་རྟོགས་ཀྱི་བྱིན་རླབས་འབྱུང་སླ་བ་སོགས་གནས་གཞན་དང་མི་མཉམ་པའི་ཁྱད་འཕགས་ཀྱི་ཡོན་ཏན་དུ་མ་དང་ལྡན་པའི་དབེན་གནས་ཀྱི་དགོས་སོ་ཁྱད་པར་ཅན་རྣམས་ཡིད་ལ་ངེས་པར་བྱའོ།།

སླར་སྨྲས་པ།
སྔོན་བྱོན་གྲུབ་བརྙེས་དམ་པ་ཇི་སྙེད་རྣམས། །
དབེན་པའི་གནས་སུ་སྒྲུབ་པ་ལྷུར་བླངས་ཏེ། །
སྲིད་ཞིའི་གཙུག་རྒྱན་གྱུར་པ་ཁོ་ན་བས།།
རྒྱལ་བའི་བསྔགས་པའི་རི་ཁྲོད་ཨ་ཧོ་རྨད། །
ཚེ་འདིའི་བྱ་བ་དབེན་པས་ལུས་སེམས་དལ། །
དགེ་བསམ་མཐུན་རྐྱེན་རྫོགས་པས་འགལ་རྐྱེན་བྲལ། །
ཡང་དག་དོན་ལ་འཇོག་པས་ཉམས་རྟོགས་འཆར། །
འདི་ནི་དབེན་གནས་བསྟེན་པའི་ཉིང་དགོས་ཡིན། །
ཐེག་མཆོག་རྒྱལ་པོ་ཉི་མའི་འོད་པོ་ཆེ། །
བཤད་ཆོས་མུན་པའི་ཀློང་དུ་བྱིང་བ་ན།།
དུས་མཐའི་མཁའ་ངོས་རྒྱུ་སྐར་འོད་ཙམ་ཞིག།
སྒྲུབ་པའི་དགའ་སྟོན་སྣང་འདི་དབེན་གནས་དྲིན། །
རབ་འབྱམས་གཞུང་ཀུན་སྨྲ་ལ་འཇིགས་བྲལ་བའི། །
རིག་བྱེད་ངག་གི་དཔལ་ལ་མངའ་བརྙེས་ཀྱང་། །
ངེས་དོན་ཟབ་མོ་ཉམས་སུ་མ་བླངས་པར། །
ཐར་པའི་ལམ་དུ་འགྲོ་བ་མེད་ཅེས་གསུང་། །
དེ་ཕྱིར་རྒྱལ་ཀུན་བགྲོད་པ་གཅིག་པའི་ལམ། །
ངེས་གསང་བོན་ལ་གཞོལ་བར་བཞེད་པ་ན། །
བསྟི་པའི་གནས་མཆོག་ཉམས་དགའི་རི་སུལ་ཞེས། །
གྲུབ་དབང་བླ་མ་ཡོངས་ཀྱི་མགྲིན་ལམ་གཅིག།
ལྷག་བསམ་ཟླ་བའི་རང་མདངས་དཀར་ན་ཡང་། །
ནོངས་བཤད་ར་རིའི་དྲི་མས་སྦགས་པ་རྣམས། །
དྲན་དབང་ཡོངས་ཀྱི་གཟིགས་མོར་མི་འོས་ཕྱིར། །
མི་འཆབ་སེམས་ཀྱིས་བཤགས་ལ་འཆོས་པར་མཚལ། །
འདི་བྱས་པད་མའི་རྩ་བ་ཆེས་ཕྲ་ཡང་། །
དམིགས་མེད་ལེགས་བྱས་འདབ་མ་འབུམ་བཞད་པར། །
སྐྱེ་རྒུ་བུང་བའི་ཚོགས་ཀྱིས་རྟག་རོལ་ནས། །
རྣམ་གྲོལ་བདུད་རྩིའི་དཔལ་ལ་སྤྱོད་གྱུར་ཅིག།

     ཅེས་པའི་ཚུལ་འདི་མཁན་པོ་ཨ་འཇིགས་དང་མཁན་པོ་རིག་འཛིན་དབང་རྒྱལ་རྣམ་གཉིས་ནས་རི་ཁྲོད་ལོ་རྒྱུས་སྟབས་བདེ་ཞིག་ཕྲིས་ཤིག་ཅེས་བཀས་བསྐུལ་ངོར་ཤར་རྫའི་རྣམ་ཐར་ཆེན་མོ་གཞིར་བཟུང་སྟེ་མདོ་སྨད་ས་ཡི་ཐིག་ལེ་ཤར་རྫ་གཡུང་དྲུང་ལྷུན་པོའི་རི་ལ་རབ་བྱུང་བཅུ་བདུན་པའི་ས་བྱི་ལོར་ཉི་མ་བསྟན་འཛིན་ནས་བྲིས་པ་དགེའོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག