ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> དགོན་སྡེ་རི་ཁྲོད། >> སྨན་རིའི་དཀར་ཆག་བསྡུས་པ་པད་མ་བཞད་པའི་ཚལ་ཆེན།
སྨན་རིའི་དཀར་ཆག་བསྡུས་པ་པད་མ་བཞད་པའི་ཚལ་ཆེན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། མཁན་ཆེན་ཤེས་རབ་དགོངས་རྒྱལ།] [ཟླ་ཚེས། 10-10-23] [ཀློག་གྲངས། ]

༄༅།། །།ཨཱོྃ་སྭཏི། ཨེ་མ་ཧོ། མ་གཡོས་བདེ་ཆེན་རྒྱལ་པོ་ཀུན་ཏུ་བཟང། མ་སྐྱེས་རང་འབྱུང་ལོངས་སྤྱོད་རྫོགས་པའི་སྐུ། མ་འགག་རྩལ་ཆེན་སྤྲུལ་སྐུ་འཕྲིན་ལས་ཅན། མ་བཅོས་ལྷུན་གྲུབ་སྐུ་གསུམ་སངས་རྒྱས་བསྟོད། ངོ་མཚར་གྲངས་མེད་རྒྱན་པའི་སྨན་རི་ཡི། དཀར་ཆགས་པད་ཚལ་བཞད་པའི་ལྟད་མོ་འདི། གུས་ལྡན་བསོད་ཅན་རྣམས་ཀྱི་གཟིགས་པའི་ཚེ། མདངས་ལྡན་དབྱར་རྔ་ཐོས་པས་དགའ་སྤྲོ་ཆེ། ཡུལ་ཆེན་བཅོ་བརྒྱད་ཡུལ་གྱི་སྙིང་པོ་ཡི། མཆོག་ཐུན་གྲུབ་གནས་དཔལ་ལྡན་སྨན་རི་འདི། འཛམ་གླིང་ཉེར་ལྔ་ཡུལ་གྱི་གཙོ་བོ་དང། གངས་ཆེན་བོད་ཀྱི་ལྟེ་བ་ཡིན་པའི་ཕྱིར། མདུན་དུ་ཡུལ་ཆེན་བྱ་བའི་གྲོང་ཞིག་ཡོད། གཡོན་ན་ཏི་སེ་ཕ་བོང་བྱ་བ་ཡོད། རིག་འཛིན་མཁའ་འགྲོའི་ལུང་ལ་ཡང། ཡུལ་ཆེན་བཅོ་བརྒྱད་ཡུལ་གྱི་སྙིང་པོ་ཞེས་དང། མཆོག་ཐུན་གྲུབ་གནས་དཔལ་ལྡན་སྨན་རི་ཞེས་པའི་གཞུང་འདི་ནས་བྱུང། རྨང་གཞི་ཀླུ་ཡི་ཕོ་བྲང་དབུས་ནས་བརྩེགས། ཀླུ་རྣམས་དགེ་བ་བཅུ་ལ་སྤྱོད་པའི་རྟགས། མདུན་དུ་ཀླུ་ར་བྱ་བའི་ཆུ་མིག་ཡོད།རྒྱབ་ནས་ཀླུ་དགའ་བྱ་བའི་རི་བོ་ཡོད། དགོན་སྡེ་མི་ཡུལ་དབུས་སུ་ཆགས་པ་འདི། མི་རྣམས་དགེ་བཅུ་ལས་བཀོད་རྒྱུ་སྤྱོད་རྟགས། མདུན་ན་མི་འགྱུར་ཞེས་པ་འི་གྲོང་གཅིག་ཡོད། རྒྱབ་ན་བཀོད་ཅན་བྱ་བའི་རི་བོ་ཡོད། འོད་ཟེར་ཉག་ཐག་ལྷ་ནས་རྒྱུན་ཆད་མེད། ལྷ་རྣམས་དགེ་བཅུ་རྒྱུན་དུ་སྤྱོད་པའི་རྟགས། མདུན་ན་ལྷ་ལྡིང་བྱ་བའི་གྲོང་གཅིག་ཡོད། རྒྱབ་ན་དཀར་དགོང་བྱ་བའི་རི་བོ་ཡོད། རིག་འཛིན་མཁའ་འགྲོའི་ལུང་ལས་ཀྱང། ལྷ་ཀླུ་མི་གསུམ་དགེ་བ་བཅུ་སྤྱོད་ཞེས་པའི་གཞུང་འདི་བྱུང། གཡུ་འབྲུག་དགུང་ནས་གྲགས་པ་ཇི་ལྟར་བ། ལུང་རིག་བོན་སྒྲ་ཕྱོགས་བཅུར་སྒྲོག་པའི། འཛམ་གླིང་ཕྱོགས་བཅུར་དད་ལྡན་དང་འདྲེན་ཕྱིར། གཡོན་རི་དབྱར་རྔ་ལ་ཞེས་བྱ་བའི། གཡུ་འབྲུག་དགུང་དུ་བརྒྱུག་འདྲའི་རི་བོ་ཡོད། རིག་འཛིན་མཁའ་འགྲོའི་ལུང་ལས་ཀྱང། ལུང་རིག་མངའ་བདག་འབྲུག་སྒྲ་གཡོ་བ་ཅན། འཛམ་གླིང་ཕྱོགས་བཅུར་དད་ལྡན་དང་བ་འདྲེན། ཞེས་པའི་གཞུང་འདིར་བྱུང། དབལ་ཕུར་བསྒྲུབས་གནས་བྱིན་ཆེན་ཡིན་པའི་ཕྱིར། ལྷོ་ནས་དབལ་རི་བྱ་བ་དབལ་རི་ཟུར་གསུམ་ཡོད། བསྟན་དགྲ་དམ་ཉམས་ཐམས་ཅད་འདུལ་བའི་ཕྱིར། ཕུར་འདེབས་བྱ་བའི་ལུང་པའི་དཀྱིལ། རྡོ་ཡི་གཏོར་མ་ཕུར་པ་རང་བྱོན་ཡོད། རང་དོན་གང་བསམ་འགྲུབ་ཅིང་གཞན་དོན་དུ། སྟོང་གསུམ་གར་སྐྱེས་བླང་ནས་ལྡིང་པའི་ཕྱིར། གཡས་ན་བསམ་ལྡིང་བྱ་བའི་གྲང་ཞིག་ཡོད། འགྲོ་ཀུན་མཐོ་རིས་གོ་འཕང་བསྒྲོད་པའི་ཕྱིར། མདུན་ན་གོ་ཉག་ལ་ཞེས་བྱ་བ་ཡོད། གཙང་ཁྲིད་སྡོམས་གསུམ་བསྟན་པ་དར་བ་དང། ཁམས་སུམ་འཁོར་བ་དོང་ནས་སྤྲུགས་པའི་ཕྱིར། འོག་ནས་གཙང་ལུང་ཁམས་ལུང་བྱ་བ་ཡོད། སངས་རྒྱས་བོན་བསྟན་མེ་ལྟར་འབར་བའི་དོན། ཞབས་ནས་བསྟན་འབར་ཞེས་བྱ་གྲང་དང་ལྡན། སྨན་རིའི་གནས་སུ་མཁས་གྲུབ་གང་བྱོན་རྣམས། གྲུབ་ཆེན་བརྒྱད་བཅུ་གཤེན་གྱེར་རྨ་དབྱིལ་དང། བྲུ་ཞུ་སྤ་རྨེའུ་གཙུག་རྒྱན་ཡིན་པའི་ཕྱིར། སྨན་གྱི་གནས་ལ་རྫུ་འཕྲུལ་དགོན་པ་ཆགས། རི་བོའི་རྩེ་ལ་ཆགས་ཀྱང་ཀུན་གྱིས་གུས། རིག་འཛིན་མཁའ་འགྲོའི་ལུང་ལས། བདེར་གཤེགས་དགོངས་བརྒྱུད་བླ་མ་ཆེ་དྲུག་དང། གདུང་བརྒྱུད་བཅུ་སུམ་མཁས་པ་མི་བཞི་དང། ལོ་པཎ་གཤེན་བརྒྱད་གཤེན་གྱེར་རྨ་དབྱིལ་དང། བྲུ་ཞུ་སྤ་རྨེའུ་གཙུག་རྒྱན་རིན་པོ་ཆེ། མི་མཇེད་འདུལ་མཛད་སྤྲུལ་སྐུ་སྐར་ཚོགས་བཀྲ། མཁྱེན་བརྩེའི་དབང་ཕྱུགས་འགྲོ་དོན་མཛད་ཅེས་གསུངས། སྨན་རིའི་བླ་མ་རིམ་བྱོན་ཐམས་ཅད་ཀུན། བདུད་སྡེ་མ་ལུས་ཟིལ་གྱིས་གནོན་པ་དང། དགྲ་དང་བགེགས་ལས་རྣམ་པར་རྒྱལ་བའི་ཕྱིར། གཡས་རི་བྲག་དཀར་སེང་གེ་གནམ་མཆོང་འདྲ། རྩེ་ལ་རྣམ་རྒྱལ་སྐུ་གཟུགས་རང་བྱོན་ཡོད། རིག་འཛིན་མཁའ་འགྲོའི་ལུང་ལས་ཀྱང། བདུད་བཞི་ཟིལ་གནོན་རྣམ་པར་རྒྱལ་བའི་སྐུ། ཞེས་པའི་གཞུང་འདིར་བྱུང། སེམས་ཅན་ཉོན་མོངས་ལས་ངན་ཐམས་ཅད་ཀྱིས། བློ་ཡི་མུན་པ་མ་ལུས་སངས་མཛད་ཕྱིར། གཡུ་བྱ་ཁུ་བྱུག་གསུང་སྙན་སྒྲོག་པ་ལྟར། སྨན་རིའི་དགེ་འདུས་འདུས་སྡེ་རྒྱ་མཚོ་ཡི། བོན་གྱི་དབྱངས་སྙན་ཕྱོགས་བཅུར་སྒྲོག་པའི་རྟགས། མདུན་ན་བྱ་ཡུལ་བྱ་བའི་སྤང་བཟང་ཡོད། རིག་འཛིན་མཁའ་འགྲོའི་ལུང་ལས་ཀྱང། ཉོན་མོངས་སངས་མཛད་གཡུ་བྱ་ཁུ་བྱུག་གསུངས། ཞེས་གསུངས་སོ། །
སྨན་རིའི་དགོན་ལ་གསང་བ་སེམས་ཕྱོགས་དང། ཁྲིད་ཅིང་སྒོམ་སྒྲུབ་མཛད་པའི་སྐལ་ལྡན་ཀུན། ཐུགས་ཉིད་ནམ་མཁའ་འདྲ་བ་འོང་བའི་ཕྱིར། མདུན་རི་གླང་ཆེན་ཆུ་འཐུང་འདྲ་བ་ལ། གནམ་མཐོང་མཁར་སྣ་བྱ་བའི་སྒྲུབ་གནས་ཡོད། རིག་འཛིན་མཁའ་འགྲོའི་ལུང་ལས་ཀྱང། ཐུགས་ཉིད་ནམ་མཁའ་འདྲ་བའི་སྨན་རི་བ། ཞེས་གསུངས་སོ། །
སྨན་རིའི་དགོན་འདིར་འཚོགས་པའི་ལས་ལྡན་ཀུན། བསོད་ནམས་ལོངས་སྤྱོད་ཟས་ནོར་འཕེལ་བ་དང། ཡོན་ཏན་རིན་ཆེན་གླིང་ལ་སྤྱོད་པའི་དོན། མདུན་རི་རིན་ཆེན་སྤུངས་པ་བྱ་བ་ཡོད། རིག་འཛིན་མཁའ་འགྲོའི་ལུང་ལས་ཀྱང། ཡོན་ཏན་རིན་ཆེན་གླིང་ལ་ཞེས་གསུངས་སོ། །
  སྨན་རིའི་མཁན་སློབ་རྣམས་ཀྱི་མཛད་འཕྲིན་ནི། ཉི་ཟླ་ཤར་བའི་འོད་ཟེར་ཇི་བཞིན་དུ། སྟོང་གསུམ་མ་ལུས་ཡོངས་ལ་ཁྱབ་པའི་ཕྱིར། མདུན་རི་བཀྲ་ཤིས་རྩེ་གྲགས་བྱ་བ་ཡོད། ཤར་ཕྱོགས་ཉི་ཟླ་རྩེ་དང་ནུབ་ཕྱོགས་སུ། འོད་ཟེར་རྩེ་མོ་བྱ་བ་རྣམ་གཉིས་ཡོད། རིག་འཛིན་མཁའ་འགྲོའི་ལུང་ལས་ཀྱང། འཕྲིན་ལས་ཉི་ཟླ་ཉི་ཤར་འོད་ཟེར་བཞིན། ཞེས་གསུངས་སོ། རྣམ་པར་རྒྱལ་བའི་ཁང་བཟང་དབྱེར་མེད་པའི། མཆོག་ཐུན་གྲུབ་གནས་སྨན་རིའི་ཕོ་བྲང་གི། རྒྱབ་རི་སྨན་གྱིས་ས་འཛིན་གནས་མཆོག་ལ། དབུས་སུ་ཨར་མོ་ལི་ཀའི་རྡོ་ལེབ་ཡོད། བདེར་གཤེགས་སྟོང་དང་རིག་འཛིན་བརྒྱད་བཅུ་དང། མཁའ་འགྲོ་སྟོང་གི་སྐུ་རྣམས་རང་བྱོན་ཡོད། ཕྱོགས་བཞི་རྒྱལ་ཆེན་སྡེ་བཞི་རང་བྱོན་ཡོད། དུས་བཞི་རྒྱལ་མོ་བཞི་ཡིས་དབང་བསྐུར་ཚུལ། དཔྱིད་གསུམ་དཔྱིད་ཀྱི་རྒྱལ་མོས་དབང་བསྒྱུར་བས། སྨན་རྣམས་སུམ་བརྒྱ་དྲུག་ཅུ་ས་ལ་སྐྱེས། དབྱར་གསུམ་དབྱར་གྱི་རྒྱལ་མོས་དབང་བསྒྱུར་ཏེ། བདུད་རྩི་ཆུ་བོ་སུམ་བརྒྱ་དྲུག་ཅུ་འབབས། སྟོན་གསུམ་སྟོན་གྱི་རྒྱལ་མོས་དབང་བསྐུར་ཏེ། སྨན་སྣ་སུམ་བརྒྱ་དྲུག་ཅུ་འབྲས་བུ་སྨིན། དགུན་གསུམ་དགུན་གྱི་རྒྱལ་མོས་དབང་བསྐུར་ཏེ། དར་ཟབ་རིན་ཆེན་ཟས་ནོར་ལོངས་སྤྱོད་དང། གནས་མཆོག་འདི་རུ་དབང་དུ་བསྡུད་པར་བྱེད། རྒྱབ་ཏུ་སྲིད་རྒྱལ་དྲེའུ་ནག་མོ་དང། ཡུམ་སྲས་སྡེ་ལྔ་མི་བདུད་འབྱམས་པ་དང། བྱ་ར་མ་གསུམ་ལ་སོགས་རང་བྱོན་ཡོད། གཡས་ན་དམག་དཔོན་ཧུར་པ་ཤེལ་ཁྲབ་དང། བྲག་བཙན་ཨ་བསེ་ལ་སོགས་རང་བྱོན་ཡོད། གཡོན་ན་མདོ་ཁམས་ལྷ་བཙན་རྒྱལ་པོ་དང། རྨ་གཉེན་པོམ་ར་ཏི་སེ་རྒྱལ་པོ་དང། ཆུ་སྲིན་སོགས་ཀྱི་ཕ་བོང་རང་བྱོན་ཡོད། མདུན་ན་འཛམ་སྔོན་ནོར་ལྷ་མཆེད་བརྒྱད་དང། འཛམ་སེར་འཛམ་ནག་ལ་སོགས་རང་བྱོན་ཡོད། གཡས་ཕྱོགས་བྱང་ལམ་བ་ཡི་དུར་ཁྲོད་ལ། རིག་འཛིན་ཕོ་རྒྱུད་ཐམས་ཅད་རྒྱུན་དུ་འཚོགས། ཐོད་པ་འཕོ་ཚད་བྱང་ཆུབ་ལམ་ལ་འཁོད། གཡོན་ཕྱོགས་གོང་ལ་བྱ་བའི་དུར་ཁྲོད་ལ། མཁའ་འགྲོ་མོ་རྒྱུད་ཐམས་ཅད་རྒྱུན་དུ་འཚོགས། ཐོད་པ་འཕོ་ཚད་ཀུན་ཀྱང་གོ་འཕོང་ཐོབ། རིག་འཛིན་མཁའ་འགྲོའི་ལུང་ལས་ཀྱང། སྐུ་གསུམ་ཀློང་ནས་འགྲོ་བའི་དཔལ་དང་མགོན། བདེར་གཤེགས་སྟོང་དང་ཐུགས་རྗེ་ཆེན་པོ་ཡི། སེམས་དཔའ་རིག་འཛིན་མཁའ་འགྲོའི་བསམ་ལས་འདས། གྲངས་མེད་བསྐལ་པ་སངས་རྒྱས་གྲངས་མེད་ནི། འགྲོ་དྲུག་དོན་ལ་ཐུགས་རྗེའི་ཉི་ཟླ་ཤར། ཞེས་གསུངས་སོ། །
མཆོག་ཐུན་གྲུབ་གནས་སྨན་རིའི་གནས་མཆོག་ལ། སྡེ་སྣོད་གསུམ་དང་སྒོ་བཞི་མཛོད་ལྔ་དང། བོན་སྒོ་བརྒྱད་ཁྲི་བཞི་སྟོང་གཏེར་ཁ་ཡོད། དེའི་རྟགས་སུ་གཡོན་རི་ཕོ་བ་རིའི། གཡས་ན་ཁྱུང་ལུང་བྱེ་བ་ལུང་པའི་རྩེ། སེང་གེ་གནམ་མཆོང་འདྲ་བའི་རི་བོ་ཡོད། མདུན་རི་རིན་ཆེན་ཕྱེ་མར་སྤུངས་འདྲ་ཡོད། བླ་རི་ཕྱུགས་མོ་བྱ་བའི་རི་བོ་ཡོད། དེ་ནས་གཡས་ཀྱི་སྤུ་གསེར་ལ་ཡི་བར། རྒྱབ་རི་དར་ཡོལ་འཐེན་འདྲའི་རི་བོ་ཡོད། གཡོན་ན་གཡུ་ལུང་བྱ་བའི་ལུང་པའི་རྩེ། གཡུ་འབྲུག་དགུང་བརྒྱུད་འདྲ་བའི་རི་བོ་ཡོད། རིག་འཛིན་མཁའ་འགྲོའི་ལུང་ལས། སྡེ་སྣོད་བོན་དང་སྒོ་བཞི་མཛོད་དང་ལྔ། བརྒྱད་ཁྲི་བཞི་སྟོང་བོན་གྱི་གཏེར་མཛོད་བརྡོལ། ཅེས་གསུངས།
དེ་ཡང་ཕྱི་གནས་ཀྱི་ཆགས་ཚུལ་ཟུར་ཙམ་བརྗོད་པ་ལ། སྐུ་རྟེན་གཙོ་བོ་སྟག་གཟིག་རྒྱལ་འདུས་ལ། གང་མཇལ་བདེ་ཆེན་ཞིང་དུ་སྐྱེ་བར་འགྱུར། ཀུན་བཟང་བྲུ་ཤ་རྒྱལ་བ་འདུས་པ་ལ། གང་མཇལ་ངན་སོང་གསུམ་ལ་འགྲོ་མི་སྲིད། ཚེ་དབང་གསུང་བྱོན་འབྲས་རྣམས་གསུམ་ལ། གང་མཇལ་ཕྱི་མ་རིག་འཛིན་གྲལ་ལ་གནས། སྟོང་རྒྱུང་སྤྲུལ་པ་ཤེས་རབ་རྒྱལ་མཚན་གྱིས། ཀླུ་ཡི་ཕོ་བྲང་ཁམས་ཆེན་ནག་ར་ན། རྫུ་འཕྲུལ་སྟོབས་ཀྱིས་རིག་འཛིན་མཁའ་འགྲོ་བཅས། གྲངས་མེད་སྤྲུལ་ནས་ཁམས་ཆེན་དུམ་བཅུ་དྲུག སྐད་ཅིག་ཙམ་ལ་བྲིས་པའི་གསུང་རྟེན་འདི། མཇལ་བ་ཙམ་གྱིས་ཕྱི་མ་མངོན་སངས་རྒྱས། གཡས་རུ་ཀ་པ་ཁམས་ཆེན་གནས་མཆོག་ལ། བྲུ་སྟོན་ཉི་མ་རྒྱལ་མཚན་གདན་དྲངས་པའི། ཁམས་ཆེན་ནག་ཁྲི་དུམ་པ་བཅུ་དྲུག་ནི། གང་མཇལ་ཐེག་ཆེན་ས་ལམ་ཡོན་ཏན་རྫོགས། གཤེན་ཆེན་ཀླུ་དགས་འབྲི་མཚམས་ཐ་དཀར་ནས། གདན་འདྲེན་ཞུས་པའི་ཁམས་ཆེན་ནག་བྲི་མ། རྟེན་མཆོག་འདི་ལ་མཇལ་ཚད་མངོན་སངས་རྒྱས། རྣམ་མཁྱེན་གཤེན་རབ་ཚེམས་དུང་འཕར་ཆེ་ཆུང། ཞལ་མཇལ་གསུང་ཐོས་གང་བྱུང་འབྲོ་བ་ཀུན། མཐོ་རིས་གོ་འཕང་ཐོབས་པ་གོར་མ་ཆགས། རྣམ་མཁྱེན་ཐུགས་ལས་བྱོན་པའི་ཤ་རི་རམ། གང་མཇལ་བོན་སྐུ་ཐོབ་པ་གོར་མ་ཆགས། རྒྱལ་བ་གཉིས་པ་ཤེས་རབ་རྒྱལ་མཚན་སོགས། སྨན་རིའི་མཁན་རབས་རིམ་བྱོན་སྐུ་གདུང་རྣམས། མཇལ་ཚད་ཚེ་གཅིག་ལུས་གཅིག་མངོན་སངས་རྒྱས། མ་མཇལ་གསོལ་བ་བཏབ་ཀྱང་མི་ལུས་ཐོབ། ཐུན་ར་ལོ་པཎ་མཆོད་རྟེན་དབུ་གསུམ་ལ། གང་མཇལ་ཤེས་རབ་ཕར་ཕྱིན་ཐོབ་པར་ངེས། ཐུན་ར་ནང་གི་མཉམ་མེད་ཞབས་རྗེས་དང། ཀུན་བཟང་རྒྱལ་མཚན་ཞབས་རྗེས་ཕྱོགས་བཞི་དབུས་ལྔ་དང། རིན་ལྷུན་ཤེས་བསྟན་ལ་སོགས་སྨན་རི་བའི། མཁན་རྒྱུད་རིམ་བྱོན་ཕྱག་རྗེས་ཞབས་རྗེས་རྣམས། གང་མཇལ་ངན་སོང་བར་དོ་འཇིག་མི་དགོས། གནམ་བོན་མཁན་ཆེན་ཤེས་རབ་དགོང་རྒྱལ་གྱིས། ཞབས་རྗེས་ཕྱག་རྗེས་གང་མཇལ་སེམས་ཅན་རྣམས། འདི་ཕྱི་བར་དོ་གསུམ་གྱི་བར་ཆོད་སེལ། འོག་མིན་བདེ་ཆེན་ཞིང་དབྱེར་མེད་པའི། ངོ་མཚར་འབུམ་གྱིས་བརྒྱན་པའི་སྨན་རི་ལ། སྟོང་གསུམ་འཇིག་རྟེན་བསྐོར་ར་བསྐོར་བ་བས། གནས་མཆོག་འདི་ལ་བསྐོར་ན་བྱིན་རླབས་ཆེ། བསྐལ་མང་བསོད་ནམས་ཡེ་ཤེས་ཚོགས་ཆེན་བསགས་པ་བས། སྨན་རིའི་ལས་ཚན་འཛིན་པ་བསོད་ནམས་ཆེ། རིག་འཛིན་མཁའ་འགྲོའི་ལུང་ལས་ཀྱང། བསྟན་འཛིན་གཤེན་རབ་དེ་དང་ཕྱོགས་བཅུ་ཡི། བསྐལ་སྟོང་སངས་རྒྱས་སེམས་དཔའ་རིག་འཛིན་དང། རིགས་ལྔ་མཁའ་འགྲོ་བརྒྱུད་གསུམ་བླ་མ་བཅས། སྟོང་གསུམ་བདེ་བཀོད་ཞེས་གསུངས་སོ། །
སྨན་རིའི་གནས་སུ་གྲངས་མེད་བསྐལ་བར་བུ། བསྐལ་བཟང་སངས་རྒྱས་གྲངས་མེད་འགྲོ་འདུལ་དོན། གཡུང་དྲུང་བོན་གྱི་སྒྲ་ཆེན་རྒྱུན་དུ་སྒྲོག དེ་ཡི་ཐུགས་རྗེས་འཛམ་གླིང་དགེ་འདུན་དང། ཁམས་སུམ་སེམས་ཅན་ཀུན་ལ་སྦྱིན་གཏོང་བས། གནས་འདིར་མང་ཇ་གཅིག་གཏོང་བསོད་ནམས་ཆེ། རིག་འཛིན་མཁའ་འགྲོའི་ལུང་ལས། བསྐལ་སྟོང་སངས་རྒྱས་གྲངས་མེད་འགྲོ་འདུལ་དོན། སྡེ་སྣོད་བོན་དང་སྒོ་བཞི་མཛོད་དང་ལྔ། ཐེག་པ་རིམ་དགུ་མཛད་པ་བཅུ་གཉིས་དང། མཛད་པ་དྲུག་ཅུ་བརྒྱད་ཁྲི་བཞི་སྟོང་སྒོ། ལས་བཞི་རྒྱུན་ལྔ་ཕྱི་ནང་གསང་གསུམ་ནི། གྲངས་མེད་བསྐལ་པ་འཕྲུལ་ངག་བོན་སྒྲ་སྒྲོགས། དུག་ལྔའི་དགྲ་བཅོམ་བོན་གྱི་གཏེར་མཛོད་བརྡོལ། གྲངས་མེད་འདུལ་མཛད་ཅེས་གསུངས་སོ། །
གནས་འདིར་ཚོགས་བསགས་སྒྲིབ་སྦྱངས་གང་བྱེད་རྣམས། ལས་ངན་སྡིག་ཆེན་ཡིན་ཀྱང་བྱང་གྱུར་ཏེ། རིག་འཛིན་མཁའ་གྲོའི་ལུང་ལས། སྐལ་ལྡན་སེམས་ལ་བོན་གྱི་ཟླ་བ་ཚེས། སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རིམ་པར་རྫོགས། དུག་གསུམ་དུག་ལྔ་ཁམས་སུམ་ས་དགུ་སྟེ། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཕྱག་མ་འདེབས། ཞེས་གསུངས་སོ། གཞན་ཡང་གནས་འདིར་འདིའི་རྒྱལ་ཚབ་རིམ་བྱོན་དང། དེ་དག་གདུང་ལས་བྱོན་པའི་རིང་བསྲེལ་དང། སྐུ་དང་ཡི་གེ་རང་བྱོན་ཐམས་ཅད་དང། ཞབས་རྗེས་ཕྱག་རྗེས་ལ་སོགས་གང་མཇལ་རྣམས། ཕྱི་མ་ངན་སོང་གནས་ལ་འགྲོ་མི་སྲིད། རྒྱལ་བ་གཉིས་པ་འཚོགས་གྲལ་གང་འགྲོ་ཀུན། ཡུལ་མཆོག་གནས་བཞི་ཐུགས་རྗེས་བྱིན་གྱི་རླབས། འཁོར་བ་མེད་པའི་ཞིང་ས་ཆེན་བསྒྲོད་པར་འགྱུར། རིག་འཛིན་མཁའ་འགྲོའི་ལུང་ལས། སྐལ་ལྡན་རྣམས་ལ་སྤྱི་རྒྱ་རླབས་ཀྱི་གཅོད། སྐལ་མེད་རྣམས་ལ་ཐུགས་རྗེ་བྱིན་གྱིས་རླབས། འཁོར་བ་མེད་པའི་ཞིང་མཆོག་སྨན་རི་བ། ས་ཆེན་དྲི་མེད་་་་་་ཅེས་གསུངས་སོ། སྨན་རི་བ་ལ་དད་གུས་ཡོད་པའི་མི། སེམས་ཅན་མ་ལུས་ཐུགས་རྗེས་ལྕགས་ཀྱུ་ཡིས། ངན་སོང་གནས་ནས་མཐོ་རིས་འདྲེན་འགྱུར་ཏེ། བྱང་ཕྱོགས་ཐར་ཤོར་རྒྱ་སྒོ་བྲག་ཡང་ཡོད། རིག་འཛིན་མཁའ་འགྲོའི་ལུང་ལས། རྒྱུད་ལུང་སྨན་གྱི་རྒྱལ་པོས་འགྲོ་ཀུན་སྐྱོབས། ཐུགས་རྗེས་ལྕགས་ཀྱུས་ངན་སོང་མཐོ་རིས་འདྲེན། ཞེས་གསུངས་སོ། །
དཀར་ཆགས་རྒྱས་པ་གཞན་དུ་གསལ་ཞིང། སྨན་རིའི་དཀར་ཆགས་བསྡུས་པ་པདྨ་བཞད་པའི་ཚལ་ཆེན་འདི་ནི། གཤེན་གྱི་དྲང་སྲོང་གནམ་བོན་རྒྱ་གར་ཤེས་རབ་དགོངས་རྒྱལ་གྱིས་བཀྲ་ཤིས་སྨན་རིའི་དགོན་དུ་སྦྱར་བའོ།།བཀྲ་ཤིས་པར་ཤོག།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག