ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> དགོན་སྡེ་རི་ཁྲོད། >> མཚོ་སྔོན་མཚོ་ཤར་ས་ཁུལ་གྱི་བོན་དགོན་ཁག
མཚོ་སྔོན་མཚོ་ཤར་ས་ཁུལ་གྱི་བོན་དགོན་ཁག
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སྙན་བཟང་བསོད་ནམས་གཡུང་དྲུང་།] [ཟླ་ཚེས། 11-02-16] [ཀློག་གྲངས། ]

སྟོང་ཆུང་སྨིན་གྲོལ་དར་རྒྱས་གླིང་།

     བསྒྲུབ་སྡེ་འདི་ནི་དཔའ་ལུང་རྫོང་རྩ་བ་ཤང་ནས་ཤར་དུ་སྤྱི་ལེ་ལྔ་ཙམ་གྱི་སར་གནས་ལ། བ་ཡན་ཁ་སྟོད་དུ་ཡོད་པའི་བོན་གྱི་དགོན་ཆེན(༡ བྱ་ཁྱུང་དགོན་པ། ༢ བོན་བརྒྱ་དགོན་པ། ༣ སྟོང་ཆུང་དགོན་པ། ༤ དཀར་བོ་དགོན་པ)བཞིའི་གྲས་ཡིན། ༡༣༤༩ནས༡༩༤༣བར་དུ་སྟོང་ཆུང་དགོན་པ་ཐེངས་བཞི་ལ་མེར་བསྲེགས། སྟོང་ཆུང་སྟོན་པ་ངང་ལག་གི་སྐབས་སུ་འདུ་ཁང་ཀ་བརྒྱ་མ་བཞེངས་ནས་གྲྭ་བ་བརྒྱ་དང་ཉི་ཤུ་སུམ་ཅུ་ཙམ་བཞུགས་ཤིང་དགོན་མིང་ལ་སྟོང་ཆུང་སྨིན་གྲོལ་དར་རྒྱས་གླིང་ཞེས་གསོལ། ཁོང་ཉིད་ལྷ་བཟོ་ཡིན་པས་གསུང་འབུམ་གསེར་བྲིས་དང་དངུལ་བྲིས་ཤིན་ཏུ་མང་། གནས་ཡུལ་ཡང་ད་ལྟའི་དགོན་པའི་ནུབ་ཕྱོགས་ནས་བྲག་རི་ཞིག་མཐོང་བའི་ཕར་རྒྱབ་ལུང་བའི་ནང་ཡིན། ཞབས་དྲུང་བསོད་ནམས་གཡུང་དྲུང་དབང་རྒྱལ་གྱིས༡༩༡༥ཡས་མས་སུ་ད་ལྟའི་ས་འདིར་གནས་སྤོར་མཛད་ཅིང་བླ་བྲང་ཡང་བཞེངས། གཉའ་ཚུལ་ཁྲིམས་ཉི་མ་རིན་པོ་ཆེས་ཀྱང་ནང་ཆེན་བཞེངས་པས། དགོན་པ་འདིར་བླ་བྲང་གཉིས་དང་གྲྭ་ཤག་དྲུག གཙང་གྲྭ་བཅུ་ཁ་ལྷག་དང་ཤར་བའི་དགེ་སློང་འགྱུར་མེད་དགེ་རྒན་དུ་བཞུགས། ༡༩༥༨སྐབས་ཐམས་ཅད་འཇིག་ནས་གྱང་ཆག་གི་རྣམ་པར་གྱུར། ༡༩༨༠ནས་དད་མོས་རང་དབང་གི་སྲིད་ཇུས་ལྷུག་གཏོང་བྱས་པ་དང་། ༡༩༨༥ལོར་ཨ་ལགས་བསྟན་འཛིན་ཚང་གིས་དགོན་པ་འདིར་གཞི་ཙམ་བཟུང་ཞིང་༡༩༩༣ལོར་གོང་རིམ་ནས་ཆོག་མཆན་ཐོབ། ༡༩༩༥ལོར་ཨ་ལགས་བཟོད་པས་འདུ་ཁང་བཞེངས། ཟླ༡ནང་མཉམ་མེད་འདས་མཆོད། ཟླ༤ནང་ཀུན་རིག ཟླ༧ནང་དགེ་སྤྱོད། ཟླ༡༠ནང་སྟག་ལའི་བསྒྲུབ་ཆེན། ཉིན་མགོ་དང་ཨ་དཀར་རའི་བོན་གཤེན་རྣམས་ལྷན་དུ་འཚོགས་ནས་ཟླ༤དང་ཟླ༡༠ནང་ལ་གསང་སྔགས་ཀྱི་གར་འཆམ་དེང་སང་ཡང་སྣང་། ཤར་སྟེང་དགེ་སློང་ཚུལ་ཁྲིམས་ཀྱིས་དགོན་པ་འདིར་དུས་རྒྱུན་བསང་བསྐང་ཆག་མེད་དུ་བསྟན་རྒྱུན་སྐྱོང་བཞིན་གནས་པའོ།།

དོར་ཞི་གསང་སྔགས་དར་རྒྱས་གླིང་།

     བསྒྲུབ་སྡེ་འདི་ནི་མཚོ་སྔོན་དཔའ་ལུང་རྫོང་མཁར་ནས་ཤར་ཕྱོགས་སུ་སྤྱི་ལེ་ལྔ་བཅུའི་མཚམས་ཀྱི་བྲག་དཀར་རྫ་རིའི་འདབས་སུ་ཆགས་ཡོད། ཐོག་མའི་བྱུང་ཁུངས་ནི་བོན་པོ་ཀུན་ཏུ་བཟང་པོ་ཞེས་མཐུ་སྟོབས་ནུས་པ་ཅན་གྱི་བོན་གཤེན་རིག་འཛིན་དེ་ཉིད་དབུས་ནས་མདོ་སྨད་དུ་ཕེབས་ཏེ་བྲག་དཀར་རྫ་རིའི་མདུན་ནས་གཞི་བཟུང་། གྲོ་ཚང་ཧེ་བླ་མ་དང་མཐུ་རྩལ་འགྲན་ནས་རྒྱལ། དོར་ཞི་དང་འབའ་འོག་གཉིས་སྡེ་བ་གཅིག་ལ་ཧྲི་ཏ་ནག་མོ་ཚང་དང་འབའ་འོག་ཨ་ཁུ་ཡེ་ཤེས་ཚང་། ཡར་སྣེ་དཔོན་ཚང་། ཨ་ཁུ་ཡི་དམ་ཚང་བཅས་བརྒྱུད་འཛིན་བོན་པོ་ཁ་བཞི་བྱུང་། བོན་རབས་བརྒྱད་ཅུ་ཟེར་ཡང་བོན་གཤེན་མང་རབས་ལ་ཡུལ་འདིའི་སེར་བ་བཀག་ནས་ལོ་ཕྱུགས་བསྲུང་བ་དང་སྲི་བཟུང་བ། ནད་ཡམས་གཅོད་པ། ཀླུ་བདུད་བཙན་གསུམ་དམ་ལ་བཏགས་པ་སོགས་མཛད་རྗེས་རླབས་ཆེན་བཞག བསྒྲུབ་པ་སྙིང་བོར་མཛད་པའི་བོན་གཤེན་རྣམས་འདུ་བའི་གནས་ཏེ་ཚོགས་ཁང་ཆེ་ཆུང་མང་དུ་བཞེངས་ཤིང་སྔ་མ་འཇིག་ན་ཕྱི་མ་གསར་དུ་བཞེངས་ནས་བསྟན་རྒྱུན་བསྐྱངས། ༡༩༠༢ཡས་མས་ལ་ཁྲི་ཀའི་བླ་མ་སྦ་སར་ཚང་གིས་འབའ་འོག་གི་མཆོད་སྒང་ཞེས་པའི་ས་དེར་རིགས་རྒྱུད་ལ་བསྔགས་པའི་འབུམ་ཁང་ཞིག་བཞེངས་པ༡༩༥༨སྐབས་འཇིག ༡༩༩༨ལོར་ས་དེར་རྣམ་པར་རྒྱལ་བའི་མཆོད་རྟེན་བཞེངས། ༡༩༡༨ལོར་ཞབས་དྲུང་བསོད་ནམས་གཡུང་དྲུང་དབང་རྒྱལ་རིན་པོ་ཆེས་དོར་ཞིའི་གསས་ཁང་བཞེངས་ཤིང་མཁྲིས་སུ་ཁོང་གི་བླ་བྲང་ཡང་བཞེངས། ༡༩༧༠ལོར་བོན་བརྒྱ་རིན་པོ་ཆེ་གསང་སྟབས་ཀྱིས་ཕེབས་ནས་བོན་གཤེན་རྣམས་ལ་སྔོན་འགྲོ་སོགས་དབང་ལུང་ཁྲིད་གསུམ་གནང་ནས་དགེ་ལ་བཙུད། ༡༩༥༨སྐབས་གསས་ཁང་སྡེ་བའི་འབྲུ་མཛོད་ཁང་བྱས་པས་ནང་རྟེན་ལས་མ་འཇིག ༡༩༩༥ལོར་འབའ་འོག་སྡེ་བའི་མདུན་གྱི་སྟག་ལའི་མཆོད་རྟེན་བཞེངས། ༢༠༠༥ལོར་དོར་ཞི་གསས་ཁང་གི་ཟུར་ནས་སྟག་ལའི་མཆོད་རྟེན་བཞེངས། ༢༠༠༩ལོར་སྔར་གྱི་འདུ་ཁང་དེ་རྙིང་ཆེ་བས་དོར་ཞི་དང་འབའ་འོག་གཉིས་ཀས་བསྐྱར་བཞེངས་བྱས། ད་ལྟ་རིག་འཛིན་གོང་མའི་ཕྱག་ལེན་མ་ཉམས་པར་སྐྱོང་བཞིན་པའོ།།

ཤར་སྟེང་གསང་སྔགས་གཡུང་དྲུང་དར་རྒྱས་གླིང་།

     བསྒྲུབ་སྡེ་འདི་ནི་དཔའ་ལུང་བ་ཡན་གྲོང་རྡལ་ནས་ཤར་ཕྱོགས་སུ་སྤྱི་ལེ༤༦ཙམ་གྱི་སར་ཆགས་ཡོད་ལ་ཤར་སྟེང་དང་གཟུངས་སྤྱོད་སྐྱིད། གཟུངས་ཏོག་བཅས་གྲོང་སྡེ་གསུམ་ཡོད། དེ་ལ་ཤར་སྟེང་ཚང་དང་། བར་སྟེང་ཚང་། ཞིང་ཁའི་རྩ། ཤར་སྟེང་ཞོལ་ཏེ་ཁྱིམ་ཚང་འདི་བཞི་ནི་ཤར་སྟེང་གི་ཐོག་མའི་གཞི་འཛིན་ཡིན། བ་ཡན་རྒྱུད་ཀྱི་མཁའ་ཡངས་གདོང་གི་བརྒྱུད་པ་ཨ་ཁུ་བསྟན་གོ་ཞེས་པ་འདིར་ཕེངས་ནས་མར་ཁ་ཞེས་པའི་ས་དེར་མཚམས་ཁང་ཞིག་ཕུབ་ནས་གཞི་བཟུང་ཞིང་སློབ་བརྒྱུད་མང་དུ་འཕེལ། ཞབས་དྲུང་བསོད་ནམས་གཡུང་དྲུང་དབང་རྒྱལ་དགུང་ལོ་ཉེར་ལྔའི་དུས༡༩༡༨ལོར་ཤར་སྟེང་འདུ་ཁང་བཞེངས་ཏེ་གསང་སྔགས་ཀྱི་བསྒྲུབ་ཆེན་རྣམས་རིམ་བཞིན་བཙུགས་ནས་གར་འཆམ་ཡང་ཚུགས། ༡༩༥༨སྐབས་གསས་ཁང་སྡེ་བའི་འབྲུ་མཛོད་ཁང་བྱས་པས་ནང་རྟེན་ལས་མ་འཇིག ༡༩༨༤ལོར་འདུ་ཁང་གི་ཕྱི་གྱང་གྱོ་མཁར་བྱས། གཟུངས་སྤྱོད་སྐྱིད་དུ་གསས་ཁང་ཆུང་བ་གཅིག་དང་བརྩན་ཁང་དང་བཅས་པ་ཡོད། ༢༠༠༧ལོར་ཤར་སྟེང་དང་གཟུངས་སྤྱོད་སྐྱིད། གཟུངས་ཏོག་བཅས་སྡེ་བ་གསུམ་གས་གསས་ཁང་གི་མདུན་དུ་སྟག་ལའི་མཆོད་རྟེན་བཞེངས། ཞབས་དྲུང་བསོད་ནམས་གཡུང་དྲུང་དབང་རྒྱལ་གྱིས་མཛད་པའི་བཅའ་ཡིག་དང་ཚེ་དབང་བོད་ཡུལ་མའི་གྱན་ཐང་། ཤེལ་ཁྲབ་ཅན་གྱི་འབག་སྐུ། སྒོ་ཆེན་ནང་ལོགས་གཡས་གཡོན་གྱི་ལྡེབ་བྲིས་འཛམ་སེར་དང་འཛམ་སྔོན་གཉིས་སོགས་ལ་ད་ལྟ་མཇལ་རྒྱུ་ཡོད། བཅའ་ཡིག་ཏུ། དབྱར་ཆོས་གཟུངས་སྤྱོིད་སྐྱིད་དང་དགུན་ཆོས་ཤར་སྟེང་ཞེས་གསུངས་མོད། ཤར་སྟེང་འདུ་ཁང་བཞེངས་ནས་བཟུང་། སྟག་ལའི་བསྒྲུབ་ཆེན་གཟུངས་སྤྱོད་སྐྱིད་ནས་འཛིན་པ་མ་གཏོགས། དབྱར་ཆོས་དགུན་ཆོས་ཚང་མ་ཤར་སྟེང་ན་འཛིན་གྱི་ཡོད་ལ། སྔོན་མའི་ཕྱག་སྲོལ་མ་ཉམས་དར་རྒྱས་སུ་གནས་པའོ།།

ཨ་དཀར་སྒོམ་ཤར་མཚམས་ཁང་།

       བསྒྲུབ་སྡེ་འདི་ནི་དཔའ་ལུང་རྫོང་རྩ་བ་ཤང་གི་མངའ་ཁོངས་ཡིན་ལ། སྡེ་བའི་ཆད་ཁུངས་ནི་བ་ཡན་མཁའ་ཡངས་གདོང་ནས་ཡོང་བ་དང་། གོ་ཨར་པད་དཀར་ཚང་གི་བརྒྱུད་པ་དང་། སྟོང་ཁྱུང་དུད་ཁ་བརྒྱད་ཅུ་ལས་ར་མོ་གདོང་གི་བརྒྱུད་པ་གསུམ་ལྷན་དུ་འཛོམས་པས་ཨ་དཀར་ར་ཞེས་གྲགས། ཐོག་མར་མཚམས་པ་གཡུང་ལྷུན་ཞེས་པ་ད་ལྟའི་སྒོམ་ཤར་ཞེས་པའི་ས་འདིར་ཕེབས་ནས་མཚམས་ཁང་ཞིག་ཕུབ་ནས་བཞུགས། ཉེ་སྐོར་དུ་ཆུ་དཀོན་པས་མཚམས་པ་དེས་མཚམས་ཁང་གི་མཁྲིས་སུ་ཆུ་མིག་ཅིག་ཕུད་པ་དེང་སང་ཡང་མི་གཅིག་གཉིས་ཀྱིས་འཐུང་ན་གཅིག་གཉིས་ལ་འདང་བ་དང་མི་ལྔ་དྲུག་གིས་འཐུང་ན་ལྔ་དྲུག་ལ་འདང་བ་ཡོད། དེའི་སློབ་མ་ཚེ་རིང་དོན་གྲུབ(༡༨༧༨–༡༩༥༨ཡི་དམ་དབལ་གསས་ཀྱི་བསྙེན་པར་དགུང་ལོ༡༩ནས༢༧བར་བཞུགས་པ)དང་རྒྱ་མཚོ་སོགས་ཡིན། ༡༩༥༦ལོར་གཉའ་ཚུལ་ཁྲིམས་ཉི་མ(ཨ་ལགས་ཚུལ་ཁྲིམས)རིན་པོ་ཆེ་སྒོམ་ཤར་མཚམས་ཁང་དུ་ཡི་དམ་དབལ་གསས་ཀྱི་བསྙེན་པར་ཟླ་ངོ་བདུན་ཙམ་ལ་བཞུགས། ༡༩༥༨སྐབས་འཇིག་ནས་གྱང་ཆག་གི་རྣམ་པར་གྱུར། ༡༩༨༩ལོར་རྡོ་རྗེ་དང་ནོར་བུ(བོན་གཤེན་སྒྲུབ་སྦྱོང་བ་ཞིག་སྟེ་ཞབས་དྲུང་བསོད་ནམས་གཡུང་དྲུང་དབང་རྒྱལ་དང་སྐྱང་སྤྲུལ་རིན་པོ་ཆེའི་དངོས་སློབ་ཡིན) མགོན་པོ་བསོད་ནསས། བསོད་ནམས་སོགས་ཀྱིས་བསྐྱར་བཞེངས་བྱས། ལོ་དེའི་དགུ་བའི་ཉེར་གཉིས་ལ་གྲུབ་སྟོན་དུ་ཨ་ལགས་པདྨ་གདན་དྲངས་ནས་རབ་གནས་མཛད། ༢༠༠༠ལོར་སྡེ་བས་གྲོས་བསྡུར་བྱས་ཏེ། རེབ་གོང་བོན་བརྒྱ་དགོན་དུ་བཞུགས་པའི་དགེ་སློང་བསྟན་གོ་དང་དབང་ཆེན། དོན་གྲུབ་ཚེ་རིང་སོགས་ཀྱིས་སྔར་གྱི་མཚམས་ཁང་དེ་རྒྱ་བསྐྱེད་ནས་བཞེངས་ཤིང་། ནང་རྟེན་དུ་དཀྱིལ་ན་ཡུམ་ཆེན་བྱམས་མའི་གྱན་ཐང་དང་གཡས་གཡོན་དུ་ཐང་ག་སྤུས་གཙང་ཉེར་བཞི་བཞེངས་པ་བཅས་ད་ལྟའི་གཞི་ཁྱོན་འདི་བསྐྲུན། ༢༠༠༡ལོའི་ལོ་གསར་ཚེས༡༥ཉིན་གྲུབ་སྟོན་དུ་བོན་བརྒྱ་ཐམས་ཅད་མཁྱེན་པ་རིན་པོ་ཆེ་གདན་འདྲེན་ཞུས་ནས་མངའ་དབུལ་དང་རབ་གནས་མཛད་དོ།།

མར་ནང་བོན་ཚང་མ།

     བསྒྲུབ་སྡེ་འདི་ནི་མཚོ་སྔོན་ཞོན་ཧྭ་རྫོང་བིས་མདོ་ཤང་གི་མངའ་ཁོངས་ཡིན་ལ་ཐོག་མའི་ཆད་ཁུངས་ནི་རེབ་གོང་སྤྱི་རྟིང་ཡིན། སྤྱི་ལོ༡༩༢༠སྐབས་སྤྱི་རྟིང་གད་པ་སྐྱ་བོ་དང་མར་ནང་བོན་ཚང་མ་གཉིས་ནས་མི་ཤི་བ་དང་སྟོན་མོ་སོགས་ལ་ཡར་འགྲོ་མར་འོང་གི་འབྲེལ་གཏུག་ཡོད་ཅེས་ད་ལྟའི་རྒན་རྒོན་རྣམས་ཀྱིས་བཤད། ཐོག་དང་པོ་བོན་པོ་ལྷ་བོན་གཡུང་ངོ་ཟེར་བ་ཞིག་འཁྲུངས། དེ་ནས་བོན་རབས་རིམ་བཞིན་སོང་ནས་བོན་གཤེན་དམ་པ་འཇམ་དཔལ་འཁྲུངས། ཁོང་ནི་མར་ནང་ས་ཆར་གསང་སྔགས་ཀྱི་བསྟན་པ་སྤེལ་མཁན་དང་ལྷག་པར་དུ་ཡར་བཅོས་ཀྱི་སྐོར་ཁྱབ་བདལ་དུ་སྤེལ་མཁན་ཡིན། ཁོང་གིས་བིས་མདོ་དཔོན་ཚང་ལ་ལབ་ཙེ་གསུམ་བསྟད་ཅིང་མར་ནང་གི་ས་ཆ་གཞན་ལའང་ལབ་ཙེ་མང་པོ་བསྟད། ཁོང་གི་ཡར་སྔོན་ལ་མར་ནང་ས་ཆ་ན་ལབ་ཙེ་མེད་ལ་ཁོང་གི་རྗེས་ནས་གཞན་སྡེས་ཀྱང་ལབ་ཙེ་མང་པོ་བསྟད། དེའི་བུ་བོན་གཤེན་ཀུན་བཟང་དང་། དེའི་བུ་བོན་གཤེན་ཚེ་མཁར་ཐར་ཟེར་བ་པཎ་ཆེན་སྐུ་ཕྲེང་བཅུ་བའི་གཞིས་དཔོན་ཡིན། ཡབ་ཆེན་གུར་མགོན་སྐྱབས་དགུང་ལོ༡༧སྟེང་སྐུ་བསྙུང་ཚབས་ཆེན་བཞེས་ཤིང་གོད་ཁ་སོགས་མི་བདེ་བ་སྣ་ཚོགས་བྱུང་ཚེ། གཞིས་དཔོན་ཚེ་མཁར་ཐར་གྱིས་ཁོང་གི་སྒོ་ཁར་དང་མ་ནས་ཡོད་པའི་འཁོར་ཤིང་རྩ་ཆེན་ཞིག་ཡོད་པ་ཁྱེར་ནས་བིས་མདོ་དཔོན་ཚང་གི་སྒོ་ཁར་བཙུགས། ཕྱོགས་སོ་སོར་བརྡ་བརྒྱབ་ནས་རེབ་གོང་བོན་མང་གི་རྒན་པ་ཉི་ཤུ་ལྷག་གིས་དབལ་ཆེན་རམ་པའི་བསྒྲུབ་པ་བཙུགས་ཤིང་བསྒྲུབ་དཔོན་སྡོང་སྐམ་དཔོན་པོ་ཡིན། རྨ་ཕ་རིའི་དོར་ཞི་དང་ཤར་སྟེང་། འབའ་འོག་སོགས་ཀྱིས་དབལ་གསས་བསྒྲུབ་པ་བཙུགས། མར་ནང་བོན་སྡེ་ཁ་གསུམ་གྱིས་འབུམ་པའི་བསྒྲུབ་པ་བཙུགས། སྤྱིའི་བསྒྲུབ་དཔོན་བོན་གཤེན་ཚེ་མཁར་ཐར་ཡིན་ཟེར། སྐུ་རིམ་གྲུབ་པའི་མཚན་མོར་སྡོང་སྐམ་དཔོན་པོའི་མཚན་ལམ་དུ་བིས་མདོ་དཔོན་ཚང་གི་སྒོ་ཁའི་མ་སྡོང་གཉིས་ཀའི་མགོ(དཔོན་ཚང་སྒོ་ཁའི་མ་སྡོང་ཆེན་པོ་གཅིག༡༩༥༨སྐབས་བཅད་ཟིན། གཅིག་ད་ལྟའང་ཡོད)ནས་འབྲུག་གཉིས་གནམ་ལ་འཕུར་ཞིང་གཅིག་གིས་སྒྲ་སྐད་སྟོང་གསུམ་དུ་བསྒྲགས། གཅིག་གིས་ཁ་མ་གྲག་པར་སོང་བས། ཞོགས་པ་དེར་སྡོང་སྐམ་དཔོན་པོའི་ཞལ་ནས། དཔོན་པོ་གུར་མགོན་སྐྱབས་འདི་མཚན་སྙན་གྲགས་ཅན་གྱི་དཔོན་པོ་ཡ་མེད་ཅིག་ཡོང་བའམ་ཡང་ན་འདི་ལ་བླ་མ་བླ་ཆེན་ཞིག་འཁྲུངས་ངེས་འདུག་གསུངས་པ་དོན་ཐོག་ཏུ་སྨིན་ནས་གཡུ་འབྲུག་སྒྲ་སྐད་ཅན་དེ་པཎ་ཆེན་རིན་པོ་ཆེ་དང་ཁ་མ་གྲག་པ་དེ་སྐུ་གཅུང་མགོན་པོ་སྐྱབས་གཉིས་འཁྲུངས་སོ།། མར་ནང་བོན་སྡེ་ཁ་གསུམ་ལྷན་དུ་འཚོགས་ནས་བསྒྲུབ་པའི་འགྲོ་རིམ་དབྱར་ཆོས་དབལ་ལུང་དང་། སྟོན་ཆོས་ཧོར་རན། དགུན་ཆོས་བོན་ཚང་མ་ཟེར་བས་བོན་ཚང་མའི་ཡི་དམ་འབུམ་པ་དང་། དབལ་ལུང་གི་ཡི་དམ་དབལ་གསས། ཧོར་རན་གྱི་ཡི་དམ་གཙོ་མཆོག་ཡིན། ད་ལོ(༢༠༡༠)ནས་བཟུང་སྟེ་རེབ་གོང་བོན་མང་གི་བྱིངས་འདྲེན་ཆེན་མོ་ཁྱུང་བོ་ཤ་བོ་ཐར་མར་ནང་བོན་སྡེ་ཁ་གསུམ་གྱི་དགེ་རྒན་དུ་མངགས་པ་དང་། བོན་སྡེ་ཁ་གསུམ་ལྷན་དུ་འཚོགས་པའི་བསྒྲུབ་མཆོད་རྣམས་དང་བོན་ཚང་མ་རང་གི་བསྒྲུབ་པ་ཉམས་ལེན་གྱི་སྐོར་སོགས་སྔོན་མའི་ཕྱག་ལེན་ཇི་བཞིན་མ་ཉམས་པར་གནས་པའོ།།

མར་ནང་དབལ་ལུང་གསས་ཁང་།

     བསྒྲུབ་སྡེ་འདི་ནི་མཚོ་སྔོན་ཞོན་ཧྭ་རྫོང་ཀ་རིང་ཤང་གི་མངའ་ཁོངས་ཡིན། ཐོག་མའི་ཆད་ཁུངས་ནི་ངག་རྒྱུན་ལ། བོན་ཚང་མ་སྐྱི་ཚང་བོན་པོ། ཧོར་རན་གདོང་ངེས་བོན་པོ། དབལ་ལུང་ཁེས་རྡོ་བོན་པོ་ཞེས་རྨ་ཕ་རིའི་ཁེས་ཀའི་བོན་པོ་ཀུན་ཏུ་བཟང་པོའི་བརྒྱུད་པ་སྟེ་དོར་ཞི་ནས་ཆད་པར་མངོན། ཐོག་མའི་གཞི་འཛིན་གྱི་བོན་པོ་སུ་ཡིན་མ་ཤེས་ཀྱང་བོན་རབས་མང་བོ་ནས། བོན་གཤེན་ལྷ་འབྲུག་དང་། བསོད་ནམས(བོན་གཤེན་འདི་བ་བོན་གྱི་གྲུབ་ཐོབ་རིག་འཛིན་ཞིག་གི་སྐྱེ་མཐའ་ཡིན་པའི་བཤད་ཚུལ་ཡོད་ལ། རྨ་ཕ་རིའི་དོར་ཞིའི་སྡེ་སྲི་གཅོད་མཁན་ཡིན་པ་དང་སྐུ་གཤེགས་དུས་ཡི་དམ་གྱི་བསྐྱེད་རིམ་ངང་ནས་ཐུགས་དམ་ལ་བཞུགས) བོན་པོ་འགའ་འགའ། ཤ་བོ་མགོན་པོ་སོགས་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་ཀྱི་དངོས་སློབ་ཡིན། སྡེ་འདིར་དབལ་གསས་རྟེན་ཕུར་དང་། ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་ཀྱིས་བརྩན་པའི་བཙན་གྱི་བརྟེན་འབག་དང་བཙན་གྱི་རྟེན་འཁོར་སོགས་དེང་སང་མཇལ་རྒྱུ་ཡོད། ཞབས་དྲུང་བསོད་ནམས་གཡུང་དྲུང་དབང་རྒྱལ་ཚང་གིས་ནང་ཆེན་བཞེངས་པ༡༩༥༨སྐབས་སྡེ་བའི་སློབ་གྲྭ་བྱས་ནས་ད་ལྟ་མ་འཇིག་པར་ཡོད་ལ༢༠༠༦ལོར་བླ་མ་བོན་རིན་པོ་ཆེ་ཚང་ཕེབས་ནས་ནང་ཆེན་འདིར་སྔོན་འགྲོ་དང་ཞི་བ། དབལ་གསས་སོགས་ཀྱི་ལུང་གནང་ནས་བྱིན་དང་ལྡན་པར་མཛད། ཧོར་རན་ད་ལྟ་གྲུབ་མཐའ་གཞན་དུ་འགྱུར་ཟིན་ལ། དབལ་ལུང་འདིར་རེབ་གོང་བོན་མང་གི་བྱིངས་འདྲེན་ཆེན་མོ་ཁྱུང་བོ་ཤ་བོ་ཐར་མངགས་ནས་ལོ་རེའི་བསྒྲུབ་མཆོད་རྣམས་དང་ཟླ་རེའི་ཚེས་བཅུ་དང་དགུ་ཟློག་སོགས་རིག་འཛིན་གོང་མའི་ཕྱག་ལེན་ཉམས་པ་སླར་གསོ་དང་མ་ཉམས་དར་སྤེལ་དུ་གནས་སོ།།

༼གངས་ཏི་སེ་བོན་གཞུང་རིག་མཛོད་༽དཔེ་ཚོགས་ལེགས་གྲུབ་ཀྱི་དྲན་རྟེན་ཟིན་ཐོ་ལས་བཤུས།

 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག