ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> དགོན་སྡེ་རི་ཁྲོད། >> ལོ་ངོ་སྟོང་གི་སྒྲུབ་སྡེ། དཔལ་གཤེན་བསྟན་རྩེ་ཞིག་དགོན།
ལོ་ངོ་སྟོང་གི་སྒྲུབ་སྡེ། དཔལ་གཤེན་བསྟན་རྩེ་ཞིག་དགོན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།] [ཟླ་ཚེས། 10-12-26] [ཀློག་གྲངས། ]


གཅིག

དབྱིབས་ཟླུམ་གཟུགས་ནོར་འཛིན་མེ་ལོང་ལྟོར།།སའི་སྲུང་བཞི་བཀྲ་ཤིས་རྟགས་བརྒྱད་མཛེས།།
ཆུ་ཡན་ལག་བརྒྱད་ལྡན་ཟེགས་མ་འགྲེམས།།ནགས་ལྗོན་པའི་ལོ་འདབ་གུར་ཁྱིམ་ཕུབ།།
རི་མཐོན་པོ་གནམ་གྱི་ཀ་བར་འགྱིང་།།སྤང་འཇམ་པོ་ནེ་ཙོའི་སྒྲོ་གཤོག་བཏིང།།
ཞིང་འབྲུ་དྲུག་སྙེ་མ་མགོ་ལྕོག་ལྡེམ།།སྨན་དྲི་བཟང་རྩི་ཤིང་ཚལ་ཆེན་འཁྲིགས།།
མདོག་ཡིད་འོང་མེ་ཏོག་འཇའ་ཚོན་བཀྲ།།གནམ་སྔོན་པོའི་བང་རིམ་རྡུལ་དང་བྲལ།།
སྤྲིན་དཀར་བོ་འཇོ་སྒེག་སོ་ཕྲེང་མཛེས།།ཆར་བདུད་རྩི་ཟིལ་མ་ཟིམ་ཟིམ་འཇོ།།
ལྷའི་དབང་གཞི་འོད་ཀྱི་ཀ་བ་བཙུགས།།དགུང་ཉི་མའི་ཟེར་མདངས་ཀློང་ན་རྩེན།།
ཕྱུགས་ནོར་ལུག་སྐར་ཚོགས་ས་ལ་བཀྲམ།།སྐད་སྙན་པའི་བྱ་རིགས་རྩེད་འཇོ་རོལ།།
མདོག་སྤུ་སྡུག་རི་དྭགས་གཡང་དུ་འཁོར།།རྟ་འདོ་བའི་སུག་བཞི་གློག་ལྟར་འཁྱུག །
གངས་ལྷ་གཡག་ཟིལ་ཤུགས་ཐོག་ལྟར་རྒོད།།མཛོ་ཁྱུང་དཀར་ར་རྩེ་གྲི་ལྟར་རྣོ།།
འབྲི་མཛོ་མོའི་འོ་ཞོ་མཚོ་ལྟར་འཁྱིལ།།ལུག་གཡང་དཀར་བལ་ཁ་འཇོ་ལོ་ལོ།།

ཁོད་ཡངས་པའི་རྒྱ་ལམ་ཕྱོགས་བཞིར་སྦྲེལ།།དཔངས་རྔམ་མཐོའི་ཁང་བརྩེགས་ཡི་གར་མཛེས།།
དབྱིབས་འདྲ་མིན་རླངས་འཁོར་བང་རྩལ་འགྲན།།རིགས་སྣ་བརྒྱའི་མགྲོན་པོ་འཛུམ་གྱིས་ཁེངས།།
བཟོ་ཚོང་ལས་རྒྱ་མཚོའི་རླབས་ཕྲེང་འཕྱུར།།སྐད་ཡི་གེ་སློབ་གསོའི་དཔལ་ཡོན་བཞད།།
ཐོབ་རང་དབང་དམངས་གཙོའི་ལམ་ལུགས་ཆགས།།བོད་མེས་པོའི་རིག་མཛོད་གཏེར་བརྒྱས་ཕྱུག །
དོན་ཚན་རིག་རིག་གནས་ལག་རྩལ་རྒྱས།།སྟོབས་འབྱོར་ཕྱུག་སྡེ་བཞིའི་ཕུན་ཚོགས་དར།།
ནང་ཆོས་སྲིད་བསམ་བློའི་མཐོང་རྒྱ་ཡངས།།དཔལ་ཞི་བདེ་མཛའ་མཐུན་འོད་ཞགས་འདྲེན།།
སྒེར་ཚུགས་ཐུབ་ལ་རྒྱའི་ཁོག་དཔུང་བརྟན།།དཔའ་རྟུལ་ཕོད་མཛངས་མིའི་རང་གཤིས་བཙུན།།
མི་རྒན་གཞོན་ཕན་ཚུན་བརྩི་བཀུར་ཆེ།།བློ་དཀྱེལ་ཡངས་རིག་པའི་རྣམ་དཔྱོད་མྱུར།།
དྲིན་ཕ་མ་སྤྱི་བོའི་གཙུག་ན་བཀུར།།དཔེ་ཕུལ་བྱུང་བཟང་པོའི་ཕྱག་རྗེས་འདོན།།
ཞེ་བསམ་པ་དཀར་པོ་དགེ་ལ་དད།།བུ་སྟག་ཤར་ཞི་དྲག་སྒམ་བརླིང་འཛོམས།།
སྨན་བུ་མོ་གཞུང་དྲང་ཕུགས་བསམ་ལྡན།།ལམ་ཡང་དག་སངས་རྒྱས་བསྟན་པ་འཕེལ།།
བོད་གནའ་རབས་ཆ་ལུགས་གོམས་སྲོལ་གཙང་།།ལས་རྒྱུ་འབྲས་སྤྱོད་པའི་ཚད་གཞིར་བསྔགས།།
བྱམས་སྙིང་རྗེ་གཞན་ཕན་ལྷག་བསམ་མཐོ།།སྟོབས་ཡོན་ཏན་རིག་གནས་རྒྱན་དུ་འཛིན།།
དམངས་འཚོ་བ་བདེ་སྐྱིད་ལྷ་ལ་འགྲན།།རུས་སྨུག་པོ་ལྡོང་གི་དཔའ་རྒྱུད་འདི།།
རྗེ་བཙན་པོའི་དཔུང་ཆེན་ཤར་དུ་དྲངས།།ཤར་རྒྱ་སྟག་དམར་པོའི་སྒོ་སྲུང་ཡིན།།
ལས་ཀླུང་རྟའི་བ་དན་དགུང་ན་མཐོ།།ལྷ་བཙན་པོའི་མགོན་སྐྱབས་གློག་ཞགས་མྱུར།།
གཡང་བྱིན་རླབས་དམུ་ཡད་ཆར་ཆེན་འཇོ།།གནས་ཕུན་ཚོགས་དགེ་བའི་ཞིང་མཆོག་རྨད།།

གཉིས།

ས་སྐྱིད་པོ་མདོ་ཁམས་གཡང་ར་ན།།ཡུལ་བདེ་ལྡན་རྒན་གྱའི་རྩྭ་ཐང་མཛེས།།
བྲག་མ་རྒྱུད་གསང་མཆོག་གྲུབ་པའི་གནས།།མ་མཁའ་འགྲོ་ཕག་གདོང་བྲག་དཀར་བཞུགས།།
གནས་དེ་ཡི་མི་རིང་ལྷོ་ཤར་གྱི།།རི་གླང་ཆེན་ཉལ་བའི་མཁལ་ཁུག་ན།།
ལོ་སྟོང་ཕྲག་འགོར་བའི་དགོན་སྡེ་ཡོད།།དཔལ་མདོ་ཁམས་ཞིག་ཆེན་བཅོ་བརྒྱད་ཅེས།།
བོན་བསྟན་པ་མཐའ་ནས་སྤེལ་བའི་གྲས།།རྗེ་རྩེ་ཞིག་བླ་མའི་གདན་ས་ཡིན།།
གདུང་རིགས་རུས་འོད་གསལ་ལྷ་ལས་མཆེད།།ལྷ་ཁྲི་ཤེས་དཀར་པོའི་ཚ་བུར་འབོད།།
མིའུ་གདུང་དྲུག་དམུ་རིགས་སྒ་རབས་ལ།།སྐྱབས་འགྲན་མེད་སྟོང་ཉིད་བྱ་འཕུར་འཁྲུངས།།
རུས་གདུང་རྒྱུད་ཕྲེང་ཐག་མ་ཆད་པའི།།ཁོང་རྩེ་ཞིག་བླ་རབས་བཅོ་བརྒྱད་བྱོན།།
སྐུ་མཛད་འཕྲིན་བསྟན་ལ་ཕྱག་རྗེས་ཆེ།།གསུང་མདོ་སྔགས་ཟབ་རྒུའི་ལེགས་བཤད་འཇོ།།
ཐུགས་བརྩེ་ཆེན་སྙིང་རྗེ་སྙོམས་པར་འཇུག །ཕ་བླ་མ་བཟང་པོའི་རྒྱུན་འཛིན་དུ།།
དུས་ད་བར་བླ་རབས་ཉེར་བཞི་སོང་།།སྐྱབས་ཀུན་འདུས་རྩ་བརྒྱུད་བླ་མའི་ཞབས།།
ཕྱི་ཐེག་ཆེན་སེམས་དཔའི་སྡོམ་ཁྲིམས་བཙུན།།ནང་གསང་ཆེན་རིམ་གཉིས་སྒོམ་པ་ཟབ།།
དོན་བློ་འདས་རྫོགས་ཆེན་ལྟ་བ་མཐོ།།མཆོག་ཡོན་ཏན་མཐའ་དག་སུ་ཡིས་བརྗོད།།
རྗེ་བླ་མ་དད་པའི་ཞིང་ས་ཡིན།།དགོན་སེར་བོ་གཡུང་དྲུང་རིས་སུ་ཆགས།།
སྟེང་རྒྱ་ཕིབས་ཉི་མ་ཤར་འདྲ་མཛེས།།མཐའི་ལྕགས་རི་ཨ་ལོང་སྒོར་འདྲ་ཡག།
བར་བང་རིམ་སྤྲིན་དཀར་ཆགས་འདྲ་བརྗིད།།དབྱིབས་མི་འདྲ་ལྷ་ཁང་རྣམ་བདུན་ཡོད།།
དེ་རེ་རེ་རྟེན་གྱིས་བྱུར་བུར་གཏམས།།དངུལ་དཀར་པོའི་སྐུ་གདུང་བྱིན་རླབས་འབར།།
གསེར་བཙོ་མའི་སྐུ་གཟུགས་འོད་ཀྱིས་འཁྱུད།།བཀའ་བཀའ་བརྟེན་བྲག་རི་བརྩེགས་བརྩེགས་བྱས།།
མདོག་དབྱིབས་ལེགས་མཆོད་རྟེན་ཚལ་དུ་དངར།།དོན་བོན་སྐུ་ནམ་མཁའི་ཀློང་ན་ཁྱབ།།
མགོན་རྫོགས་སྐུ་ཉི་ཟླ་མཁའ་ལ་ཤར།།རྗེ་སྤྲུལ་སྐུའི་ཐུགས་རྗེས་འགྲོ་ལ་བརྩེ།།
སྐུ་མཚན་དཔེ་གསལ་རྫོགས་བགྲངས་སུ་མེད།།སྐྱབས་ཡི་དམ་གསས་མཁར་མཆོག་ལྔ་བཞུགས།།
ཕ་རིག་འཛིན་བྱང་སེམས་དཔའ་བོའི་ཆས།།མ་མཁའ་འགྲོ་བདེ་སྟོང་ཡེ་ཤེས་རོལ།།

ལྷ་སྲུང་མའི་སྐུ་བརྙན་གསོན་པོ་བཞིན།།ཚོན་སྣ་བརྒྱའི་ཐང་སྐུ་ཡ་མཚན་མང་།།
རྟེན་ཁྱད་འཕགས་སྟོང་ཉིད་བྱ་འཕུར་གྱི།ཚེམས་ཀུན་ཏུ་བཟང་པོ་རང་བྱོན་ཡོད།།
གསེར་སེར་པོའི་འཁོར་ཕྲེང་སྟོང་ཕྲག་བཞུགས།།འཛབ་དུང་ཕྱུར་ལྡན་པའི་འཁོར་ཆེན་མང་།།
མཆོག་ལྟ་བས་མི་ངོམས་རྩེ་ཞིག་དགོན།།གནས་སུམ་རྩེན་དཔལ་གྱིས་ཟླ་བོར་སྙེགས།།
ཕྱིའི་རྩིག་པ་སྲ་མོ་བྲག་ལ་བྱས།།བཟོ་སྒྱུ་རྩལ་དུང་ཕྲེང་སྤེན་ཁ་བརྗིད།།
ཚོན་དཀར་དམར་དབང་གཞུའི་རི་མོ་བཀྲ།།སྐོས་པ་ཏྲའི་རྒྱན་རིས་ཅི་ཡང་མཛེས།།
རྡོ་གོར་མོའི་སྟེགས་བུ་རྔམས་སུ་མཐོ།།དབྱིབས་འདྲ་མིན་སྐྱེད་ཚལ་ལྟ་ན་སྡུག།
ཤིང་ལྗོན་པའི་བསིལ་གྲིབ་ཕྱོགས་སུ་བྲེས།།སྤང་གཡུ་ལོ་གོས་ཀྱི་མལ་སྟན་བཏིང་།།
ཕྱི་སྒོ་ཆེན་དཔལ་བེའུ་རང་གྲུབ་ཡིན།།མཐར་བསྟན་པའི་དར་ཆེན་མཁའ་རུ་བསྒྲེངས།།
རྟེན་བརྟེན་པའི་བཀོད་པ་ཡ་མཚན་ཆེ།།མར་སེར་པོའི་ཚེ་འབར་རྒྱ་མཚོ་འདྲ།།
སྤོས་དྲི་ཞིམ་དུད་པ་མཁའ་རུ་ལྡང་།།ཆུ་ཡན་ལག་བརྒྱད་ལྡན་ཡོན་ཆབ་འཁྱིལ།།
ཟས་དཀར་མངར་ལྷ་ཕྱེ་རི་རབ་ཚུལ།།དབྱིབས་མདང་ལྡན་མེ་ཏོག་འོད་དུ་འབར།།
སྟོབས་བློས་བསླངས་མན་དྲལ་བཀོད་པ་བརྗིད།།གཟུགས་རབ་མཛེས་རྒྱན་ཕྲེང་་མིག་གི་དཔྱིད།།
སྒྲ་དབྱངས་སྙན་རྔ་གཤང་རོལ་མོ་འཁྲོལ།།དྲི་བསུང་ཞིམ་སྨན་གྱིས་ཚ་གདུང་སེལ།།
རོ་བྲོ་མཆོག་ཡན་ལག་བརྒྱད་ལྡན་སྙོམས།།གཟུང་རེག་བྱའི་མཆོད་སྤྱིན་འཛད་མེད་སྤྲོ།།
ཚོགས་བསོད་ནམས་སྤྲིན་དཔུང་དགུང་ལ་བསྙེགས།།དཔལ་རྒྱལ་གཤེན་བསྟན་པའི་མངའ་ཐང་གི །
སྟོབས་འབྱོར་ཕྱུག་མཐུན་རྐྱེན་མི་དམན་པའི།།བོན་ཕུན་ཚོགས་སྟོང་གསུམ་དབྱིག་གི་མཛོད།།
མ་འགྲོ་དྲུག་བསོད་ནམས་དཔལ་དུ་ཤོག །

གསུམ།

རྗེ་བླ་མ་བཟང་པོའི་གདན་ས་ན།།སྐུ་ངུར་སྨྲིག་ལི་ཁྲིའི་རྒྱ་མཚོ་འཕྱུར།།
མགོན་བཤེས་གཉེན་མང་པོས་བསྟན་པ་སྤེལ།།ཁོང་གྲྭ་ཚང་ཆོས་སྲིད་མཐོང་རྒྱ་ཡངས།།
གཞུང་ཆེན་མོར་ཐོས་པས་རྒྱ་མཚོ་བསྐྱིལ།།དོན་བསམ་དཔྱོད་རིག་པའི་གཏན་ཚིགས་རྙེད།།
ལམ་སྒོམ་རྟོགས་ཡོན་ཏན་སྤྱོད་པས་མཚོན།།གནད་གདམས་པའི་སྙིང་པོ་རྒྱུད་དུ་འབྱོར།།
དཔལ་བཅུ་ཕྲག་རིག་པའི་ནོར་ཆར་འབེབ།།སྐད་སྒྲ་སྦྱོར་བརྡ་དག་ངག་ཚིག་བརླིང་།།
བཟོ་ཤེས་རིག་སྒྱུ་རྩལ་འཇའ་ཚོན་བཀྲ།།ལུང་འབྱུང་ཁམས་འཁྲུག་པ་སྨན་གྱིས་གསོ།།
དོན་རང་ཡུལ་ཚད་གསུམ་རིག་པས་གཞལ།།བོན་བསླབ་གསུམ་སྐྱེད་རྫོགས་ཟབ་གདམས་འཛིན།།
ངག་སྙན་འཇེབས་རྩོམ་གྱི་རོལ་མོ་འཁྲོལ།།མིང་མངོན་བརྗོད་གཏམ་ཚོགས་རླབས་ཀྱིས་སྐྱོད།།
ཚིག་ལྕི་ཡང་སྡེབ་ལེགས་སུམ་ཕབ་མཛེས།།རྣོ་སྐར་ནག་རྩིས་ཀྱི་མེ་ལོང་འཆིང་།།
གཏམ་ཟློས་གར་རྒྱ་མཚོའི་ཀློང་ན་རྩེན།། ཕྱི་མཚན་ཉིད་རྩོད་གྲྭའི་གློག་ཞགས་འཁྱུག།
ནང་ཐེག་དགུའི་བཀའ་གཞུང་ལྷུག་པོར་སྨྲ།།གནས་སྤྱི་རྒྱུད་སྲིད་པའི་མཛོད་ཕུགས་དར།།
སེམས་ཆེར་བསྐྱེད་ས་ལམ་འབུམ་སྡེ་འཆད།།གཞིའི་གནས་ལུགས་བྱང་སེམས་གབ་པས་གཞལ།།
གཞུང་གབ་མཛོད་ས་གསུམ་སྲིད་ན་སྙན།།བོན་ཚད་གསུམ་སྡེ་བདུན་འཁོར་ལོ་བསྐོར།།
དོན་ཤེར་ཕྱིན་སྦས་དོན་དཀའ་གནད་འགྲེལ།།བློ་སྣང་སྟོང་དབུ་མའི་གཏན་ཚིགས་བསྒྲགས།།

སྒྲིག་བསླབ་ཁྲིམས་འདུལ་བའི་སྒྲོན་མེ་སྤར།།གནས་སྐལ་སྲིད་གྲོལ་འཁྲུལ་མཛོད་ཀྱིས་སྟོན།།
གཞུང་ཐེག་རིམ་གྲུབ་མཐའི་རྣམ་བཞག་སྐྱོང་།།གཞི་བདེན་གཉིས་ལྟ་བའི་དཔྱད་སྟོབས་རྫོགས།།
ལམ་ཚོགས་གཉིས་བྱང་ཆུབ་ཆེན་པོར་གཤེགས།།དོན་སྐུ་གཉིས་ཡེ་ཤེས་མངོན་དུ་མཛད།།
ཁམས་གདུལ་བྱའི་སྒྲིབ་གཉིས་བག་ཆགས་བཅོམ།།བློ་རིགས་ལམ་ལྡན་པའི་གྲྭ་ཚོགས་རྒྱས།།
མཚན་དོན་ལྡན་མཁས་མང་འདུ་འགོད་འཁྲིགས།།ལུས་ངུར་སྨྲིག་ཚངས་སྤྱོད་ཞི་ཞིང་དུལ།།
ངག་བདེན་སྨྲའི་ལེགས་བཤད་གཏམ་བཟང་སྙན།།ཡིད་གཞན་ཕན་ལྷག་བསམ་སྙིང་སྟོབས་འཛིན།།
ལམ་བསླབ་པ་གསུམ་གྱི་ཉམས་ལེན་བཙུན།།ལུང་སྡེ་སྣོད་གསུམ་ལ་འཆད་ཉན་ཡགས།།
ཕྱི་སྤང་ལམ་སྤྱོད་པས་གཞན་འཚེ་བྲལ།།ནང་སྒྱུར་ལམ་བདེ་སྟོང་ཟུང་འཇུག་རོལ།།
དོན་སེམས་ཕྱོགས་རིག་སྟོང་རྗེན་འཆར་རྫོགས།།སྤང་སྒྱུར་གྲོལ་ངེས་དོན་བང་རིམ་བརྩེགས།།
ཕྱི་བྱ་རྒྱུད་ཁྲུས་དང་གཙང་སྦྲར་བརྟེན།།མཆོག་ཏིང་འཛིན་རྒྱུན་ལྔས་མངོན་ཐེག་བཀྲོལ།།
སྔགས་དངོས་བསྐྱེད་དཀོར་བདུན་ལྷུན་གྱིས་གྲུབ།།རྩ་རླུང་ཐིག་དོན་ལྡན་ཀུན་ཏུ་རྫོགས་།།
གཞུང་རྒྱུད་ཆེན་སྡེ་བཞིས་སྐ་རགས་འཆིང་།།དཔལ་ཕ་རྒྱུད་ཆེན་པོས་སྐྱེ་ཤི་སྦྱངས།།
དོན་མ་རྒྱུད་བདེ་སྟོང་ལྷན་སྐྱེས་རོལ།།ལུང་གཉིས་མེད་སྲས་རྒྱུད་ཟབ་གདམས་འཛིན།།
གཞི་བསྙེན་པའི་ཡན་ལག་དཔངས་སུ་མཐོ།།ལམ་ཏིང་འཛིན་གསལ་དག་ལྷ་ཞལ་གཟིགས།།
ལས་མཐའ་བསྒྱུར་བདུད་བཞིའི་རྟོག་ཚོགས་སྤར།། ཉམས་རྟོགས་པའི་སྤྲིན་ཕུང་ཆིལ་ཆིལ་གཡོ།།
དབྱིངས་ཡེ་ཤེས་ཟུང་འཇུག་ལྟ་བ་རྟོགས།།ལམ་རིམ་གཉིས་སྒོམ་པས་སྣང་ཞེན་གྲོལ།།
དབང་ཆུ་བོས་རིག་འཛིན་རྣམ་བཞིར་སྨིན།།སེམས་མ་བཅོས་ཉམས་ལེན་དམ་ཚིག་གཙང་།།
ཐབས་ཞི་རྒྱས་དབང་དྲག་འཕྲིན་ལས་རྫོགས།།དོན་སྐུ་གསུམ་དགོངས་པའི་དངོས་གྲུབ་འཇོ།།
སྔགས་རྒྱུད་དྲུག་རླུང་སེམས་འོད་སྐུར་དེངས།།བྲུའི་ཟབ་གདམས་སེམས་སྨད་ཨ་ལ་ཁྲིད།།
ཀློང་སྡེ་བཞིས་བསྒྲགས་གསུམ་སྤྱི་དོན་གསལ།།དཔལ་མན་ངག་སྙན་རྒྱུད་གསེར་གདམས་འཐུང་།།
བོན་ཡེ་ཁྲི་ནམ་མཁའི་མཛོད་དུ་དྲངས།།རྟགས་མཚན་བཅས་ལུས་སེམས་ཞི་བར་གནས།།
སྒོམ་མཚན་མེད་ལྟ་བའི་རིག་གདངས་རྙེད།།གཞི་བློ་འདས་ཀ་དག་ཟད་སར་བསྐྱལ།།
དབྱིངས་ཡེ་ཤེས་ལྷུན་གྲུབ་རྩལ་སྣང་འབར།།ལམ་འཇོག་བཤིགས་སྐྱོང་གསུམ་རྣལ་འབྱོར་རྫོགས།།
ངང་གཡོ་མེད་སྒོམ་གསུམ་མངོན་དུ་གྱུར།།དུས་ཉིན་མཚན་ཁོར་ཡུག་འོད་གསལ་འཆར།།
སེམས་ཟག་མེད་རིག་པ་གཅེར་བུར་བྱུང་།།ཡེ་དབྱིངས་ཤེས་མ་བུའི་བདག་ཞལ་འཇལ།།
ཕྱི་འབྱུང་བ་དེངས་པས་གཟུང་འཛིན་གྲོལ།།ནང་གདོས་བཅས་ཕུང་པོ་འོད་དུ་ལྷག །
ལས་སྒྲིབ་མེད་སྐུ་ལྔའི་ཡོན་ཏན་རྫོགས།།སྒོ་ཐུགས་རྗེའི་རྣམ་བཞིས་འགྲོ་ཀུན་འདྲེན།།
དོན་ནམ་མཁའ་ལྟ་བུའི་རྣལ་འབྱོར་བྱོན།།བོན་ཟབ་པའི་ཕྱག་རྗེས་འདི་ན་བཞག །
མགོན་རྒྱལ་བའི་བསྟན་པ་ལུང་རྟོགས་གཉིས།།ཁམས་གདུལ་བྱའི་རྒྱུད་ལ་ལེགས་འཕོས་ཤིང་།།
ལམ་བཤད་དང་སྒྲུབ་པས་བཟུང་བ་འདིས།།མི་སྐལ་ལྡན་དལ་འབྱོར་དོན་ཡོད་མཛད།།

བཞི།

དགོན་འདི་འདྲ་དད་པའི་ཞིང་ས་ཡིན།།ཕྱག་གུས་པས་འཚལ་ན་སྡིག་སྒྲིབ་དག །
ངག་སྐྱབས་འཇུག་ཞུས་ན་བསམ་དོན་འགྲུབ།།ཡིད་དད་པས་མཆོད་ན་ལམ་འགྲོ་རྒྱུགས།།
སྒོམ་ཏིང་འཛིན་བསྐྱང་ན་ཉམས་རྟོགས་འཕེལ།།ལས་སྒྲུབ་པ་མཛད་ན་རྐྱེན་ངན་སེལ།།
རྒྱུ་བསོད་ནམས་བསགས་ན་སྟོབས་འབྱོར་རྒྱས།།ཤི་སྔས་མགོས་གཏུགས་ན་ཐར་ལམ་ཟིན།།
བསང་ཀླུང་རྟས་མཆོད་ན་དངོས་གྲུབ་འབྱུང་།།སྤོས་དྲི་བཟང་བདུག་ན་ཉམས་ཆག་བསྐང་།།
སྨྱུག་མདའ་དར་རྩེན་ན་དགྲ་ལྷ་འཁོར།།མར་མཆོད་མེ་བཞག་ན་ཐར་ལམ་གསལ།།
རྒྱན་མེ་ཏོག་འབུལ་ན་རིགས་གཟུགས་མཛེས།།སྨན་ཡོན་ཆབ་ཕུལ་ན་ཏིང་འཛིན་རྙེད།།
རེས་དར་ཅོག་བརྒྱབ་ན་བར་ཆོད་ཟློག །ཕྱག་བསྐོར་བ་བྱེད་ན་ནད་གདོན་ཞི།།
ཚོགས་ཟངས་ཞབས་བསྲོ་ན་བསོད་ནམས་འཕེལ།།རང་ཤི་གསོན་ཡོངས་ཀྱི་བརྟེན་ས་བོ།།
རྗེ་བླ་མའི་གདན་ས་བྱིན་རླབས་ཅན།།འདི་དར་བ་ང་ཚོའི་གཟི་བརྗིད་ཡིན།།
དེ་བསམ་ན་སེམས་པ་དགའ་སྤྲོས་ཁེངས།།ང་ཆོས་ལྡན་བོད་པའི་ཁྱིམ་གཞིས་སུ།།
ཤ་རུས་པའི་གསེང་ན་སྙིང་རྗེ་འཛུམ།།རྐང་དཀར་པོས་དད་པ་དག་སྣང་མཚོན།།

མིའི་རིགས་ལ་བསམ་བློའི་དཔལ་ཡོན་སྤྲིངས།།དགེ་ཞི་བདེ་སྐྱ་རེངས་བོན་གྱིས་འདྲེན།།
ལས་ལྟ་སྤྱོད་ཁ་ལོ་གྱེན་དུ་འདེགས།།མཆོག་ཕན་བདེ་ནོར་བུའི་སྣང་བ་འགྲེམས།།
ནང་སེམས་ཀྱི་བདེ་སྐྱིད་འཁའ་རུ་འཕྱུར།།ཡིད་དད་དམ་གཙང་བའི་མིང་སྲིང་ཚོ།།
ལས་ལྟ་སྤྱོད་མཐུན་པས་དགོན་པ་བཞེངས།།དགོན་སེར་པོའི་གཟི་བྱིན་འགྲན་ཟླས་དབེན།།
ནང་རྟེན་གསུམ་འཛམ་གླིང་གཡས་བཞག་བྱུང་།།དཔལ་དུས་གསུམ་སངས་རྒྱས་དབྱིངས་ནས་བཞད།།
ལྷ་གཙང་རིགས་བསྟན་སྲུང་དམ་ཅན་དགྱེས།།མགོན་ཡུལ་ས་སྡོང་དང་གྲོགས་སུ་མྱུར།།
སྡེ་འགྲོ་དྲུག་སེམས་ཅན་ཞི་བདེར་འཁོད།།དམངས་བསོད་ནམས་ཤར་རིའི་རྩེ་ལ་དྲངས།།
གཏེར་ཕན་བདེ་ལེགས་ཚོགས་གཡང་དུ་འཁོར།།ཚེ་བསོད་ནམས་ཀླུང་རྟའི་གཟི་བྱིན་འབར།།
དུས་རྫོགས་ལྡན་བསྐལ་བའི་དགའ་སྟོན་འཕེལ།།མ་འགྲོ་བའི་བསོད་ནམས་བསྟན་ལ་རག།།
མགོན་རྒྱལ་བསྟན་ལུང་དང་རྟོགས་པས་འཛིན།།དེའི་བདག་པོ་སྟོན་འཁོར་རྣམ་བཞིའི་སྡེ།།
མཆོག་དཔལ་ཡོན་གཉིས་ཀྱི་ཀློང་ན་སྐྱིད།།ཚུལ་འདིས་མཚོན་རྣམ་དཀར་རྟག་འཇོ་བའི།།
ལས་དགེ་བས་ས་སྟེང་ཡོངས་ཁྱབ་ཅིང་།།མ་འགྲོ་དྲུག་བདེ་ཆེན་བོན་དབྱིངས་ན།།
རྟེན་མི་ཚེ་སྐྱིད་ཀྱིས་འཚོ་བར་ཤོག །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག