ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> དགོན་སྡེ་རི་ཁྲོད། >> མཚོ་སྔོན་རྨ་ལྷོ་ས་ཁུལ་གྱི་བོན་དགོན་ཁག
མཚོ་སྔོན་རྨ་ལྷོ་ས་ཁུལ་གྱི་བོན་དགོན་ཁག
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སྙན་བཟང་བསོད་ནམས་གཡུང་དྲུང་།] [ཟླ་ཚེས། 11-01-26] [ཀློག་གྲངས། ]

བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་།

      དགོན་སྡེ་འདི་ནི་མཚོ་སྔོན་རེབ་གོང་རོང་བོ་གྲོང་རྡལ་གྱི་ལྷོ་ངོས་སུ་ཡོད་ལ། རེབ་གོང་གྲུབ་ཐོབ་རྣམ་གསུམ་གྱི་རིང་སྟེ་སྤྱི་ལོའི་དུས་རབས་དགུ་བ་ནས་བཟུང་འདི་ཕྱོགས་སུ་གཡུང་དྲུང་བོན་གྱི་བསྟན་པ་དར། ལྷག་པར་དུ་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱིས་ས་རྟ(༡༩༡༨)ལོར་དོན་གཉིས་ལྷུན་གྲུབ་ཀྱི་ལྷ་ཁང་བཞེངས། སྟོན་པ་སྟོང་སྐུ་དང་ཡིག་བརྒྱ་དུང་ཕྱུར་གྱི་འཁོར་ལོ་བསྐོར། བོན་གྱི་བཀའ་འགྱུར་དང་ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་སོགས་རྟེན་བཞེངས་ལེགས་པར་གྲུབ། བསླབ་པ་གསུམ་ལྡན་གྱི་གཙང་གྲྭ་དང་མཚམས་པ་འགའ་བཅས་སྒྲུབ་པ་ཉམས་ལེན་པ་ཉི་ཤུ་ལྷག་རྒྱུན་སྡོད་དུ་བཞུགས། རིག་གསར་གྱི་སྐབས་སུ་རྟེན་དང་བརྟེན་པ་ཚང་མ་འཇིག་ནས་དམ་པ་གང་གི་ཡང་སྲིད་༧བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་ཉམས་གསོ་མཛད་དེ་ལྕགས་བྱ(༡༩༨༡)ལོར་ཡང་བསྐྱར་སྒོ་ཕྱེས། ༡༩༨༨ལོར་གསང་སྔགས་སྒྲུབ་པ་ཆེན་པོའི་གར་འཆམ་ཚུགས། ༡༩༩༠ལོར་ཀུན་མཁྱེན་ཤར་རྫའི་ལུགས་ཀྱི་སྒྲུབ་གྲྭ་བཙུགས། ༡༩༩༢ལོར་མཚན་ཉིད་གཞུང་ཆེན་དྲུག་གི་བཤད་གྲྭ་བཙུགས། ད་ལྟ་རྒྱུན་སྡོད་ཀྱི་གྲྭ་བཙུན་ཆིག་བརྒྱ་ཡས་མས་བཞུགས་ལ་མདོ་སྨད་བྱང་ཁའི་རྒྱུད་དུ་བོན་གྱི་འདུས་སྡེ་ཆེ་ཤོས་དང་ཐོས་བསམ་སྒོམ་སྒྲུབ་དང་འཆད་རྩོད་རྩོམ་གསུམ་གྱི་ལྟེ་གནས་སུ་གྱུར་ཡོད།

མག་སར་གཡུང་དྲུང་དར་རྒྱས་གླིང་།

      བསྒྲུབ་སྡེ་འདི་ནི་བྱང་ཨཀྟ་རོང་གི་སྟོད་ཕྱོགས་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་ཉེ་འདབས་སུ་ཡོད་ལ། ཁྱུང་དཀར་ཚངས་པའི་བརྒྱུད་འཛིན་ཁྱུང་བོ་བསྟན་པ་དར་རྒྱས་མག་པར་བསྡད་པའི་ཁྱིམ་ལ་དམག་གསར་རམ་མག་སར་ཞེས་པའི་མིང་ཐོགས། བསྒྲུབ་སྡེ་འདི་སྡེ་བ་དང་མཉམ་དུ་གནས་སྤོ་ཐེངས་འགའ་བྱས་ཤིང་ཞོ་ལུང་སྣ་ན་ཡོད་དུས་ཐང་སྐོར་དང་། སྒར་སྐོར། རྩ་རིང་བཅས་ཚོ་བ་གསུམ་ཡོད། དེ་ནས་གྱང་ར་ངོའམ་གླ་ཤར་ངོ་ལ་གནས་སྤོ་བྱས་ནས་ལོ་བརྒྱད་དགུ་ཙམ་ནས་ཕྱིར་ད་ལྟའི་ས་གནས་བཀྲ་ཤིས་ཐང་ཟེར་བ་ལ་བབས། གསས་ཁང་ཡང་ཁང་ལེབ་ཆུང་ཆུང་ཞིག་ཡིན་པ་དེ་མག་སར་ནོར་བུ་རྒྱལ་དང་གདུགས་དཀར་གཉིས་ཀྱིས་སྤྱི་ལོ༡༩༢༨ཙམ་ན་སྒུར་ཁང་ཅན་དུ་བཞེངས། ཀ་ཅི་ཐོག་འཛིན་དང་བོན་པོ་ཀུན་དགའ་ཞེས་གྲུབ་བརྙེས་རིག་འཛིན་དང་། གཙང་དགོན་པའི་གྲྭ་སྲི་གཅོད་མཁན་མག་སར་ཨ་ལགས་རིན་ཆེན་རྒྱལ་སོགས་བྱོན་ནས་བསྟན་པ་བསྐྱངས། ༡༩༥༨ལོར་གསས་ཁང་འདི་སྡེ་བའི་འབྲུ་མཛོད་ཁང་བྱས་ཤིང་ནང་གི་རྟེན་གསུམ་ཐམས་ཅད་འཇིག ༡༩༨༡ལོར་ཡང་བསྐྱར་སྒོ་ཕྱེས་ཤིང་སྔར་གྱི་གསས་ཁང་གྱན་གསུམ་ཅན་དེ་གྱན་ལྔ་ཅན་དུ་རྒྱ་བསྐྱེད་བཏང་ནས་རྟེན་བཞེངས་ལེགས་པར་གྲུབ་ཅིང་༢༠༠༦ལོར་སྨྱུང་གནས་བཙུགས། ད་ལྟ་བསྒྲུབ་མཆོད་རྣམས་སྔོན་ཆད་ནང་ལྟར་སྐྱོང་མུས་སུ་ཡོད་དོ། །

བོན་བརྒྱ་གསང་སྔགས་དར་རྒྱས་གླིང་།

      བསྒྲུབ་སྡེ་འདི་ནི་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་ཉེ་འདབས་ཤར་ངོས་སུ་ཡོད་ལ་སྡེ་བའི་མི་བརྒྱུད་ཐོག་མ་ནི། སོག་བཙུན་སྟོན་པ་ཡེ་ཤེས་རྒྱལ་མཚན་དང་གང་གི་སྐུ་མཆེད་ཧོར་རྗེ་པདྨ་རྒྱལ་གཉིས་ཀྱིས་ཁྲི་ཀ་གཡང་ལུང་ར་གསུམ་གྱི་དབུས་མ་སྟོང་ཆེ་ནས་བླ་དཔོན་ཚུལ་གྱིས་གཞི་བཟུང་བའི་བོན་སྡེ་ཚོ་བ་བདུན་ཡོད་པའི་ནང་ཚན། ཤ་རྒྱ་ཟེར་བ་ནས་མཚན་ལ་བོན་པོ་གཡུང་དྲུང་རིན་ཆེན་(དབྱིངས་ཀློང་རིན་ཆེན་ཡང་)ཟེར་བའི་གྲུབ་ཐོབ་རིག་འཛིན་དེ་ཉིད་ཀྱིས་གདུལ་བྱ་རེབ་གོང་དུ་ཡོད་པ་ཐུགས་ལ་མཁྱེན་ནས་ཕེབས་པའི་ལམ་བར་དུ། འབྲོང་རྒོད་དར་མས་སྒྱུ་རྩལ་བསྟན་པ་དམ་ལ་བཏགས་པ་སོགས་གྲུབ་རྟགས་མང་པོ་སྟོན་བཞིན་ཕེབས། སོ་ནག་ཚོ་བ་ལྔའི་མེས་པོ་ཨ་མྱེས་ཉག་ཀ་ཟེར་བ་ལ་བུ་མོ་མཚན་ལྡན་རྒྱ་མོ་བྱམས་ཟེར་བ་ཞིག་ཡོད་པ་ཁབ་ཏུ་བཞེས་ནས་བསྙེན་བསྒྲུབ་མང་པོ་བྱས་ཏེ་བཞུགས་སྐབས་སྲས་གསུམ་སྐྱེས་པ། རྗེས་སོར་བོན་པོ་གསུམ་བྱས་ནས་ཆེ་འབྲིང་གཉིས་ཀྱིས། ལ་སྟེང་དང་ཞོལ་གྱི་ཐང་ནས་གཞི་ག་སོ་སོར་བཟུང་སྟེ་བོན་བརྒྱའི་སྡེ་བ་ཆགས། ཐང་ཚང་ཟེར་བའི་མྱེས་པོ་དེ་ལ་བུ་གཉིས་སྐྱེས་པའི་མིང་ལ་ཁྲོ་ཁོ་དང་ཚེ་དབང་ཟེར། ལ་ཁ་ཚང་ཟེར་བའི་བོན་པོ་དེ་ལ་བུ་དྲུག་སྐྱེས། བོན་བརྒྱ་རོང་འབྲོག་ཏུ་མ་ཕྱེས་པར་ཐང་ན་ཡོད་དུས་གསས་ཁང་བཞེངས་ཤིང་ཕྱིས་སུ་བོན་བརྒྱ་རོང་འབྲོག་གཉིས་སུ་གྱེས་ཤིང་གསས་ཁང་ཡང་ལ་ཁར་གནས་སྤོར་བྱས། སྤྱོ་ལོ༡༩༢༠ལོར་ཧེ་དམག་གིས་མེར་བསྲེགས་པ་འཕྲལ་དུ་སྡེ་བའི་དཀྱིལ་དུ་གནས་སྤོར་བྱས་ནས་བསྐྱར་དུ་བཞེངས། ༡༩༥༨སྐབས་ནང་གི་རྟེན་གསུམ་མ་གཏོགས་གསས་ཁང་མ་འཇིག ༡༩༩༢ནས་འགོ་བཙུགས་ཏེ་རྒྱ་བསྐྱེད་ནས་༡༩༩༦ལོར་ད་ལྟའི་གཞི་ཁྱོན་འདི་དང་ནང་རྟེན་རྣམས་ལེགས་འགྲུབ་བྱུང་། ད་ལྟ་རིག་འཛིན་གོང་མའི་ཕྱག་སྲོལ་མ་ཉམས་དར་རྒྱས་སུ་གནས་བཞིན་པའོ།།

གྱང་རི་རིག་འཛིན་ཐུགས་རྗེ་བྱང་ཆུབ་གླིང་།

      བསྒྲུབ་སྡེ་འདི་ནི་མཚོ་སྔོན་རེབ་གོང་རྫོང་རྒྱལ་བོ་ཤང་གི་མངའ་ཁོངས་ཡིན། དང་པོ་དཀོན་མོ་ཉིན་གྱི་དགོན་པའི་ལྷ་སྡེ་ཡིན་ཞིང་དགོན་པ་རྐྱེན་དབང་གིས་འཇིག་པ་དང་ལྷ་སྡེའང་འཐོར་ནས་ཁག་ཅིག་སྟག་ལུང་རྫ་མདུན་གྱི་མཆོད་རྟེན་ལ་ཁ་ཟེར་བར་གཞི་ཆགས་པ་ཕྱིས་སུ་གྱང་རི་ཞེས་གྲགས། དེ་ནས་བྱང་ངོས་ཀྱི་རི་ལ་གནས་སྤོས་པས་སྡེ་མིང་ལ་བྱང་རི་ཟེར་བའང་ཡོད། རེབ་གོང་ལོ་རྒྱུས་སྟེང་གི་མི་སྣ་གྲགས་ཆེན་གྱང་རིའི་ཨ་མྱེས་ཐུགས་རྗེ་ཟེར་བ་བྱོན། རྒྱལ་བོ་དཔོན་པོའི་གཞིས་དཔོན་མཛད་ཅིང་ར་རྒྱ་དགོན་པའི་གྲྭ་སྲི་བཅད། དེ་ནས་བོན་གཤེན་རིག་འཛིན་རྒྱ་བསྡུ་ཟེར་བ་བྱོན་པ་རོང་བོ་ནང་སོའི་གཞིས་དཔོན་དང་གཤིན་པོའི་རྣམ་ཤེས་དག་ཞིང་དུ་འདྲེན་པའི་རྟོགས་ལྡན་ཞིག་ཡིན། གྱང་རིའི་ལྕགས་ཐར་འབུམ་དང་རྒྱ་ལོ་སོགས་གྲུབ་བརྙེས་རིག་འཛིན་མང་དུ་བྱོན། གསས་ཁང་འདི་དང་མ་གྱང་རི་སྡེ་བའི་འདབས་སུ་ཡོད། ༡༩༤༩ལོར་ད་ལྟའི་ས་གནས་འདིར་སྤོས། ༡༩༥༨སྐབས་ནང་རྟེན་འཇིག་ཀྱང་གསས་ཁང་སྡེ་བའི་འབྲུ་མཛོད་ཁང་བྱས་པས་མ་འཇིག ༢༠༠༠ལོར་ཉམས་གསོ་བྱས་ཤིང་རྟེན་བཞེངས་སོགས་ལེགས་པར་གྲུབ་ཅིང་དམ་པ་གོང་མའི་ཕྱག་སྲོལ་མ་ཉམས་པར་སྐྱོང་བཞིན་པའོ།།

ངོ་མོ་རྒྱལ་བསྟན་ཡེ་ཤེས་རྒྱ་མཚོའི་གླིང་།

      བསྒྲུབ་སྡེ་འདི་ནི་རེབ་གོང་རོང་བོ་གྲོང་རྡལ་གྱི་ཤར་རིའི་ངོས་སུ་ཡོད་ཅིང་། སྤྱི་ལོའི་དུས་རབས་དགུ་བར་རེབ་གོང་གྲུབ་ཐོབ་རྣམ་གསུམ་གྱི་སྐུ་མཆེད་འབྲིང་བ་ངོ་མོ་ཡེ་ཤེས་མཚོ་རྒྱལ་གྱིས་དཀོན་མོ་ཉིན་ནས་བསྒྲུབ་སྡེ་བཙུགས་ནས་ལོ་མང་པོར་བསྟན་པ་དར། དུས་རབས་བཅུ་གསུམ་པར་ངོ་མོ་ཡེ་ཤེས་ཁྲོ་རྒྱལ(༡༢༣༦–༡༣༡༢)བྱོན་ནས་བསྟན་པ་སྤེལ། དེ་ནས་རྒྱལ་བོ་རླངས་ཚང་བླ་དཔོན་གྱི་བློན་ཆེན་གསུམ་གྱི་ནང་ཚན་ངོ་མོའི་ཆེ་མཆོག་རྒྱལ་གྱིས(༡༤༣༨ལོར)གསས་ཁང་བསྐྱར་བཞེངས་མཛད། གསས་ཁང་འདིའི་གནས་མལ་བརྗེ་སྤོར་ཐེངས་འགའ་བྱས། སྐབས་ཐོག་ཤིག་ཏུ་སྤེན་ཁ་ཅན་གྱི་གསས་ཁང་དཔེ་མེད་ཅིག་བཞེངས་པ་ཧེ་དམག་གིས༡༩༢༠ལོར་མེར་བསྲེགས། ལམ་སང་བསྐྱར་བཞེངས་བྱས་ཤིང་༡༩༥༨ལོར་སྡེ་བའི་འབྲུ་ཁང་བྱས། ༡༩༩༤ལོར་ཉམས་གསོ་བྱས་ནས་རྒྱ་བསྐྱེད་བཏང་། ནང་གི་རྟེན་བཞེངས་ཡོངས་གྲུབ་དང་བསྒྲུབ་པ་ཉམས་ལེན་རྣམས་སྔོན་ཆད་ནང་ལྟར་འཕེལ་རྒྱས་ཀྱི་ངང་དུ་གནས་སོ།། བསྟན་འཛིན་གྱི་བྱོན་རབས་ལ་རླངས་རྡོ་རྗེ་ཚེ་བརྟན་དང་། ངོ་མོ་ལྕགས་པོ་རྒྱལ(ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་དང་མཁར་ནག་གཡུང་དྲུང་ཡེ་ཤེས་ཀྱི་དངོས་སློབ། རེབ་གོང་བོན་མང་གི་སྒྲ་བླའི་རྒྱལ་མོའི་གར་འཆམ་གཏན་ལ་འབེབས་མཁན)། སྔགས་འཆང་འབྲུག་འབུམ། གཅོད་པ་ཐར། མཁར་བྱམས་རྒྱལ། ཡི་དམ་རྒྱ་མཚོ། མཁར་བྱམས། ཚེ་བརྟན་རྡོ་རྗེ(ཀུན་ཁྱབ་ཏུ་བཞུགས་ཤིང་སྤྱི་ཁ་གསུམ་དང་རླངས་རྒྱལ་བོའི་ཕྱོགས་ནས་སློབ་ཚོགས་བསྐྱངས་པ)བསྟན་པའི་མཛེས་རྒྱན་དུ་བྱོན་པ་ཤ་སྟག་གོ།

ཀུན་ཁྱབ་དགོན་པ།

      བཀྲ་ཤིས་ཀུན་ཁྱབ་གཡུང་དྲུང་གླིང་ནི། རེབ་གོང་གྲུབ་ཐོབ་སྐུ་མཆེད་གསུམ་གྱི་ཆེ་བ་གྲུབ་ཆེན་སྤྱི་རྟིང་འཁོར་ལོས་བསྒྱུར་རྒྱལ་གྱིས་ཤར་ཕྱོགས་སྟག་མོ་ཉལ་འདྲའི་སྟེང་དུ་གཞི་བཟུང་ཞིང་གདུང་རྒྱུད་འཕེལ་ཏེ་སྤྱི་ཁ་གསུམ་ཞེས་པའི་ཤོག་ཁ་འདི་ཆགས་ནས་སྤྱི་དགོན་ནམ་བསྒྲུབ་སྡེ་གསས་མཁར་རིག་འཛིན་འདུ་གནས་ཞེས་པ་བཞེངས། བསྟན་པ་འཕེལ་འགྲིབ་དབང་གིས་དེ་ཉིད་འཇིག་པའི་ཚབ་ཏུ་རི་བོ་ཀུན་ཁྱབ་ཅེས་བྱ་རྒྱལ་ཁྱུང་ཆེན་མཁའ་ལ་འཕུར་འདྲའི་སྟེང་དུ་སྤྱིའི་ཀུན་ཁྱབ་གཡུང་དྲུང་གླིང་ཞེས་གསང་སྔགས་ཀྱི་བསྒྲུབ་སྡེ་འདི་ཉིད་ཆགས་ཤིང་མི་རབས་མང་བོ་ལ་དར་རྒྱས་ཆེ། སངས་རྒྱས་སྟོང་སྐུའི་ལྷ་ཁང་དང་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་ཀྱི་ནང་ཆེན་སོགས་ཡོད་པ༡༩༢༠ལོར་ཧེ་དམག་གིས་མེར་བསྲེགས། མཆོད་མར་བཞུས་ནས་མ་རྒྱ་ལུང་བའི་བར་དུ་བཞུར་བའི་བཤད་ཚུལ་ཡོད། དེ་ཉིད་སླར་གསོ་ལ་སྤྱི་ཁ་གསུམ་གྱིས་གྲོས་བྱས་ནས་ཀུན་ཁྱབ་ཏུ་འདུ་ཁང་ཆེན་པོ་ཞིག་བཞེང་རྒྱུ་དང་སྡེ་བ་སོ་སོར་རིམ་གྲོ་བསྒྲུབ་སའི་གསས་ཁང་ཆུང་ཆུང་རེ་བཞེང་རྒྱུ་བྱས་མོད་གད་པ་སྐྱ་བོས་སྔོན་ལ་གསས་ཁང་ཆེ་ཞིག་བཞེངས་པས་སྡེ་བ་གཞན་གཉིས་པོས་ཀྱང་དེ་ལྟར་བཞེངས་ནས་ཀུན་ཁྱབ་ཏུ་ཆུང་ཆུང་ཞིག་དང་མཚམས་ཁང་འགའ་བཞེངས་པ༡༩༥༨ལོར་འཇིག དེ་ནས་ལོ་རབས་བརྒྱད་ཅུ་བར་སླར་གསོ་བྱས་ནས་ལྷ་ཁང་དུ་ཁང་ལེབ་ཅིག་དང་མཚམས་ཁང་འགའ་བཞེངས། སྤྲུལ་སྐུ་གནམ་ལྷ་ཐར་གྱིས(༢༠༠༨ལོར་མཁར་གྱང་བསྐོར། ༢༠༠༩ལོར་ལྷ་ཁང་བཞེངས)བསྐྱར་བཞེང་བྱེད་པའི་སྒང་ལགས་སོ།།

གདོང་མགོ་ཐེག་ཆེན་སྨིན་གྲོལ་རྒྱ་མཚོའི་གླིང་།

      བསྒྲུབ་སྡེ་འདི་ནི་སྤྱི་རྟིང་འཁོར་ལོས་བསྒྱུར་རྒྱལ་གྱིས་གསས་མཁར་རིག་འཛིན་འདུ་གནས་བཞེངས། ལོ་མང་པོ་ནས་དེ་ཉིད་འཇིག་ནས་ཀུན་ཁྱབ་གཡུང་དྲུང་གླིང་ཆགས། དེ་ལའང་ཆག་འཇིག་མང་དུ་བྱུང་བས་ཕྱིས(༡༩༢༠ནས)སྤྱི་ཁ་གསུམ་གྱིས་རང་རང་སྡེ་བ་སོ་སོར་བསྒྲུབ་སྡེ་བཙུགས་ནས་རྟེན་དང་བརྟེན་པ་བཅས་པ་བསྐྱར་དུ་བཞེངས། ༡༩༥༨ལོར་ནང་རྟེན་རྣམས་འཇིག་ཀྱང་གསས་ཁང་སྡེ་བའི་འབྲུ་མཛོད་ཁང་བྱས་པས་མ་འཇིག ༡༩༩༣ལོར་བླ་མ་རིན་པོ་ཆེ་བོན་བརྒྱ་ཚང་གི་ཐུགས་བཀོད་ལྟར་སྡེ་བའི་དཀྱིལ་ནས་ད་ལྟའི་ས་འདིར་གནས་སྤོ་བྱས་ཤིང་ནང་རྟེན་རྣམས་ལེགས་པར་གྲུབ་ནས(འདིར་རྟེན་རྙིང་རྩ་ཆེན་ར་དུང་ཞིག་དང་སྦུབ་ཆོལ་ཞིག་ལ་དེང་སང་མཇལ་རྒྱུ་ཡོད)རིག་འཛིན་གོང་མའི་ཕྱག་ལེན་བཞིན་བསྒྲུབ་པ་ཉམས་ལེན་གྱི་རྒྱུན་སྐྱོང་བཞིན་གནས་པའོ།། 

ཨ་རྒ་ཐེག་ཆེན་བོན་འཁོར་ལྷུན་གྲུབ་གླིང་།

      བསྒྲུབ་སྡེ་འདི་ནི་གྲུབ་ཆེན་སྤྱི་རྟིང་འཁོར་ལོས་བསྒྱུར་རྒྱལ་གྱིས་མདའ་མོ་གནམ་དུ་འཕངས་ནས་བབས་སར་གསས་ཁང་བཞེངས་ནས་གདུང་བརྒྱུད་མང་དུ་འཕེལ་བ་ཡིན་ལ། གསས་མཁར་རིག་འཛིན་འདུ་གནས་བཞེངས་ཏེ་ལོ་མང་བོ་ནས་སྤྱིའི་ཀུན་ཁྱབ་གཡུང་དྲུང་གླིང་བཏབས། བསྒྲུབ་རྒྱུད་ཀྱི་བསྟན་པ་དར་ཞིང་ཉམས་གུད་ཀྱི་སྐབས་སུ་སྤྱི་ཁ་གསུམ་གྱི་གསས་ཁང་སོ་སོར་བགོས། ༡༩༥༣ལོར་རྒྱ་བསྐྱེད་བཏང་ནས་རྟེན་བཞེངས་ལེགས་པར་གྲུབ། ༡༩༥༨ལོར་ནང་གི་རྟེན་གསུམ་ཐམས་ཅད་འཇིག་ཅིང་གསས་ཁང་སྡེ་བའི་འབྲུ་མཛོད་ཁང་བྱས་པས་མ་འཇིག ༡༩༨༣ལོར་ཉམས་གསོ་བྱས། ༡༩༩༦ལོར་ཡང་བསྐྱར་རྒྱ་བསྐྱེད་ནས་ད་ལྟའི་གསས་ཁང་འདི་བཞེངས་ཤིང་༢༠༠༨ལོར་ཚོན་བཀྱེས། ནང་རྟེན་དུ་སྨན་སྐུ་དང་གྱན་ཐང་། རྒྱལ་བའི་བཀའ་དང་བཀའ་བརྟེན་སོགས་བཞུགས་ཤིང་བསྒྲུབ་པའི་རྒྱལ་མཚན་མཐོ་རུ་སྒྲེང་བཞིན་པའི་སྐབས་ལགས་སོ།། 

གད་སྐྱ་གསང་སྔགས་རིག་འཛིན་དར་རྒྱས་གླིང་།

      གྲུབ་པའི་དབང་ཕྱུག་སྤྱི་རྟིང་འཁོར་ལོས་བསྒྱུར་རྒྱལ་ས་འདིར་བྱོན་ནས་ཐོག་མར་འཇག་ལུང་ཁུག་ཅེས་པར་གཞི་བཟུང་། གསས་མཁར་རིག་འཛིན་འདུ་གནས་བཞེངས། དེ་ནས་ཀུན་ཁྱབ་གཡུང་དྲུང་གླིང་ཆགས་ཤིང་བསྒྲུབ་རྒྱུད་ཀྱི་བསྟན་པ་དར་ནས་སྤྱི་ཁ་གསུམ་གྱིས་སྤྱི་སྲུང་ཀུན་ཁྱབ་ནས་འཛིན་ལ། དེ་ནས་སྡེ་བ་སོ་སོར་གསས་ཁང་བཞེངས་ནས༡༩༥༨ཡར་སྔོན་དུ་མི་ལོ་བརྒྱད་ཅུ་འགོར་ཞེས་པའི་ངག་རྒྱུན་ཡང་ཡོད། ༡༩༥༨ལོར་གསས་ཁང་འདི་སྡེ་བའི་འབྲུ་མཛོད་ཁང་བྱས་པས་མ་འཇིག ལོ་རབས་བརྒྱད་ཅུ་བར་བོན་སྤྱོད་རང་དབང་གི་སྒོ་ཕྱེས། ལོ་རབས་དགུ་བཅུ་བར་བསྐྱར་བཞེངས་བྱས། ༢༠༠༨ལོ་སྡེ་བའི་ནུབ་ངོས་ཀྱི་སྒང་ནས་གསས་ཁང་གནས་སྤོར་གྱི་མཁར་གྱང་བསྐོར་ཅིང་སྡེ་བའི་བྱང་སྐྱོར་དུ་སྨྲ་སེང་མཆོད་རྟེན་གཡུང་དྲུང་བཀོད་ལེགས་བཞེངས། ༢༠༠༩ལོར་བོན་བརྒྱ་རིན་པོ་ཆེས་མཆོད་རྟེན་ལ་རབ་གནས་མཛད་ཅིང་གསས་ཁང་ད་ལྟའི་མལ་འདིར་གནས་སྤོ་བྱས་ཏེ་ནང་དུ་རྟེན་བཞེངས་བྱེད་པའི་སྒང་ལགས་སོ།།

མཁར་གོང་གསས་ཁང་བཀྲ་ཤིས་རབ་བརྟན་ཕུན་ཚོགས་གླིང་།

      བསྒྲུབ་སྡེ་འདི་ནི་གྲུབ་ཆེན་སྤྱི་རྟིང་འཁོར་ལོའི་བརྒྱུད་འཛིན་སྤྱི་ཁ་གསུམ་གྱི་ཡ་གྱལ་རྒྱ་མཚོ་དཔའ་སྟེ་ཨ་རྒ་སྟེང་། མཁར་ཞོལ། མཁར་གོང་གསུམ་གྱི་གསས་ཁང་ཨ་རྒ་སྟེང་དུ་ཡོད་པ་སྔར་བཤད་ལྟར་ལ། འདི་ནི་རེབ་གོང་བོན་མང་གི་བྱིངས་འདྲེན་ཆེན་མོ་བསོད་ནམས་ཚེ་རིང་གིས་སྦྱིན་བདག་གཙོ་བོ་བྱས(གསས་ཁང་གི་གཞི་ས་ཁོང་གིས་ཕུལ་བ་དང་དམངས་སྒོར་ཁྲི་ཕྲག་མང་བོ་བཏང་)ནས༢༠༠༥ལོར་གསར་དུ་བཞེངས། ༢༠༠༦ལོར་ནང་དུ་སྨན་འདམ་ལས་གྲུབ་པའི་ཀུན་བཟང་ཞལ་ལྔ་ཕྱག་བཅུ་དང་སྟག་ལ། འབུམ་པ། སྟག་ལ་སྟོང་སྐུ། རྒྱལ་བའི་བཀའ་དང་བཀའ་བརྟེན་བཅས་ཀྱི་རྟེན་བཞེངས་གྲུབ། ༢༠༠༧ལོར་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་དང་བོན་བརྒྱ་རིན་པོ་ཆེ་རྣམ་གཉིས་ཀྱིས་རབ་གནས་མཛད་དེ་བཀྲ་ཤིས་རབ་བརྟན་ཕུན་ཚོགས་གླིང་ཞེས་པའི་མཚན་གསོལ་ཞིང་། ལོ་དེའི་ཟླ༡༠ཚེས༨ལ་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱས་ཀྱང་རབ་གནས་མཛད་ནས་བྱིན་རླབས་ཀྱི་ཚན་ཁ་མཐོ་བར་བྱས་སོ།།

གནམ་རྟིང་ཞྭ་དཀར་གཡུང་དྲུང་གླིང་།

      བསྒྲུབ་སྡེ་འདི་ནི་རེབ་གོང་རོང་བོ་གྲོང་རྡལ་ནས་བྱང་ནུབ་ཏུ་སྤྱི་ལེ་ཉེར་བཞིའི་མཚམས་སུ་ཡོད་ལ། དུས་རབས་དགུ་བའི་ནང་དུ་གྲུབ་ཐོབ་རྣམ་གསུམ་དབུས་ནས་མདོ་སྨད་དུ་ཕེབས་ཤིང་གྲུབ་ཆེན་ཁྱུང་དཀར་ཚངས་པས་ཁྱུང་བོ་དར་ལྡིང་དགོན་པ་བཏབས། གདུང་བརྒྱུད་དང་སློབ་བརྒྱུད་མང་དུ་འཕེལ་ནས་བོན་གྱི་བསྟན་པ་སྤེལ། དུས་རབས་བཅུ་གཅིག་པའི་མགོར་བྱང་གི་གནམ་རྟིང་དགོན་པ་བཏབས། སྦས་པའི་གཤེན་ཆེན་དགུ་རྒྱུད་སོགས་གནས་འདིར་བཞུགས་ནས་བཤད་བསྒྲུབ་ཟུང་འབྲེལ་གྱི་བསྟན་པ་དར། སྤྱི་ལོ༡༦༤༨ལོར་གནམ་རྟིང་དགོན་པའི་ཉེ་ཆར་དགེ་ལུགས་པའི་དགོན་པ་རོང་བོ་བཀྲ་ཤིས་འཁྱིལ་བཏབས་ནས་གནམ་རྟིང་དགོན་པ་ལ་ཆག་འཇིག་བྱུང་། བཀྲ་ཤིས་འཁྱིལ་གྱི་ཐོག་མའི་ལྷ་ཁང་(ཀ་གདམས་ཕོ་བྲང་)དང་གྲྭ་ཤག་བཞེང་སྤྱད་ཀྱི་ཤིང་དང་ལྷ་རྟེན་མཆོད་རྫས་སོགས་གནམ་རྟིང་དགོན་པ་ནས་ཁྱེར། ལྷ་སྡེ་ནས་གྲྭ་རྒྱུན་བསྡུ་རུ་མ་བཅུག་པ་སོགས་དགོན་པའི་བརྒྱུད་འཛིན་བསྐྱེད་སྲིང་གི་ཐད་ལ་བཀག་རྒྱ་དམ་པོ་བཟོས། རྩེ་ཞིག་དྲུང་རམས་པ་ཤེས་རབ་རྣམ་རྒྱལ་ལ་གཙང་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་མདོ་སྨད་བྱང་ཁའི་ཕྱོགས་ཀྱི་གཡུང་དྲུང་བོན་གྱི་བསྟན་པའི་བདག་པོ་ཁྱོད་ཡིན་ཅེས་བཀའ་ཤོག་གསེར་ཐམ་དང་བཅས་པ་གནང་བཞིན་ཕེབས་ནས་བྱང་རྒྱུད་ཀྱི་བོན་སྡེ་ཆེ་ཆུང་སྤྱི་དང་གནམ་རྟིང་དགོན་པར་བདག་རྐྱེན་གང་ལེགས་གནང་། བླ་མ་དམ་པ་དེའི་སྐུ་དྲིན་ལ་ཁོང་གི་དངོས་སློབ་མཁར་ནག་གྲུབ་པའི་དབང་ཕྱུག་ཤེས་རབ་ཚུལ་ཁྲིམས་རིན་པོ་ཆེས་དགོན་པའི་ཤར་ངོས་སུ་གནས་སྤོར་བྱས་ནས་ལྷ་ཁང་ཉིས་ཐོག་ཅན་དང་བླ་བྲང་ཡང་བཞེངས། དགོན་པའི་མཚན་ལ་གཡུང་དྲུང་བདུད་འདུལ་གླིང་ཞེས་གསོལ། དུས་དེ་ནས་བཟུང་སྤྱི་ལོ༡༩༥༨བར་དུ་བླ་མ་དང་དགེ་སློང་། བྱ་བྲལ་གྱི་མཚམས་པ་དང་ཇོ་མོ་སོགས་སུམ་ཅུ་ལྷག་དགོན་འདིར་རྒྱུན་དུ་བཞུགས་ཤིང་ཧོར་སྙན་བཟང་ཕྱོགས་ཀྱི་བོན་གཤེན་བརྒྱུད་འཛིན་བསྐྱེད་བསྲིང་གི་ལྟེ་གནས་སུ་གྱུར་པའོ།།

སྙན་བཟང་གསང་ཆེན་སྨིན་གྲོལ་དཔལ་ལྡན་གླིང་།

      བསྒྲུབ་སྡེ་འདི་ནི་དུས་རབས་བཅུ་གཅིག་པར་བཏབས་པའི་བྱང་གི་གནམ་རྟིང་དགོན་པ་འཇིག་དུས་(༡༦༤༨)ཕྱེད་ཀ་རོང་བོ་བཀྲ་ཤིས་འཁྱིལ་དུ་ཁྱེར། ཕྱེད་ཀ་དྲུང་རམས་པ་ཤེས་རབ་རྣམ་རྒྱལ་དང་མཁར་ནག་གྲུབ་ཆེན་དཔོན་གཡོག་གིས་དགོན་པའི་ཤར་ངོས་ཀྱི་རི་སྒང་དུ་གནས་སྤོར་བྱས། དེའི་ལྷག་མ་རྣམས་ཁོང་རྣམ་གཉིས་ཀྱི་དངོས་སློབ་ཧོར་ནག་ལྷ་རྒན་ཚང་ངམ་སྙན་བཟང་ལྷ་དཀར་ཚང་ལ་གནང་བས། ཁོང་གིས་རུ་ཞོལ་མར་ཡོད་པའི་དཔའ་སྒང་རིལ་གྱི་འགྲམ་དུ་ཁང་ལེབ་ཅིག་བཞེངས། དེའི་རྗེས་ནས་ཧོར་ནག་བྱམས་པ་རྒྱལ་གྱིས་སྔར་གྱི་གསས་ཁང་དེ་རྒྱ་བསྐྱེད་ཅིང་དཔའ་སྒང་རིལ་བཏུལ་ནས་སྟེང་དུ་གསས་ཁང་བཞེངས། ༡༩༤༡ལོར་སྔར་གྱི་གསས་ཁང་གི་རྒྱ་བསྐྱེད་ནས་བསྐྱར་བཞེངས་བྱས། ༡༩༥༨ལོར་ནང་གི་རྟེན་གསུམ་ཐམས་ཅད་འཇིག་ཅིང་གསས་ཁང་སྡེ་བའི་འབྲུ་མཛོད་ཁང་བྱས་ནས་མ་འཇིག ༡༩༨༠ལོ་ནས་བོན་སྤྱོད་རང་དབང་གི་སྒོ་ཕྱེས། ༡༩༨༢ལོར་ནང་གི་རྟེན་བཞེངས་གྲུབ་ནས་བོན་བརྒྱ་གཡུང་དྲུང་ལྷུན་གྲུབ་དཔོན་གཡོག་གིས་གཟུངས་འབུལ་དང་མངའ་དབུལ་རབ་གནས་མཛད། ལོ་རབས་བརྒྱད་ཅུ་བར་སྡེ་འདིའི་དུད་ཁྱིམ་འགའ་འབུར་ཞིང་སོགས་སུ་གནས་སྤོར་བྱས་ཤིང་དུས་རབས་ཉེར་གཅིག་པ་ཤར་ནས་དགོན་ནང་ཕྱོགས་སུ་གནས་སྤོར་བྱས། ༢༠༠༨ལོར་སྡེ་བའི་ཤར་ཕྱོགས་ཀྱི་དགོན་ནང་ཞེས་པའི་ས་དེར་གསས་ཁང་གི་མཁར་གྱང་བསྐོར། ༢༠༠༩ལོར་སྒོ་ཆེན་དང་ལྷོི་ལྟ་གྱན་བཅུ་དྲུག ཡར་འཁོར་དུའང་གྱན་འགའ་བཞེངས་ཤིང་སྙན་བཟང་བོན་མང་གི་བསྒྲུབ་ཆེན་བཅུ་བའི་ལྔ་མཆོད་ཆེན་མོ་ཡང་གནས་འདིར་འཚོགས་ཤིང་། ད་ལྟ་གནས་སྤོར་བྱེད་པའི་སྒང་ལགས་སོ།།

སྟོང་ཆེ་རིག་འཛིན་ཀུན་འདུས་རྣམ་རྒྱལ་གླིང་།

      བསྒྲུབ་སྡེ་འདིའི་ཐོག་མའི་ཆད་ཁུངས་ནི་ཁྲི་ཀའི་སྟོང་ཆེ་ཡིན་ལ། རྒྱ་ནག་འཕོ་བ་གྲོང་འཇུག་གི་བླ་མ་ཁྱུང་མོ་སྐུ་ཕྲེང་རིམ་བྱོན་གྱི་ལྷ་སྡེ་ཡིན། གསས་ཁང་འདི་ཐོག་མར་ནམ་བཞེང་གི་ལོ་ཟླ་གསལ་བོ་མི་ཤེས་ཀྱང་ཁྱུང་མོ་བསྟན་པ་བློ་གྲོས་ཀྱིས་གསའ་ལུང་ན་རན་ཟེར་བར་དགོན་པ་བཏབས། དེའི་ནུབ་ཕྱོགས་ཀྱི་གདོང་ནས་མཆོད་རྟེན་ཞིག་བཞེངས་པས་ད་ལྟ་ས་དེ་ལ་མཆོད་རྟེན་ཞེས་མིང་ཐོགས་ཡོད། ཉིན་ལུང་ཚོ་བ་དྲུག་གི་གྲས་ནས་གད་ཡེ་ཚང་ཟེར་བ་གནས་སྤོར་བྱས་ཏེ་སྟོང་ཆེ་ར་ཆག་ཁུག་ཏུ་བབས། དེ་ནས་སྟོང་ཆེ་སྒང་དུ་ཆགས་ཏེ་གསས་ཁང་བཞེངས། མི་རབས་འགའ་ནས(ལོ་རབས་ལྔ་བཅུ་བར་)ཉམས་གསོ་བྱས་ཏེ་ད་ལྟའི་གསས་ཁང་གི་གཞི་ཁྱོན་འདི་གྲུབ། ༡༩༥༡ལོར་རྒྱལ་ཐང་ལྷ་ཁང་ཉམས་གསོ་བྱས༡༩༧༩ལོར་ཡང་བསྐྱར་ཞིག་གསོ་བྱས། ༡༩༨༢ལོར་རྒྱ་འོབ་རིན་པོ་ཆེའི་ཐུགས་བཀོད་ལྟར་རྒྱ་ཡེ་སྙིང་རྒྱལ་བྱམས་ཀྱིས་ས་འདུལ་བརྒྱབ་ནས་སྡེ་བའི་བྱང་སྐྱོར་དུ་རྣམ་རྒྱལ་འབུམ་ཁང་བཞེངས། ལོ་དེར་གསས་ཁང་ནང་གི་རྟེན་བཞེངས་གྲུབ་ནས་བོན་བརྒྱ་གཡུང་དྲུང་ལྷུན་གྲུབ་དཔོན་གཡོག་གིས་གཟུངས་འབུལ་དང་མངའ་དབུལ་རབ་གནས་མཛད། ༡༩༩༩ལོར་ཁྱུང་མོ་སྟོབས་ལྡན་དབང་ཕྱུག་གིས་ཐུགས་བཀོད་དང་སྦྱིན་བདག་མཛད་ཅིང་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་དང་རྒྱ་ཡེ་སྙིང་རྒྱལ་བྱམས། ཨ་དཀར་བློ་བཟང་རྒྱ་མཚོ། ངོ་མོ་ཚེ་བརྟན་རྡོ་རྗེ་སོགས་རེབ་གོང་བོན་མང་གིས་ས་འདུལ་གནང་ནས་སྡེ་བའི་བྱང་སྐྱོར་དུ་རྣམ་རྒྱལ་མཆོད་རྟེན་བཞེངས། ༢༠༠༢ལོར་སྟོང་ཆེ་དབང་ལྡན་རྒྱལ་ཤིང་དཔོན་བྱས་ཏེ་རྒྱལ་ཐང་ལྷ་ཁང་གི་རྒྱ་བསྐྱེད་ཅིང་བསྐྱར་བཞེངས་བྱས་ནས་ད་ལྟའི་གཞི་ཁྱོན་འདི་གྲུབ། ལོ་རབས་དགུ་བཅུ་བ་ནས་འགོ་བརྩམས་ཏེ་སྡེ་བ་ཉེ་སྐོར་དུ་གནས་སྤོར་བྱས་ཤིང་རིག་འཛིན་གོང་མའི་ཕྱག་ལེན་དང་སྔར་གྱི་བསྒྲུབ་མཆོད་རྣམས་མ་ཉམས་དར་རྒྱས་སུ་སྐྱོང་བཞིན་པའོ།།

ཁྱུང་དཀར་བསྟན་པ་རྒྱ་མཚོའི་གླིང་།

      བསྒྲུབ་སྡེ་འདི་ནི་དུས་རབས་དགུ་བར་དབུས་ནས་མདོ་སྨད་དུ་བྱོན་པའི་རེབ་གོང་གྲུབ་ཐོབ་རྣམ་གསུམ་གྱི་སྐུ་མཆེད་ཆུང་བ་ཁྱུང་བོ་ཁྱུང་དཀར་ཚངས་པའི་གདན་ས་ཡིན། ངག་རྒྱུན་ལ་གྲུབ་ཐོབ་རྣམ་གསུམ་གྱིས་རེབ་གོང་ནས་ཐོག་མར་གཞི་འཛིན་དུས་གཅིག་གིས་གཅིག་ལ་བརྡ་འཕྲོད་ས་དང་རེབ་གོང་ཡོངས་རྫོགས་ནོན་ས་ནས་གཞི་བཟུང་བ་ཡིན་ཟེར་བས། སྐུ་མཆེད་ཆེ་བས་སྤྱི་རྟིང་དང་། འབྲིང་བས་རྒྱལ་བོ་ངོ་མོ། ཆུང་བས་ཁྱུང་བོ་ལ་ཁ་ནས་གཞི་བཟུང་བ་རེད། དེ་དུས་རེབ་གོང་གི་གཞོང་ཐམས་ཅད་ལྕང་མ་དང་འོམ་བུ་སྟུག་པོས་གང་ཞིང་སྒང་ཐམས་ཅད་ཤུག་པ་དང་། གསོམ་པ། ཐང་ཤིང་སོགས་ཀྱི་ནགས་ཚལ་སྟུག་པོས་གང་ཡོད། གྲུབ་ཐོབ་རྣམ་གསུམ་ཐོག་མར་རེབ་གོང་སྟོད་ཀྱི་ས་འབལ་ཚའི་ཉག་དམར་སྣ་ལ་ཕེབས་ནས་བཙན་གྱི་སྡོང་བོ་གཉན་གྱི་གཏོར་མས་བཅད་ནས་བསྒྲུབ་རྔ་དང་ཕུར་སྐུ་མང་པོ་བཞེངས། བརྒྱུད་འཛིན་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱ་འབྱུང་བའི་རྟེན་འབྲེལ་འགྲིག དེ་ནས་སོ་སོར་གཞི་བཟུང་ཞིང་ཁྱུང་དཀར་ཚངས་པས་ཁྱུང་བོ་དར་ལྡིང་དགོན་པ་བཏབས(རྗེས་སུ་དར་ལྡིང་དགོན་པ་འཇིག་པའི་ས་མིང་ལ་ད་ལྟ་དགོན་ཆགས་ཟེར་ཞིང་སྡེ་བའི་མདུན་རིའི་འདབས་སུ་ཡོད)། གདུང་བརྒྱུད་དང་སློབ་བརྒྱུད་མང་དུ་འཕེལ་ནས་བསྟན་པ་བསྐྱངས། དེ་ནས་ཁྱུང་བོ་ལ་སྟེང་གཉིས་སུ་གྱེས་ཤིང་ཁྱུང་དཀར་ཚངས་པའི་གདུང་བརྒྱུད་དུ་བྱོན་པའི་ཁྱུང་བོ་གཡུ་ཐོག་འབར་བའི་རིང་ལ་ནགས་ཤར(ས་ཞིག་ཆུ་མགོའི་ཡན་གྱི་སྲིབ་ཕྱོགས)དང་ཐང་ཤར(ད་ལྟའི་སྡེ་བའི་ལྟག་རྒྱབ)ནས་སྡོང་བོ་བཅད་དེ་གསས་ཁང་བཞེངས་པའི་སྟེང་དུ་གཡུ་ཏོག་ཅིག་བསྟད་པས་ཕྱིས་སུ་ཁོང་གི་མཚན་ལ་ཁྱུང་བོ་གཡུ་ཐོག་འབར་བ་ཞེས་གྲགས་སོ།། ༡༩༥༨ཡར་སྔོན་དུ་སྡེ་འདིར་ཁྱུང་དཀར་ཚངས་པའི་ཤངས་ཁྲག་གིས་བྲིས་པའི་ནག་མོའི་བརྩན་ཐང་དང་གྲུབ་ཐོབ་རྣམ་གསུམ་རིང་གི་ཕུར་སྐུ། ཁྱུང་དཀར་ཚངས་པའི་ཕྱག་སིལ་སོགས་ཡོད་ཀྱང་། ད་ལྟ་བརྩན་ཐང་མ་གཏོགས་གཞན་གཉིས་འཇིག་ནས་མཇལ་རྒྱུ་མེད། དམ་པ་ཁྱུང་གི་གདུང་བརྒྱུད་དུ་བྱུང་བའི་བོན་གཤེན་སྙིང་རྒྱལ་བྱམས་དང་། སྒར་བའི་བན་ལོག སྙིང་རྒྱལ། ཚེ་རིང་རྒྱལ། དཔའ་མཁར་རྒྱལ། དགེ་འདུན། སྙིང་ལྕགས་རྒྱལ། འབྲུག་རྩེ་རྒྱལ་སོགས་རིམ་བཞིན་བྱོན་ནས་བསྒྲུབ་རྒྱུད་ཀྱི་བསྟན་པ་སྤེལ་ཅིང་༡༩༥༨ཡར་སྔོན་དུ་མཚམས་ཁང་ཁུག་ཟེར་བར་མཚམས་ཁང་ལྔ་དྲུག་ཙམ་ཡོད། ༡༩༩༨ལོར་ཤིང་ཆ་སོགས་གྲ་སྒྲིག་བྱས་ཤིང་༡༩༩༩ལོར་གསས་ཁང་གི་མཁར་གྱང་བསྐོར་བ་དང་ཤིང་བཟོས་ལས་འགོ་ཚུགས། གནམ་ལོ་འབྲུག་སྟེ༢༠༠༠ལོར་ཡོངས་སུ་གྲུབ་ནས་རེབ་གོང་བོན་མང་གི་བཅུ་བའི་བསྒྲུབ་ཆེན་བཟུང་། སྡེ་བའི་བྱང་སྐྱོར་དུ་སྔོན་ཆད་འབུམ་ཁང་ཞིག་ཡོད་ལ་དེང་སང་འཇིག་ཡོད་པའི་ས་དེར་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་གྱིས་ས་རྟགས་བརྒྱབ་ཅིང་། དགེ་སློང་འཇིགས་མེད་བཤད་སྒྲུབ་ཀྱིས་ཐིག་རྩ་བཟུང་ནས༢༠༠༥ལོར་གཡུང་དྲུང་ཁྲི་བསྐོས་རྣམ་པར་རྒྱལ་བའི་མཆོད་རྟེན་བཞེངས་གྲུབ་ནས་བོན་བརྒྱ་ཐམས་ཅད་མཁྱེན་པ་རིན་པོ་ཆེས་མངའ་དབུལ་དང་རབ་གནས་མཛད། ད་ལྟའང་བསྒྲུབ་རྒྱུད་ཀྱི་བསྟན་པ་རིན་པོ་ཆེ་རིག་འཛིན་གོང་མའི་ཕྱག་ལེན་ཇི་བཞིན་དར་སྤེལ་དུ་གནས་པའོ།།

ནོའུ་རོང་གཡུང་དྲུང་གསང་སྔགས་གླིང་།

      བསྒྲུབ་སྡེ་འདི་ནི་མཚོ་སྔོན་རེབ་གོང་རྫོང་ཧོར་ནག་ཤང་གི་མངའ་ཁོངས་ཡིན་ལ། ༡༩༧༣ལོར་ཨ་བག་ཐ་རྒན་ལུང་མདོ་ནས་ཁ་སྔོན་ཐང་སྨད་བར་རིང་ཚད་སྤྱི་ལེ་བཅུ་ཁ་ལྷག་ཡོད་པའི་ཡུར་རྐ་ཆེན་པོ་ཞིག་གཤགས་འགོ་ཚུགས་པ་དང་སྙན་བཟང་མི་དམངས་ཀྱིས་ས་རྒོད་བཏུལ་ནས་ས་ཞིང་བདེ་ཐང་བྱས། ༡༩༧༥ལོར་སྙན་བཟང་རུ་གོང་ཞོལ་གཉིས་དང་། སྟོང་ཆེ། ཁྱུང་བོ། ཨ་བག བོན་མོ་དང་རེབ་ས་སོགས་གྲོང་ཚོ་རེ་རེ་ནས་ཁྱིམ་ཚང་བཅུ་ཁ་རེ་ས་འདིར་ཕབ་ནས་གཞི་བཟུང་བས་ས་མིང་སྡེ་བར་ཐོགས་ནས་ནོའུ་རོང་སྡེ་བ་ཞེས་གྲགས། ༡༩༩༦ལོའི་དཔྱིད་ཟླ་འབྲིང་པོའི་ཚེས༡༡ཉིན་གྱི་གཟའ་སྐར་དགེ་བར་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་ཚང་གཙོས་སྙན་བཟང་ལ་ཁའི་བོན་གཤེན་སྙིང་རྒྱལ་བྱམས་དང་གཡང་འབུམ། བློ་བཟང་རྒྱ་མཚོ། འབྲུག་རྒྱལ་དཔའ། སྙིང་རྒྱལ། འབྲུག་རྒྱལ་བྱམས་སོགས་ཀྱིས་ས་འདུལ་རྨང་གཏིང་གི་ཆོ་ག་རྒྱ་ཆེར་མཛད་ནས་བཞེངས་འགོ་ཚུགས། དེའི་ཕྱི་ལོ་མེ་གླང་ལ་ད་ལྟའི་གཞི་ཁྱོན་འདི་ལེགས་པར་གྲུབ་ནས་བདག་ཅག་གི་སྐྱབས་མགོན་མཚན་བརྗོད་པར་དཀའ་བ་བོན་བརྒྱ་རིན་པོ་ཆེ་གདན་དྲངས་ནས་མངའ་དབུལ་དང་རབ་གནས་མཛད། ༢༠༠༢ལོར་ཁོ་བོ་བསོད་ནམས་གཡུང་དྲུང་བསྟན་པའི་སྦྱིན་བདག་བྱས་ནས་སྙན་བཟང་བོན་མང་གི་བཅུ་བའི་ལྔ་མཆོད་གནས་འདིར་ཐོག་མར་བཟུང་བ་དང་༢༠༠༦ལོར་རེབ་གོང་བོན་མང་གི་མཁའ་འགྲོ་གསང་གཅོད་ཀྱི་བསྒྲུབ་ཆེན་བཟུང་(ནོའུ་རོང་བ་ལྷན་རྒྱལ་ཚེ་རིང་བསྒྲུབ་ཆེན་འདིའི་བྱིངས་འདྲེན་ཡིན་ལ་ཁྲི་འབུད་དུ་ཚོགས་མང་ལ་མང་འགྱེད་བཏང་)། ད་ལྟ་སྙན་བཟང་ལ་ཁའི་ཕྱག་ལེན་ཇི་བཞིན་བསྟན་རྒྱུན་སྐྱོང་མུས་སུ་གནས་སོ།།

ཚོ་འདུ་དཔག་བསམ་བཀྲ་ཤིས་དར་རྒྱས་གླིང་།

      བསྒྲུབ་སྡེ་འདི་ནི་མཚོ་སྔོན་རེབ་གོང་ཐོ་རྒྱ་གྲོང་རྡལ་གྱི་མངའ་ཁོངས་ཏེ། ཚོ་འདུ་ཉིན་སྲིབ་ཚོ་བ་དྲུག་ཡོད་པ་ལས་ཐེ་བུ་ཚང་ཟེར་བའི་ཚོ་བ་འདིའི་ཐོག་མའི་ཆད་ཁུངས་ནི་སྐྱི་ཚང་བོན་པོ་ཡིན་པར་བཤད། ཚོ་འདུའི་བོན་ཕྲུག་ཟེར་བའི་བོན་གཤེན་གྲུབ་ཐོབ་ཅིག་ཡོད་ལ་མཚོ་སྔོན་པོའི་ཕྱོགས་སུ་གདུལ་བྱར་ཕེབས་ནས་རོ་ལངས་བཏུལ་བ་སོགས་གྲུབ་རྟགས་དང་ནུས་མཐུ་ལྡན་ལ་སྐད་གྲགས་ཅན་ཞིག་འཁྲུངས། བོན་གཤེན་རྒྱལ་མཚན་ཟེར་བས་བླ་མ་མང་དུ་བསྟེན་ནས་བསྒྲུབ་པ་ཉམས་ལེན་ལ་རྒྱུན་དུ་བཞུགས། བོན་པོ་ཀུན་བཟང་རྒྱལ་ཡང་སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་དང་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱི་དངོས་སློབ། སྤྱི་ཀུན་ཁྱབ་དང་གོང་མོ་གུར་ཁང་། ཚོ་འདུ་ཨ་འོང་སྒང་ངམ་མཚམས་ཁང་ཉིན་སོགས་སུ་མཚམས་ལ་རྒྱུན་དུ་བཞུགས་པའི་བོན་གཤེན་འགའ་བྱོན། ད་ལྟ་སྔོན་མའི་ཕྱག་ལེན་སླར་གསོ་བྱེད་པར་བོན་མང་གི་བྱིངས་འདྲེན་ཆེན་མོ་དར་དྲུང་རྡོ་རྗེ་དགེ་རྒན་དུ་མངག་ནས་བསྟན་པ་སྐྱོང་བཞིན་པར་གནས་སོ།། 

དར་དྲུང་རྒྱལ་མཚན་མི་འགྱུར་གླིང་།

      ལྷ་སྡེའི་ཆད་ཁུངས་ནི་རླངས་རྒྱལ་བོ་ངོ་མོ་ཡིན་ལ། རྔ་དར་དུང་གསུམ་གྱི་བརྒྱུད་པ་སྟེ་ཉིན་མཐའ་ལ་རྔ་བྱིན་པ་དང་ངོ་མོ་ལ་དུང་བྱིན། དར་དྲུང་ལ་དར་བྱིན། སྡེ་མིང་ལ་དར་གྲོང་ཞེས་འབྲི་བ་མ་དག་པ་ཡིན་ལ། དར་གྱི་དྲུང་དུ་ཡོད་པས་དར་དྲུང་ཞེས་འབྲི་བ་ཡིན་ཅེས་བོན་མང་གི་དགེ་རྒན་མཁས་ཆེན་དར་དྲུང་གནམ་ལྷ་ཚེ་རིང་ལགས་ཀྱིས་དེ་ལྟར་གསུངས། སྔོན་ཆད་དར་དྲུང་སྡེ་བས་བོན་པོ་དང་སྔགས་རྙིང་མ་གཉིས་ལ་སྤྱི་བའི་འདུ་ཁང་ཞིག་བཞེངས། རྟེན་བཞེངས་ཀྱི་ཐད་ནས་བོན་རྙིང་གཉིས་མ་འཆམས་པས། དགེ་ལུགས་པའི་བླ་མ་ཨ་ལགས་དར་དྲུང་ཚང་གིས་གཟུ་བཅོས་ནས་དགེ་ལུགས་པའི་རྟེན་བཞེངས་བྱས། དང་མ་དར་དྲུང་སྡེ་བའི་སེར་བསྒྲུབ་བོན་པོས་འཛུགས་ལ་དགུན་སྲུང་ཡང་བོན་པོས་འཛུགས་པས། དར་དྲུང་བོན་གཤེན་རྣམས་ལ་སྒེར་གྱི་སྒྲུབ་ཁང་ཞིག་དགོས་གལ་ཆེ་སྟབས། སྡེ་བའི་སྤྱི་ཁང་བཞེངས་པའི་ཤིང་ལྷག་གིས་བོན་གཤེན་རྣམས་ལ་སྒྲུབ་ཁང་ཆུང་ཆུང་ཞིག་བཞེངས། ནང་དུ་འབུམ་པའི་གྱན་ཐང་དང་ཞི་བ། སྤྱི་འདུལ། བྱམས་མ། དབལ་གསས། གནམ་ལྷ་བཅས་ཀྱི་ཐང་ག་བཞེངས་ཡོད། ༡༩༥༨སྐབས་ནང་རྟེན་ཕལ་ཆེར་འཇིག་ཅིང་ཨ་ཁུ་ཚུལ་ཁྲིམས་ཟེར་བའི་མཚམས་པ་ཞིག་དང་དེའི་ཇོ་མོ་གཉིས་སྐབས་དེའི་འགོ་ཁྲིད་ཀྱིས་གསས་ཁང་འདིར་བཀོད་སྒྲིག་བྱས་ནས་བསྡད། ལོ་རབས་བརྒྱད་ཅུ་བར་བོན་སྤྱོད་རང་དབང་གི་སྒོ་ཕྱེས་ཤིང་བོན་པོ་རྣམས་ཀྱིས་གསས་ཁང་དེར་བདག་བྱས། ས་ཕོ་བྱི་བའི་ལོར་སྔར་གྱི་གསས་ཁང་དེ་རྙིང་ཆེ་བས་རྒྱ་བསྐྱེད་ཅིང་༢༠༠༩ལོར་བསྐྱར་དུ་བཞེངས་ནས་ད་ལྟའི་རྒྱ་ཁྱོན་འདི་གྲུབ་ཅིང་ནང་དུ་རྟེན་བཞེང་བྱེད་པའི་སྒང་ལགས་སོ།།

གླིང་བརྒྱ་མདོ་སྔགས་ཕུན་ཚོགས་དར་རྒྱས་གླིང་།

      བསྒྲུབ་སྡེ་འདི་ལ་གླིང་བརྒྱའི་བོན་ཚང་མའམ་ས་སོ་མ་ཟེར་ལ། ཐོག་མར་ད་ལྟའི་རུ་ཞོལ་མ་སྡེ་བའི་ཕ་རོལ་ཨ་མྱེས་ལྷ་རི་དཀར་པོའི་མདུན་ངོས་སུ་གཞིས་ཆགས་ཤིང་བོན་ཚང་མའི་སྲང་མདོའི་རྡོ་འབུམ་ཡང་གནས་དེ་རུ་ད་ལྟའི་བར་དུ་མཐོང་རྒྱུ་ཡོད་པ་དེ་ཡིན། དབལ་མོ་གནས་ཀྱི་དགོན་པ་ཞེས་པའང་སྡེ་འདི་དང་བར་ཐག་ཧ་ཅང་ཉེ་བ་རྐྱེན་དབང་གིས་འཇིག་ནས་ད་ལྟའི་བསྒྲུབ་སྡེ་འདི་ཆགས་པ་རེད། བར་སྐབས་ཤིག་ལ་ཞུང་བཟའ་ཚང་དང་བོན་ཚང་མ་གཉིས་མ་མཐུན་པ་རྐྱེན་བྱས་ནས་བོན་ཚང་མ་ད་ལྟའི་ས་གནས་འདིར་བབས་པས་སྡེ་མིང་ལ་ས་སོ་མ་ཞེས་གྲགས། སྤྱི་ལོ༡༩༢༠ལོར་ཧེ་དམག་གིས་འཚེ་བ་བྱུང་དུས་གསས་ཁང་འདི་མེར་བསྲེགས་ཤིང་ཅང་མ་འགོར་བར་བསྐྱར་བཞེངས་བྱས། ༡༩༥༨ལོར་སྡེ་བའི་འབྲུ་མཛོད་ཁང་བྱས་པས་ནང་རྟེན་འཇིག་པ་མ་གཏོགས་གསས་ཁང་ལ་སྐྱོན་མ་བྱུང་། ལོ་རབས་བརྒྱད་ཅུ་བ་ནས་བོན་སྤྱོད་རང་དབང་གི་སྒོ་ཕྱེས་ཤིང་༡༩༩༡ལོར་སྡེ་བའི་ཤར་ཕྱོགས་སུ་གནས་སྤོར་གྱི་འགོ་བརྩམས་ནས་མཁར་གྱང་བསྐོར། ༡༩༩༢ལོར་ས་དེར་ཀ་རིང་བཅུ་གཉིས་ཅན་གྱི་ད་ལྟའི་གསས་ཁང་ཆེན་པོ་འདི་བསྐྱར་དུ་བཞེངས་ནས་ནང་གི་རྟེན་བཞེངས་དང་བརྩན་ཁང་སོགས་ལེགས་པར་གྲུབ་ཅིང་བསྟན་རྒྱུན་ལེགས་པར་སྐྱོང་བཞིན་གནས་པའོ།།

ཞོ་འོང་ཉིན་མཐའ་ཀུན་འདུས་གཡུང་དྲུང་འགྱུར་མེད་གླིང་།

      བསྒྲུབ་སྡེ་འདིའི་ཐོག་མའི་བྱུང་ཁུངས་ནི་རླངས་རྒྱལ་བོ་ངོ་མོ་ཡིན་ཏེ། ངོ་མོ་དབལ་ཆེན་ཁྲོ་རྒྱལ་གྱི་སྲས་འཇིགས་མེད་ནམ་མཁའ(སྤྱི་ལོ༡༥༥༠ལ)བྱོན། མེ་གླང་(༡༥༧༧)ལ་ཞོ་འོང་ཉིན་མཐའི་བུ་མོ་ཀླུ་མོ་བྱམས་རིག་མར་བསྟེན། སྲས་གཉིས་འཁྲུངས་པ་ནི་གཅེན་ཀུན་བཟང་རྒྱ་མཚོ་དང་གཅུང་གཡུང་དྲུང་ཚེ་བརྟན་ཡིན། ཁུ་བོ་བསྟན་འཛིན་གཤེན་རབ་ཀྱི་སྲས་དཔའ་དར་འབུམ་གྱིས་ཉེ་མི་ནང་ཁུལ་དུ་རྩོད་པ་བྱས་ནས་འགལ་བ་བྱུང་ཚེ། མཁས་དབང་འཇིགས་མེད་ནམ་མཁའ་ནི་བོན་ཁོ་ན་དོན་དུ་གཉེར་བ་མ་གཏོགས་སྲིད་ཀྱི་རྩོད་པ་ལ་གཏན་ནས་མི་དགྱེས་པས། ས་ཞིང་ཡུལ་མཁར་ཐམས་ཅད་དཔའ་དར་འབུམ་ལ་ཕུལ་ནས་ཁོང་ཡབ་སྲས་དང་བཅས་པ་རིག་མའི་ཡུལ་ཞོ་འོང་ཉིན་མཐའ་ཡ་མགོ་རུ་གཞི་ཆགས། ཉིན་མཐའི་བོན་པོ་འཇིགས་མེད་ནམ་མཁའ་ཞེས་མཚན་སྙན་ཕྱོགས་སུ་ཁྱབ། ཁོང་གི་སྐུ་ཚེ་སྨད་ནི་ཉིན་མཐའ་བོན་པོའི་ལོ་རྒྱུས་ཀྱི་དབུ་ཡིན་པར་བཤད་དོ།། དེ་ནས་ཉིན་མཐའི་གྲུབ་ཆེན་བོན་ཐང་(གྲུབ་ཆེན་ཐང་སྟོང་རྒྱལ་བོ་དང་ཆ་བྱད་འདྲ་བས་མཚན་དེ་ལྟར་ཐོགས)ཞེས་པ་དེ་ཞོ་འོང་དཔྱིས་ནགས་གསེང་དུ་ཨ་དབང་ཆུ་མགོ་ཞེས་ས་བཙན་ས་དང་ཀླུ་གཉན་ས་དེར་བསྒྲུབ་པ་མཛད་ནས་ཀླུའི་དངོས་གྲུབ་ཏུ་རྔ་ཤིང་མཐུད་མཚམས་མེད་པ་ཞིག་གནང་། ཁོང་གིས་དེའི་ངོས་གཅིག་གནའ་ལྤགས་ཀྱིས་གཡོགས་ཤིང་ངོས་གཅིག་གཉན་ལྤགས་ཀྱིས་གཡོགས་ནས་རྔ་མིང་ལ་འབྲུག་སེང་དུ་གྲགས། “ཉིན་མཐའ་སྒང་ནས་རྔ་བརྡུང་ན། ཁྲབ་ཆེན་སྒང་ནས་རྔ་སྐད་ཐོས”ཞེས་པའི་ངག་རྒྱུན་ཡོད། བོན་གཤེན་འཇམ་དཔལ་གྱི་ཡར་སྔོན་ཙམ་ལ་སྒྲུབ་ཁང་འདི་གསས་ཁང་ཆགས་ཀ་ཟེར་བ་ནས་ད་ལྟའི་ས་འདིར་གནས་སྤོར་བྱས་ཤིང་རྟེན་རྙིང་ལ་ངོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་ཕུར་བུ་དང་ཉིན་མཐའ་བོན་ཐང་གི་བསྒྲུབ་རྔ་འབྲུག་སེང་གཉིས་ལ་དེང་སང་མཇལ་རྒྱུ་ཡོད། གསས་ཁང་ཡང་༡༩༥༨སྐབས་མ་འཇིག་པར་ཡོད་ལ། གནའ་ནས་ད་ལྟའི་བར་དུ་རེབ་གོང་བོན་མང་གི་བསྒྲུབ་ཆེན་རེས་འཁོར་ནས་ཉིན་མཐའ་ལ་ནམ་སླེབས་དུས། གར་འཆམ་པ་དང་གཏོར་བཟོ། མཆོད་གཡོག་པ་རྣམས་རླངས་རྒྱལ་བོ་ངོ་མོ་ནས་ཡོང་བའི་སྲོལ་ད་དུང་མ་ཉམས་པར་ཡོད་དོ།།

ཁྱུང་དཀར་རིག་འཛིན་སྨིན་གྲོལ་གླིང་།

       བསྒྲུབ་སྡེ་འདི་ལ་ཡོངས་གྲགས་སུ་ཁྱུང་བོ་ཐང་ཟེར་ལ་རེབ་གོང་གྲུབ་ཐོབ་རྣམ་གསུམ་ལས་ཁྱུང་དཀར་ཚངས་པའི་བརྒྱུད་པ་ཡིན། ངག་རྒྱུན་ལ། འཇམ་སྟོང་རྒན་གྱིས་ཁྱུང་བོ་གཡུ་ཐོག་འབར་བ་(འགའ་ཞིག་གིས་སློབ་དཔོན་དུང་དཀར་ཚངས་པ་ཟེར་ཏེ། འབུམ་པ་དཔེ་རྙིང་རྣམས་སུ“ལྷ་རི་དཀར་པོའི་རྩ་བ་རུ། །སློབ་དཔོན་དུང་དཀར་ཚངས་པ་ཡིས། །ཕུར་བུ་རམ་པའི་ལྷ་ཚོགས་རྣམས། །ཇི་ལྟར་བསྒྲུབས་པའི་ཐ་ཚིག་ཅན།།”ཞེས་པས་ཁྱུང་དཀར་ཚངས་པའི་གདུང་བརྒྱུད་དུ་དུང་དཀར་ཚངས་པ་ཟེར་བའི་བོན་གཤེན་རིག་འཛིན་གྲུབ་ཆེན་ཞིག་འཁྲུངས་པར་མངོན་ཅིང་ཕྱིས་ཀྱི་དཔེ་གསར་རྣམས་སུ་དུང་དཀར་ཚངས་པ་དེ་ཁྱུང་དཀར་ཚངས་པ་ཞེས་བཅོས་སོ)ལ་ས་བྱིན་པ་འདི་ལྟར“རི་དམར་བོ་གཏོར་མ་འདྲ་བ་(གདོང་སྣ་དམར)དེ་ཁྱོད་ཀྱིས་ཡི་དམ་དུ་བསྒོམ། ཆུ་བོ་གཉིས་འདུས་ཀྱི་འདྲེས་མཚམས་(ནེའུ་ཞིའི་སྣ་ག)དེ་ཁྱོད་ཀྱི་དམིགས་པའི་ཧོམ་ཁོང་གྱིས། ཕ་བོང་སྟག་གཡག་གཉིས་པོ་དེ་ཁྱོད་ཀྱི་གཟས་པའི་དགྲ་བོ་གྱིས་ལ། ཁྱོད་གཉན་པོ་འདུག་ས་དེ་ཡིན་ཟེར་ནས་ད་ལྟའི་སྡོང་སྐམ་གྱི་ས་དེ་བྱིན་པས་ཁོང་གིས་ང་ལ་རྐ་ཐང་རྐ་དང་ནགས་ཐང་ནགས་ཡིན་ས་ཞིག་དགོས་ཞེས་མ་བཞེས་སྐད”། དེ་ནས་ཁོང་བསྒྲུབ་པ་ལ་བཞུགས་ཤིང་ཟོར་ཞིག་འཕངས་པ་འཇམ་སྟོང་རྒན་གྱི་ཀླས་ལ་བབས་པས་དེར་རྣམ་རྟོག་ཟོས་ནས་སློབ་དཔོན་དེ་འཇམ་སྟོང་རྒན་གྱིས་གཞིས་དཔོན་དུ་བསྟེན་ནས་ཁྱུང་བོ་གསེར་གཞོང་ཁུག་ཟེར་བ་ཨ་བ་ངོས་བཟང་གི་དགོན་སྡེ་དང་ཉེ་བའི་ད་ལྟའི་ས་གནས་འདི་ཁོང་ལ་ཕུལ་བས་འཕྲལ་དུ་གཞི་བཟུང་ནས་གསས་ཁང་བཞེངས། དང་མའི་གསས་ཁང་དེ་སྡེ་བའི་མགོ་ན་ཡོིད། ཐོ་རྒྱའི་མཁར་ནང་གི་སོག་རྒྱ(ཧེ་ཧེ)དང་རྒྱ་ནག་གཉིས་མ་འཆམ་པས་སྨད་པ་སྡེ་བདུན་གྱིས་རྒྱ་ནག་བསྐྱབ་ནས་ཧེ་ཧེ་བཅོམ། དེ་ལས་ཤོར་མ་འགའ་ད་ལྟའི་ཀན་སུའུ་ཅིས་ཧྲི་ཧྲན་དུ་སོང་སྟེ་ཧེ་དམག་མང་པོ་ཁྲིད་ཡོང་ནས་སྨད་པ་སྡེ་བདུན་དང་རྒྱལ་བོ་རླངས་ཚང་ལ་བཅོམ་བརླག་ཡ་ང་བ་བྱུང་བའི་སྐབས(༡༩༢༠སྟེ་འདི་ལ་རེབ་གོང་རྒྱས་བརྒྱབ་ཟེར)གསས་ཁང་འདི་མེར་བསྲེགས། དེ་ནས་ཅང་མ་འགོར་བར་སྡེ་བའི་དཀྱིལ་དུ་སྤོར་ནས་སླར་གསོ་བྱས། ༡༩༣༣ལོར་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་རིན་པོ་ཆེས་རེབ་གོང་གི་བྱང་སྐྱོར་དུ་ཁྱུང་བོ་སྡེ་བའི་འདབས་སུ་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་ཆེན་མོ་བཞེངས། ༡༩༥༨སྐབས་མཆོད་རྟེན་འཇིག་ནས་ས་འབུར་གྱི་རྣམ་པར་མངོན་ལ་གསས་ཁང་སྡེ་བའི་འབྲུ་མཛོད་ཁང་བྱས་པས་ནང་རྟེན་ལས་མ་འཇིག ༡༩༨༥ལོར་བོན་བརྒྱ་ཐམས་ཐད་མཁྱེན་པའི་ཐུགས་བཀོད་ལྟར་གསས་ཁང་འདི་སྡེ་བའི་བྱང་དུ་གནས་སྤོར་བྱས་ནས་ད་ལྟའི་རྒྱ་ཁྱོན་འདི་དང་ནང་གི་རྟེན་བཞེངས་ཡོངས་སུ་གྲུབ། ༡༩༩༨ལོ་ནས་འགོ་བཙུགས་ཏེ་རེབ་གོང་གི་བྱང་སྐྱོར་རྣམ་རྒྱལ་མཆོད་རྟེན་བསྐྱར་བཞེངས་བྱས་པས༡༩༩༩ལོར་ཡོངས་སུ་གྲུབ་ཅིང་ད་ལྟ་རིག་འཛིན་གོང་མའི་ཕྱག་སྲོལ་མ་ཉམས་པར་བསྟན་རྒྱུན་སྐྱོང་བཞིན་གནས་སོ།།

སྡོང་སྐམ་གསང་སྔགས་བདུད་འདུལ་ལྷུན་གྲུབ་གླིང་།

       ཁྱུང་བོ་གཡུ་ཐོག་འབར་བའམ་དུང་དཀར་ཚངས་པས་ཁྱུང་བོ་ཐང་ནས་གཞི་བཟུང་བའི་རྗེས་ཙམ་ནས་སྡེ་འདི་ཆགས་ཤིང་། སྡོང་སྐམ་རྒྱ་མོ་ཐར་ཞེས་རེབ་གོང་བོན་མང་གི་བྱིངས་འདྲེན་ཆེན་མོ་འཁུར་མྱོང་བའི་བོན་གཤེན་རིག་འཛིན་གྲུབ་ཆེན་ཞིག་ཡོད་པ་དེ་སྡེ་བརྒྱད་ཀྱི་ངོ་ཡར་བུད་ནས་སེར་བ་བཀག་པས་འབྲུག་གི་སྲིན་རྡོ་ཐང་ལ་འཕངས་ནས་ཁོང་གི་རལ་གྲིའི་རྩེ་མོ་གློག་ཞགས་ཀྱིས་འཚིགས་པ་དེང་སང་མར་ནང་དབལ་ལུང་དུ་མཇལ་རྒྱུ་ཡོད། དེ་ནས་སྡོང་སྐམ་དཔོན་པོ་བྱམས་པ་ཐར་དང་སྲས་སྡོང་སྐམ་ཨ་ལགས་སྣང་གསལ་ལྷུན་གྲུབ་དང་དཔོན་པོ་རྒྱ་གོ་གཉིས་འཁྲུངས། སྡོང་སྐམ་གསས་ཁང་སྔོན་མ་དེ༡༩༢༠ལོར་ཧེ་དམག་གིས་མེར་བསྲེགས་པ་སྡོང་སྐམ་དཔོན་པོས་རྟེན་དང་བརྟེན་པ་བཅས་པ་བསྐྱར་བཞེངས་བྱས། དཔོན་པོ་དང་ཨ་མྱེས་ལྕགས་ཐར་འབུམ་གཉིས་ཀྱིས་གསས་ཁང་གི་ཤིང་ལྷག་གིས་སྡོང་སྐམ་མཚམས་ཁང་བཞེངས། སྡོང་སྐམ་དཔོན་པོ་འདིའི་རིང་ལ་རེབ་གོང་བོན་མང་ཁྲིད་ནས་མར་ནང་བིས་མདོ་དཔོན་ཚང་དུ་སྐུ་རིམ་བསྒྲུབས་པས་པཎ་ཆེན་སྐུ་ཕྲེང་བཅུ་བ་སྐུ་འཁྲུངས་པ་ཡིན། ༡༩༥༨ལོར་ནང་རྟེན་འཇིག་ཀྱང་གསས་ཁང་དང་མཚམས་ཁང་གཉིས་ལ་སྐྱོན་མ་བྱུང་། ལོ་རབས་བརྒྱད་ཅུ་བར་བོན་སྤྱོད་རང་དབང་གི་སྒོ་ཕྱེས་ཤིང་ད་ལྟ་ནང་གི་རྟེན་གསུམ་སླར་གསོ་གྲུབ་ནས་སྔོན་མའི་ཕྱག་སྲོལ་བརྒྱུད་འཛིན་ངང་དུ་གནས། བསྒྲུབ་སྡེ་འདིར་སྨད་ཕྱོགས་བོན་མང་གི་བཅའ་ཡིག་ཚུལ་ཆེན་པཎྚི་ཏས་མཛད་པ་དེང་སང་བོན་བརྒྱ་བླ་བྲང་དུ་མཇལ་རྒྱུ་ཡོད་དོ།།

བྱང་ཕྱོགས་གོང་མོ་གུར་ཁང་།

      གྲུབ་པའི་གནས་མཆོག་ཁྱད་པར་ཅན་འདི་ནི་རེབ་གོང་གསེར་མོ་ལྗོངས་ཀྱི་མཐའ་སྐོར་དུ་གྲུབ་གནས་བརྒྱད་ཡོད་པའི་ནང་ཚན་ཏེ། ཇི་སྐད་དུ། བྱང་ཕྱོགས་གོང་མོ་གུར་ཁང་ན། །བོན་སྟོན་དྲན་པ་ནམ་མཁའ་གྲུབ།། ཅེས་པ་ལྟར་བོད་རྒྱལ་ཁྲི་སྲོང་གི་དུས་སུ་བླ་ཆེན་དྲན་པ་ནམ་མཁའ་ཕྱོགས་འདིར་ཕེབས་ནས་བྱིན་གྱིས་བརླབས་པའི་གྲུབ་གནས་ཁྱད་པར་ཅན་ཡིན་ལ། དྲན་པས་ཨ་བ་ངོས་བཟང་གི་དགོན་སྡེ་བཏབས་ཤིང་རེབ་གོང་ཕྱོགས་སུ་བོན་གྱི་བསྟན་པ་སྤེལ། གྲུབ་གནས་འདི་ལ་གནའ་ནས་བཟུང་སྟེ་བོན་གྱི་བླ་མ་དང་བྱ་བཏང་རི་ཁྲོད་པ་རྣམས་རིམ་པར་བཞུགས་ནས་བྱིན་གྱིས་བརླབས་ཤིང་། སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོས་མཛད་པའི་གོང་མོའི་གུར་གྱི་གནས་བསྟོད་ལྷ་མིའི་དད་འདྲེན་ལས“དཔལ་ཡོངས་རྫོགས་དུས་གསུམ་རྒྱལ་ཀུན་དངོས། །ཕ་བླ་མ་རྩ་བརྒྱུད་དཔོན་གསས་ཀྱིས། །བུ་རྗེས་འཇུག་སྐལ་ལྡན་དད་ཅན་ལ། །ཉམས་རྟོགས་པའི་བྱིན་རློབས་ཆར་རྒྱུན་སྩོལ། །ཡུལ་རེབ་གོང་གསེར་ལྗོངས་བྱང་གི་ཕྱོགས། །གནས་མཆོག་གྱུར་གོང་མོའི་གུར་ཁང་དེ། །ཕྱི་གངས་དཀར་རྫ་རྒྱུད་མ་ཆད་པར། །གནས་ཡིད་འོང་དངུལ་མཁར་དཀར་པོའི་ཚུལ། །ནང་མཆོད་པའི་སྤྲིན་ཚོགས་མ་ཡལ་བ། །ལྷ་ཀླུ་དང་མི་ཡི་འདོད་ཡོན་འཚོགས། །གསང་ཡ་ང་འདུ་འཛི་མི་འབྱུང་བ། །གཤེན་རིག་འཛིན་མཁའ་འགྲོ་འཚོགས་པའི་གནས། །དབྱིབས་མཁའ་འགྱིང་ཁྲོ་བོའི་ཚུལ་དུ་ཆགས། །རྩེ་འཇའ་ཚོན་དཀྲིགས་པའི་གུར་ནང་ན། །དབྱིངས་ཞི་བའི་ལྷ་ཚོགས་སྤྲིན་ལྟར་གཏིབ། །སྐེད་དུར་ཁྲོད་འཇིགས་པའི་གཞལ་ཡས་ན། །དབལ་དབང་དྲག་ཁྲོ་ཚོགས་སྐར་ལྟར་བཀྲ། །རྩར་འཇིགས་རུང་ཁྲག་མཚོ་འཁྲུགས་པའི་ཀློང་། །བོན་སྐྱོང་བའི་སྲུང་མ་སེར་ལྟར་འདྲིལ། །གཡས་རང་འཁྱིལ་ནད་སེལ་ལྷ་ཆབ་ཡོད། །སུས་འཐུང་བས་ནད་རིགས་ཐམས་ཅད་སེལ། །ཚེ་ཉི་ཟླར་མཉམ་པའི་དངོས་གྲུབ་འབྱུང་། །གཡོན་བྲག་དམར་རྒྱལ་མཚན་འདྲ་བའི་ངོས། །བསྒྲོད་དཀའ་བའི་སྒྲུབ་ཕུག་གཏིང་ཟབ་ལ། །བླ་དྲན་པ་ནམ་མཁའི་བཞུགས་ཁྲི་ཡོད། །དེའི་སྟེང་གི་བྲག་ལ་ཞབས་རྗེས་གསལ། །རྗེ་གྱེར་སྤུངས་དྲན་པའི་སྒྲུབ་གནསཡིན། །དབུས་སྐྱེས་རི་ཞྭ་དཀར་རྩེ་བརྒྱད་འདྲར། །ཡར་བལྟས་ཀྱི་བྲག་ལ་ཞི་བའི་འཛབ། །སྔགས་ཨ་དཀར་གསལ་བ་རང་གྲུབ་ཡོད། །དེ་ལྟ་བུའི་གནས་རི་ཁྱད་འཕགས་འདིར། །དུས་ཁྱད་ཅན་ཚེས་བཟང་གང་དག་ལ། །གཤེན་རིག་འཛིན་དཔའ་བོའི་ཚོགས་གྲལ་ཡོད།།……”ཞེས་པ་དང་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་རིན་པོ་ཆེས་མཛད་པའི་གནས་བསྟོད་སོགས་ཡོད། ༡༩༥༨ཡར་སྔོན་དུ་གནས་འདིར་མཚམས་ཁང་བཅུ་ཁ་ཙམ་ཡོད་ལ། ལོ་རབས་བརྒྱད་ཅུ་བར་དད་མོས་རང་དབང་གི་སྒོ་ཕྱེས་ནས་གླིང་བརྒྱའི་བོན་ཚང་མ་དང་ཁྱུང་བོ་ཐང་གཉིས་ནས་མཚམས་ཁང་རེ་རེ་བཞེངས་པ་ད་ལྟ་མཐོང་ཡུལ་དུ་གྱུར་པ་འདི་གའོ།། 

སོ་ནག་བོན་དགོན་མདོ་སྔགས་གཤེན་བསྟན་དར་རྒྱས་གླིང་།

      རྩེ་གཞུང་ས་ཡི་ཐིག་ལེར། སོ་ནག་གྲུབ་ཆེན་ཐོག་འཛིན་སྤྱི་འདུལ་གར་གྱི་དབང་ཕྱུག་གི་བརྒྱུད་འཛིན་དུ། སོ་ནག་བོན་པོ་ཚང་ཞེས་འབྲོག་པའི་ཚོ་ཁག་ཆེན་པོ་ཞིག་ཡོད་ཅིང་དད་ལྡན་མང་ཚོགས་ཀྱི་རེ་འདོད་བཞིན། སྤྱི་ལོ༡༩༨༦ལོ་ནས་བཞེང་འགོ་ཚུགས་ཤིང་ལོ་འགའ་ནས་འདུ་ཁང་ཆུང་བ་ཞིག་དང་གྲྭ་ཤག་བཅུ་ཁ་ཙམ་གྲུབ། ༡༩༩༦ལོར་གོང་རིམ་གྱིས་ཆོག་མཆན་ཐོབ་ནས་སྔར་གྱི་འདུ་ཁང་ཆུང་བ་དེ་ཀ་རིང་བཞི་ཅན་གྱི་ཚོགས་ཁང་དུ་རྒྱ་བསྐྱེད་ཅིང་གྲྭ་ཤག་ཀྱང་ཉི་ཤུ་ལྷག་ལ་འཕེལ། ས་བྱི་ལོར་བསྒྲུབ་གྲྭ་ཚུགས་ཤིང་ལོ་མཚམས་པ་དྲུག་དང་གཞི་གསུམ་ཆོ་གའི་སྒོ་ནས་དབྱར་གནས་ཟླ་བ་གསུམ་བཅས། ད་ལྟ་དགོན་པར་འདུ་ཁང་གཅིག་དང་བརྩན་ཁང་། གྲྭ་ཤག་ཉི་ཤུ་ལྷག་དང་གྲྭ་བ་སུམ་ཅུ་ཙམ། གོས་དཀར་ལྕང་ལོ་ལྡན་པ་སུམ་ཅུ་ལྷག་དགོན་པར་རྒྱུན་སྡོད་དུ་བཞུགས་པའོ།།

བོན་བརྒྱ་ཆོས་ལུང་གསང་སྔགས་རིག་འཛིན་སྨིན་གྲོལ་གླིང་།

      སྒྲུབ་སྡེ་འདི་ནི་མཚོ་སྔོན་རྩེ་ཁོག་རྫོང་བོན་བརྒྱ་ཤང་གི་མངས་ཁོངས་ཡིན་ལ་སྡེ་བའི་མི་བརྒྱུད་ཐོག་མ་ནི། སོག་བཙུན་སྟོན་པ་ཡེ་ཤེས་རྒྱལ་མཚན་དང་གང་གི་སྐུ་མཆེད་ཧོར་རྗེ་པདྨ་རྒྱལ་གཉིས་ཀྱིས་ཁྲི་ཀ་གཡང་ལུང་ར་གསུམ་གྱི་དབུས་མ་སྟོང་ཆེ་ནས་བླ་དཔོན་ཚུལ་གྱིས་གཞི་བཟུང་བའི་བོན་སྡེ་ཚོ་བ་བདུན་ཡོད་པའི་ནང་ཚན། ཤ་རྒྱ་ཟེར་བ་ནས་མཚན་ལ་བོན་པོ་གཡུང་དྲུང་རིན་ཆེན(དབྱིངས་ཀློང་རིན་ཆེན་ཡང་)ཟེར་བའི་གྲུབ་ཐོབ་རིག་འཛིན་དེ་ཉིད་ཀྱིས་གདུལ་བྱ་རེབ་གོང་དུ་ཡོད་པ་ཐུགས་ལ་མཁྱེན་ནས་ཕེབས་པའི་ལམ་བར་དུ། འབྲོང་རྒོད་དར་མས་སྒྱུ་རྩལ་བསྟན་པ་དམ་ལ་བཏགས་པ་སོགས་གྲུབ་རྟགས་མང་པོ་སྟོན་བཞིན་ཕེབས། སོ་ནག་ཚོ་བ་ལྔའི་མེས་པོ་ཨ་མྱེས་ཉག་ཀ་ཟེར་བ་ལ་བུ་མོ་མཚན་ལྡན་རྒྱ་མོ་བྱམས་ཟེར་བ་ཞིག་ཡོད་པ་ཁབ་ཏུ་བཞེས་ནས་བསྙེན་བསྒྲུབ་མང་པོ་བྱས་ཏེ་བཞུགས་སྐབས་སྲས་གསུམ་སྐྱེས་པ། རྗེས་སོར་བོན་པོ་གསུམ་བྱས་ནས་ཆེ་འབྲིང་གཉིས་ཀྱིས། ལ་སྟེང་དང་ཞོལ་གྱི་ཐང་ནས་གཞི་ག་སོ་སོར་བཟུང་སྟེ་བོན་བརྒྱའི་སྡེ་བ་ཆགས། ཐང་ཚང་ཟེར་བའི་མྱེས་པོ་དེ་ལ་བུ་གཉིས་སྐྱེས་པའི་མིང་ལ་ཁྲོ་ཁོ་དང་ཚེ་དབང་ཟེར། ལ་ཁ་ཚང་ཟེར་བའི་བོན་པོ་དེ་ལ་བུ་དྲུག་སྐྱེས། ཁྲོ་ཁོ་ཟེར་བ་དེ་ལ་བུ་བདུན་སྐྱེས། དེ་རྣམས་ལ་བུ་དང་ཚ་བོ་ཡང་ཚ་མང་དུ་འཕེལ་ཏེ་རོང་འབྲོག་གཉིས་སུ་ཕྱེས་ནས། འབྲོག་སྡེ་རྣམས་རིམ་པར་ཟངས་ང་མཐའ་སྨུག་སོགས་ལ་བསྡད་ཅིང་འབལ་གཞོང་དུ་སོང་བའི་ནང་དུ་རབ་བྱུང་བཅུ་བཞིའི་ལྕགས་སྟག(༡༨༣༠)ལོར་བོན་བརྒྱ་རང་ཤར་རིག་གྲོལ་འཁྲུངས། རབ་བྱུང་བཅོ་ལྔའི་ཤིང་ཁྱི(༡༨༧༤)ལོར་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་འཁྲུངས་ཏེ་འབྲོག་ནས་མཚམས་ཁང་ཕུབ་ཅིང་རེབ་གོང་བོན་བརྒྱའི་དགོན་པ(༡༩༡༨)བཏབས། རབ་ཚེས་ཆུ་སྟག(༡༩༠༢)ལོར་བོན་ནམ་མཁའ་རྒྱལ་མཚན་འཁྲུངས། རབ་བྱུང་བཅུ་དྲུག་པའི་ཤིང་ཕག(༡༩༣༥)ལོར་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་སྐུ་འཁྲུངས། མེ་གླང་(༡༩༣༧)ལོར་བོན་བརྒྱ་གཡུང་དྲུང་ལྷུན་གྲུབ་འཁྲུངས། ཆུ་སྦྲུལ(༡༩༥༣)ལོར་བོན་བརྒྱའི་ཨ་ལགས་ལྷ་དཀར་འཁྲུངས། རབ་བྱུང་བཅུ་བདུན་པའི་ས་བྱི(༢༠༠༨)ལོར་གོང་རིམ་ནས་ཆོག་མཆན་ཐོབ་ཅིང་བོན་བརྒྱ་རིན་པོ་ཆེས་ཆོས་ལུང་གི་འདུ་ཁང་བཞེངས་ནས་ད་ལྟ་ནང་གི་རྟེན་བཞེང་བྱེད་པའི་སྒང་ལགས་སོ།།
 

སྣང་ར་བྱ་ཁྲའི་གསས་ཁང་།

     སྒྲུབ་སྡེ་འདི་ནི་གཅན་ཚ་རྫོང་གི་མངའ་ཁོངས་སུ་ཡོད་ལ། སྤྱི་ལོ་༡༧༨༢ལོར་གསས་ཁང་ཐོག་མར་བཞེངས་སྐད། ཉིས་སྟོང་ལོར་སྔར་ཡོད་ཀྱི་རྨང་གཞིའི་སྟེང་གསས་ཁང་རྒྱ་བསྐྱེད་དེ་ད་ལྟ་བོན་པོ་དང་རྙིང་མ་བ་གཉིས་ཀའི་བོན་ཆོས་སྤེལ་ས་དང་། རིས་མེད་ཀྱི་སྐུ་གསུང་ཐུགས་རྟེན་སྣ་ཚོགས་ལེགས་གྲུབ་བྱུང་ཡོད་དོ། །

༼གངས་ཏི་སེ་བོན་གཞུང་རིག་མཛོད་༽དཔེ་ཚོགས་ལེགས་གྲུབ་ཀྱི་དྲན་རྟེན་ཟིན་ཐོ་ལས་བཤུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག