ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> དགོན་སྡེ་རི་ཁྲོད། >> སྟོད་ལུང་འབྲི་ལུང་དགོན་གྱི་ལོ་རྒྱུས།
སྟོད་ལུང་འབྲི་ལུང་དགོན་གྱི་ལོ་རྒྱུས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།] [ཟླ་ཚེས། 11-05-27] [ཀློག་གྲངས། ]

སྟོད་ལུང་འབྲི་ལུང་དགོན་གྱི་ལོ་རྒྱུས་ངོ་སྤྲོད།
འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགསཀྱིས།

             

     སྟོད་ལུང་འབྲི་ལུང་དགོན་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་ཞང་སྟོན་གྲོང་ཚོའི་ནང་དུ་གནས་ཤིང་། དགོན་དེའི་ལོ་རྒྱུས་བྱུང་རིམ་སྔ་ཕྱི་བར་གསུམ་བྱུང་ཚུལ་ནི། དང་ཐོག་དགོན་གནས་འདི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་ས་གནད་གལ་ཆེ་ཚུལ་དང་།དེ་ནས་འབྲི་ལུང་དགོན་པ་ཕྱག་བཏབ་ཚུལ་སྐོར།     དགོན་པ་དེ་ཕྱག་འདེབས་མཁན་ཞང་སྟོན་དམ་པ་ཚུལ་ཤེས་ཀྱི་མཛད་རྣམ་སྙིང་བསྡུས་སྐོར། མཐར་འབྲི་ལུང་དགོན་དེ་སོག་པོའི་དམག་གིས་གཏོར་ཚུལ་སྐོར། ད་ལྟའི་ཆར་གནའ་ཤུལ་གྲགས་ཅན་སྲུང་སྐྱོབ་དང་ཉམས་གསོའི་དམིགས་ཡུལ་སྐོར་བཅས། ས་བཅད་རྣམ་པ་ལྔའི་སྒོ་ནས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ལོ་རྒྱུས་ཀྱི་ཚུལ་དུ་ངོ་སྤྲོད་མདོར་བསྡུས་ཤིག་གླེང་བར་འདོད།
དང་པོ་དགོན་གནས་འདི་ལོ་རྒྱུས་ཀྱི་རྒྱུན་རིང་ལ་ས་གནད་གལ་ཆེ་ཚུལ་སྐོར།
སྟོད་ལུང་འབྲི་ལུང་དགོན་འདི་ལོ་རྒྱུས་རིང་བའི་དབང་དུ་བྱས་ན་ཐོག་མར་གཉའ་ཁྲི་བཙན་པོའི་(བོན་གྱི་ལོ་རྒྱུས་ལྟར་ན་སྤྱི་ལོའི་སྔོན་༡༡༣༦ལོར་བོད་རྗེར་མཚན་གསོལ།)དུས་ནས་ད་བར་མི་ལོ་སུམ་སྟོང་ལྷག་གི་ལོ་རྒྱུས་ལྡན་ཚུལ་བོན་གྱི་ལོ་རྒྱུས་ཙམ་དུ་མ་ཟད། ཁྱད་པར་དུ་ལོ་རྒྱུས་སྨྲ་བའི་དབང་པོ་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་ཚིག་མཛོད་ཆེན་མོ་ལས། “ཞང་སྟོན་མཆོད་ཁང་། སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་གྲོང་རྡལ་ཁོངས་ཞང་སྟོན་གྲོང་ཚོའི་ལྷོ་ངོས་རི་ལྡེབས་སུ་མཆོད་ཁང་ཞེས་པའི་གྱང་རོ་ཆེན་པོ་ཞིག་ཡོད་པ་དེ་ནི་གནའ་དུས་གཉའ་ཁྲི་བཙན་པོའི་སྐུ་དུས་སུ་བྱུང་བའི་བོན་གྱི་ཤེས་པ་ཅན་བཅུ་གཉིས་གྲས་མཁས་པ་སྨེའུས་(རྨེའུས)ཕྱག་བཏབ་པའི་སྟོད་ལུང་ཞང་སྟོན་འཕགས་པའི་གདན་ས་ཞེས་པ་དེ་ཡིན། དེ་གར་བོན་མདོ་དང་སྔགས་ཀྱི་བསྟན་པའི་གནས་གཞི་བཟུང་ནས་དར་བ་མཛད། གྲི་གུམ་བཙན་པོས་བོན་བསྣུབས་སྐབས་སྨེའུ་(རྨེའུ)སྟོན་གྱིམ་བུ་ཐེལ་རྒྱལ་གྱིས་བོན་གྱི་རིག་གཞུང་གི་རྩ་བ་བཀའ་བོན་སྒོ་བཞི་སྲུང་སྐྱོབ་གནང་སྟེ་རྒྱལ་སྲས་སྤུ་དེ་གུང་རྒྱལ་གྱི་རིང་ལ་བོན་གྱི་རིག་གཞུང་གོང་འཕེལ་བཏང་། སྲོང་བཙན་སྒམ་པོའི་སྐབས་ཞང་ཞུང་སྨེའུ་(རྨེའུ)སྟོན་གྱི་གདུང་རྒྱུད་ནས་ཇི་སྲིད་བར་ལྷ་ས་གཙུག་ལག་ཁང་གི་སྟེང་དུ་སྲིད་པའི་རྒྱལ་མོའི་བསྐང་གསོ་གཏོང་དགོས་པའི་བཀའ་གཏན་གསེར་ཡིག་བསྩལ་བ་སོགས་གཟིགས་མཐོང་ཚད་མེད་གནང་། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོན་བསྣུབས་སྟབས་སྨེའུ་(རྨེའུ)སྟོན་གྱི་རྒྱུད་པ་མཁས་པ་གཡུ་གཤེན་①གྱིས་བྲག་ལ་ཞབས་རྗེས་བཞག་པ་སོགས་རྫུ་འཕྲུལ་བསྟན་པས་ཁྲི་སྲོང་ལྡེ་བཙན་ངོ་མཚར་སྐྱེས་ཏེ་སྔར་གྱི་བཀའ་གཏན་སོར་གནས་བྱུང་། བསྟན་པ་ཕྱི་དར་གྱི་སྐབས་བོན་ཆོས་གཉིས་ཀ་དར་བས་ལྷ་ས་གཙུག་ལག་ཁང་དུ་སྲིད་རྒྱལ་གསོལ་མཆོད་བསྐྱར་གསོ་བྱུང་། དགའ་ལྡན་ཕོ་བྲང་པའི་དབང་བསྒྱུར་སྐབས་ལྷ་སའི་གཙུག་ལག་ཁང་གི་བླ་བྲང་སྟེང་དུ་སྤ་མའི་ཕུང་གསོག་ཆེན་པོ་ཞིག་ཡོད་པ་དེར་ལོ་ལྟར་བོད་ཟླ་བཅུ་པའི་ནང་སྤ་མ་ཁ་གསོས་རྒྱག་པ་དང་འབྲེལ་སྲིད་པའི་རྒྱལ་མོ་གསོལ་མཆོད་དང་། གཡང་སྐྱབས་ཉིན་གསུམ་བྱེད་མི་ཞང་སྟོན་ཁུལ་ནས་ཞང་སྟོན་སྨེའུའི་(རྨེའུའི)གདུང་རྒྱུད་གཅིག་ཡོང་དགོས་པར་བླ་བྲང་ཕྱག་མཛོད་ནས་གཏོང་སྒོ་ལེན་རྒྱུ་ཡོད། ཞང་སྟོན་འཕགས་པའི་གདན་ས་ཞེས་པ་དེ་སོག་པོས་གཏོར་སྐད་ཀྱིས་དགོན་ཤུལ་གྱང་རོ་ཡིན་ཡང་། སྲིད་རྒྱལ་གྱི་མགོན་ཁང་ཞིག་དང་མཁས་པ་གཡུ་གཤེན་གྱིས་བྲག་ལ་ཞབས་རྗེས་བཞག་པ་དེ་ད་ལྟ་ཡོད།” ཅེས་འབྲི་ལུང་དགོན་གྱི་ལོ་རྒྱུས་སྐོར་ཚིག་ཉུང་དོན་འདུས་ཀྱི་ཚུལ་དུ་གསལ་བཤད་གནང་ཡོད་པ་དེ་ལྟར་རེད། དེ་ནས་བོན་གྱི་ལོ་རྒྱུས་ཁག་ནང་། སྔར་ཞང་ཞུང་གི་ཡུལ་ལ་རྒྱལ་ཁམས་མི་འདྲ་བ་དྲུག་ཅུ་དང་། བོད་ཡུལ་རུ་བཞི་ཞེས་དབུས་རུ་དང་། གཡས་རུ། གཡོན་རུ། རུ་ལག་བཅས་རུ་བཞི་བོད་ཀྱི་ས་སྐོར་ཞེས་འབོད། རྒྱལ་པོ་ནི་གཉའ་ཁྲི་ཡབ་སྲས་གཙོས་བོད་རྒྱལ་ཞེ་གཉིས་བྱོན་པར་བཞེད། བོད་རྒྱལ་མུ་ཁྲི་བཙན་པོའི། (བོན་གྱི་ལོ་རྒྱུས་ལྟར་ན་སྤྱི་ལོའི་སྔོན་༡༠༧༤ལོར་འཁྲུངས།)སྐབས་སུ་བོད་རུ་བཞིའི་ས་སྐོར་ལ་གཡུང་དྲུང་གི་བོན་མདོ་སྔགས་རྫོགས་གསུམ་ཆ་ཚང་ཤོས་དང་། དར་རྒྱས་ཆེ་བའི་སྒང་ཡིན་ལ། ཉམས་སུ་ལེན་མཁན་ལའང་སྤོང་བསྒྱུར་གྲོལ་གསུམ་གྱི་བརྒྱུད་པ་རྣམ་པ་གསུམ་སྟེ་ཕྱི་སྤང་ལམ་གཙོ་བོར་འཛིན་པ་རྣམ་དག་འདུལ་བའི་སྡེ་དང་། ནང་བསྒྱུར་ལམ་གཙོ་བོར་འཛིན་པ་གསང་སྔགས་བསྒྲུབ་པའི་སྡེ། གསང་བ་གྲོལ་ལམ་གཙོ་བོར་འཛིན་པ་རྫོགས་ཆེན་སྒོམ་པའི་སྡེ་བཅས་རབ་བྱུང་བཙུན་པ་དང་། ཞྭ་དཀར་སྔགས་འཆང་བ་ཀློང་སྒོམ་རྫོགས་ཆེན་པ་རྣམས་ལུགས་སོ་སོའི་བསྒྲུབ་པ་ཉམས་ལེན་གནང་སྲོལ་དང་། བོད་ཡུལ་རུ་བཞི་ལ་སྔར་ནས་ཡོད་པའི་བོན་གྱི་འདུ་གནས་སོ་བདུན་ཏེ་དབུས་རུ་ན་འདུ་གནས་བཅུ་གསུམ་དང་། གཡས་རུ་ལ་བརྒྱད། གཡོན་རུ་ལ་བདུན། རུ་ལག་ལ་དགུ་བཅས་འདུ་གནས་དེ་དག་ལ་དུས་རྒྱུན་བོན་གཤེན་རྣམས་འདུ་ཞིང་འཚོགས་སའི་གནས་དང་། ཆོས་ལུགས་བྱེད་སྒོ་སྤེལ་སའི་མཚོན་རྟགས་ལ་ལྷ་ཁང་དང་། མཆོད་རྟེན། ཤི་དགེ་གསོན་རིམ་བྱ་སའི་མཆོད་སྦྱིན་ཁང་སོགས་ཡོད་པ་ནི། དྲན་པ་ནམ་མཁས་(སྤྱི་ལོའི་སྔོན་༩༡༤ལོར་འཁྲུངས།)མཛད་པའི་སྒྲ་འགྲེལ་ལས། “དེ་ལྟར་འདུ་གནས་སུམ་ཅུ་རྩ་བདུན་ན་ས་རྟགས་སུམ་ཅུ་རྩ་བདུན། མཆོད་རྟེན་སུམ་ཅུ་རྩ་བདུན། བང་སོའི་དུར་མཆོད་སུམ་ཅུ་རྩ་བདུན་ཡོད་དོ།”②ཞེས་གསལ། ཁྱད་པར་བོད་རྒྱལ་མུ་ཁྲི་བཙན་པོས་སྔགས་ཀྱི་སྒྲུབ་སྡེ་སུམ་ཅུ་རྩ་བདུན་བཙུགས་ཏེ་སྤྱི་སྤུངས་སྐོར་གསུམ་དང་། མགོན་པོ་རྣམ་གསུམ་གཙོས་ཞང་ཞུང་བོན་སྐོར་གྱི་བསྟན་པ་འཕེལ་རྒྱས་ཤུགས་ཆེན་བཏང་ལ། སྔར་ཡོད་ཀྱི་འདུ་གནས་སོ་བདུན་དེ་དག་ལ་སྔར་ལས་ལྷག་པའི་གསང་སྔགས་ཀྱི་སྒྲུབ་སྡེ་གསར་འཛུགས་དང་འཛིན་སྐྱོང་དོ་དམ་གྱི་ལམ་ལུགས་ཤུགས་ཆེ་རུ་བཏང་བ་བཅས་སོ། དེ་ནས་འབྲི་ལུང་དགོན་གནས་འདི་ལོ་རྒྱུས་རིང་ཚུལ་དང་ས་གནད་གལ་ཆེ་ཚུལ་ནི། ས་གནས་འདི་བོད་རྒྱལ་གཉའ་ཁྲི་བཙན་པོའི་ཡར་སྔོན་ཙམ་ནས་ལོ་རྒྱུས་ཀྱི་འབྲེལ་བ་ལྡན་ལ་དེ་བས་ཀྱང་གཉའ་ཁྲིའི་སྐབས་སུ་ལོ་རྒྱུས་ལྡན་པ་དང་། གཉའ་ཁྲི་ཡབ་སྲས་ཀྱི་དུས་ནས་རྗེའི་མགུར་ལྷ་བཅུ་གསུམ་③ཞེས་མི་རིགས་ཀྱི་སྐུ་བླ་དང་གཙུག་གི་ལྷར་ངོས་འཛིན་བྱེད་ནས་ལོ་ལྟར་ལོ་དུས་ཀྱི་གསོལ་བསྟོད་དང་། ཟླ་དུས་ཀྱི་མཆོད་པའི་སྐབས་སུ་སྔ་བཅོལ་ལས་ཀྱི་གཏང་རག་དང་། ད་བཅོལ་ལས་ཀྱི་བསྐུལ་མ། ཕྱི་བཅོལ་ལས་ཀྱི་ནན་ཏན་གསོལ་བའི་སྲོལ་རྒྱུན་དེའི་དམིགས་ཡུལ་ནི། ཆེ་བ་རྒྱལ་ཁམས་ནས་ཆུང་བ་མི་སྒེར་དང་། མཐོ་བ་རྒྱལ་པོ་ནས་དམའ་བ་མང་ཚོགས་བར་མདོར་ན་རྒྱལ་ཁམས་དང་། རྗེ་འབངས་ཀུན་ཞི་བདེ་མཉམ་གནས་དང་། དཔལ་གྲགས་ལོངས་སྤྱོད་ཕུན་ཚོགས་ཀྱི་དམིགས་ཡུལ་ལ་བསམ་ནས་ཡུལ་ལྷར་མཆོད་བསྟོད་གནང་སྲོལ་དེ་བོད་མི་རིགས་ཀྱིས་སྔར་ནས་གལ་པོ་ཆེ་ལ་ནན་ཏན་དུ་འཛིན་པའི་སྲོལ་རྒྱུན་དེ་སྔར་སྲོལ་ད་གནས་སུ་བྱུང་ཐུབ་ཡོད་པ་རེད། དེས་ན་སྟོད་ལུང་འབྲི་ལུང་དགོན་པ་གནས་ས་ནི་རྗེའི་མགུར་ལྷ་བཅུ་གསུམ་གྱི་ནང་ཚན་སྟོད་ལྷ་ཟེ་བའམ་སྟོད་ལྷ་ཟེ་ཟེའི་རི་ཁུག་ལ་གནས་ཡོད། བོན་གྱི་དཔེ་རྙིང་མིའུ་རིགས་བཞི་ལྷ་སེལ་ལྷ་མཆོད་རྒྱས་པ་ལས་སྟོད་ལྷ་ཟེ་བ་④ཞེས་འཁོད་ལ། ལྷ་རྒོད་དྲག་བདར་ཟེར་བའི་དཔེ་རྙིང་ནང་། “བསྭོ་ཡུལ་ནི་སྟོད་ལུང་རལ་གསུམ་ན། སྟོད་ལྷ་ཟེ་ཟེ་གཉན་པོ་བསྭོ། སྐུལ་དར་དཀར་བེར་ཆེན་གསོལ། ཆིབས་སུ་འབྲོང་བུ་དར་མ་ཅིབ། ཕྱག་ན་ལྕགས་མདའ་འོད་ཆེན་བསྣམས། སྟོད་རྗེ་གཉན་གྱི་ལྷ་རུ་འབོད།”⑤ཞེས་གསལ་ལ། དེང་འབྲི་ལུང་དགོན་་པའི་ཡུལ་མི་རྣམས་ཀྱིས་འབོད་སྲོལ་ལ་ཁོང་ཚོའི་རྒྱབ་རི་སྐུ་ལྷ་བསེར་བསེར་དང་། ལ་ལས་ཐང་ལྷ་བསེར་བསེར། ལ་ལས་སྟོད་ལྷ་ཟེ་ཟེ་སོགས་འབོད་སྲོལ་ཁ་ཤས་འདུག་ཀྱང་དོན་དངོས་སྔར་གྱི་ཡིག་རྙིང་རྣམས་ལས་གསལ་བ་ལྟར་སྟོད་ལྷ་ཟེ་ཟེ་དེ་དོན་ལ་གནས་ཤིང་། གཞན་དག་དེའི་སྒྲ་ཟུར་ཆགས་པར་མངོན། ཁྱད་པར་དུ་འབྲི་ལུང་དགོན་གནས་འདི་བོན་གྱི་འདུ་གནས་སོ་བདུན་ནང་ཚན་དབུས་རུ་ན་བཅུ་གསུམ་⑥ཡོད་པའི་འདུས་གནས་བཅུ་པ་དེ། “སྟོད་རོལ་ལུང་གསུམ་”ཟེར་བའི་གནས་དེ་ཡིན་ལ། འདུ་གནས་འདིའི་ཐ་སྙད་འབྲི་ཚུལ་ལ་སྟོད་རོས་དང་། སྟོད་རལ། སྟོད་རོལ་ཞེས་འབྲི་ཚུལ་ཁ་ཤས་བྱུང་ཡོད་ཀྱང་བོན་གྱི་གནའ་བོ་ཡིག་རྙིང་ནང་⑦སྟོད་རོལ་ལུང་གསུམ་ཞེས་འཁོད་ཡོད་པས་དེ་ལྟར་བཞག་ན་ལེགས། དེ་ནི་བོན་གྱི་ལོ་རྒྱུས་ཁག་ནང་“སྟོད་རོལ་ལུང་གསུམ་ནི་སྟོད་ལུང་ནང་ལ་ཡོད།” ཅེས་གསལ་བ་ལྟར་“སྟོད་རོལ་ལུང་གསུམ་”ཞེས་པའི་གོ་དོན་ནི། སྟོད༵་ནི་སྟོད་ལུང་དང་། རོལ༵་ནི་ངོས་སམ་ཕྱོགས་ལ་ཟེར་ཏེ། དཔེར་ན། ཕ་རོལ་ནི་ཕར་ངོས་སམ་ཕར་ཕྱོགས་དང་། ཚུ་རོལ་ལ་ཚུར་ངོས་སམ་ཚུར་ཕྱོགས་ཟེར་བ་ལྟར་སྟོད་རོལ་ནི་སྟོད་ལུང་གི་ཕྱོགས་ལ་གོ། ལུང༵་གསུ༵མ་ཞེས་པ་ནི། སྟོད་ལུང་དང་། འབྲི་ལུང་། སྐྱོར་མོ་ལུང་། (དེང་སྟོད་ལུང་བདེ་ཆེན་རྫོང་སྦྱར་རགས་ཤང་སྦྱར་རགས་གྲོང་ཚོའི་ནང་དུ་ཡོད་པའི་སྐྱོར་མོ་ལུང་དགོན་པའམ་སྦྱར་རགས་དགོན་པ་ཡོད་ས་དེ་ཡིན།)དང་གསུམ་གྱི་ས་དམིགས་ཀྱི་གནད་གསུམ་འཛིན་པའི་རྒྱུ་མཚན་གྱིས་དེ་ལྟར་ཟེར་བའོ། དེར་བརྟེན་འབྲི་ལུང་དགོན་གནས་འདི་མི་ལོ་སུམ་སྟོང་ཡར་སྔོན་ན་བོན་གྱི་འདུ་གནས་གལ་ཆེན་ཞིག་ཏུ་གྱུར་ཚུལ་དེ་ལྟར་དང་། བོན་གྱི་འདུལ་བསྟན་སྔ་དར་སྐབས་སུ་ཡང་། ལྷ་སའི་ཁུལ་འདིར་བོན་གྱི་གནས་སྡེ་མང་པོ་འཕེལ་བའི་ལོ་རྒྱུས་ཡོད་སྟབས་སྐབས་དེར་འདུལ་བའི་གནས་སྡེར་ཆགས་ཡོད་སྲིད། བོད་རྒྱལ་དིང་ཁྲི་བཙན་པོའི་སྐུ་སྨད་ཙམ་ནས་སེམས་ཅན་གྱི་ལས་དབང་དང་། དུས་ཀྱི་རྐྱེན་པས་བོན་གྱི་འདུལ་བསྟན་ནང་འཁྲུགས་བྱུང་སྟེ་མི་ལོ་གཅིག་སྟོང་བརྒྱད་བརྒྱ་ལྷག་ཙམ་གྱི་དུས་ཡུན་ལ་བོན་གྱི་སྔགས་སེམས་བསྟན་པ་ཁོ་ན་དར་བ་ལས་འདུལ་བསྟན་ནུབ་པར་གྱུར་ལ། བོད་རྒྱལ་རིམ་བྱོན་གྱིས་བོན་གྱི་འདུལ་བསྟན་བསྣུབས་པའི་ལོ་རྒྱུས་ཀྱང་མེད་ལ། བོན་གྱི་ལོ་རྒྱུས་ལྟར་ན། བོད་རྒྱལ་དིང་ཁྲི་བཙན་པོ་སྤྱི་ལོའི་སྔོན་༩༦༧་ལོར་འཁྲུངས་ལ། སྤྱི་ལོ་༨༨༨ལོར་མུ་ཟི་གསལ་བཟང་འགོག་པར་བཞེངས་ཏེ་བོན་གྱི་འདུལ་བསྟན་ཕྱི་དར་དབུ་ཚུགས་པའི་དུས་བར་མི་ལོ་༡༨༥༥རིང་ལ། སྟོད་ལུང་འབྲི་ལུང་དགོན་འདི་འདུལ་དགོན་གྱི་གནས་བབས་མེད་ཀྱང་སྤྱིའི་བོན་སྤྱོད་མོ་རྩིས་གཏོ་དཔྱད་སོགས་འཇིག་རྟེན་ཕན་བདེ་སྒྲུབ་པའི་གྲོང་གི་འདུར་བོན་དང་། ཁྱད་པར་དུ་བསྙེན་སྒྲུབ་ལས་གསུམ་ལ་བརྩོན་པའི་ཞྭ་དཀར་གསང་སྔགས་སྒྲུབ་པའི་སྡེ་སོགས་བཤོས་ཀྱི་ལྷ་བོན་དང་། ཚིག་དོན་མ་ལུས་པ་སྙན་ནས་སྙན་དུ་བརྒྱུད་པའི་ཞང་ཞུང་སྙན་བརྒྱུད་གཙོས་རྫོགས་ཆེན་གྱི་གདམས་པ་བཅས་ཡང་དག་པའི་སེམས་བོན་སྐོར་རྣམས་ཉམས་ལེན་དང་། སྒོམ་བསྒྲུབ་བྱེད་པའི་སྔགས་སེམས་ཀྱི་སྲོལ་དར་ལ། བོན་གཤེན་རྣམས་ཀྱིས་ཀྱང་དུས་རྒྱུན་སོ་སོས་བསྙེན་བསྒྲུབ་དང་ཉམས་ལེན་ལ་བརྩོན་ཞིང་། དུས་བཟང་ཚེས་བཟང་དང་། ལོ་ཟླའི་དུས་མཆོད། ཡུལ་སྡེའི་སྤྱི་རིམ་དང་དབང་ལུང་། བསྟན་འགྲོར་སྤྱི་ཕན་གྱི་སྒྲུབ་ཆེན་དང་འཆད་ཉན་སོགས་སྐབས་གཤེན་པོ་ཀུན་འདུ་འཛོམས་གནང་ནས་སོ་སོའི་གནས་ཁང་དང་སྒྲུབ་གནས་ལ་འཚོགས་སྲོལ་བྱུང་ཡོད་པ་ནི། དྲན་པའི་སྒྲ་འགྲེལ་ལས། “བོད་ཀྱི་རྒྱལ་ཁམས་སུ་བོན་མཐའ་རུ་མི་ནུབ་པའི་རྟགས་ལྔ་མཚན་མར་བཙུགས། བོན་གྱི་འདུ་གནས་སུམ་ཅུ་རྩ་བདུན་བཟུང་ནས་གཡུང་དྲུང་གི་བོན་ལ་སྤྱད་པས། གྲུབ་པ་མངོན་དུ་ཐོབ་པའི་གཤེན་དགུ། ཚེའི་དངོས་གྲུབ་དང་། རྫུ་འཕྲུལ་གྱི་ཞབས་དང་། མངོན་ཤེས་ཀྱི་རྩལ་དང་ལྡན་པའི་མཁས་པ་མི་དགུ། འཇིག་རྟེན་གྱི་ལྷ་འདྲེ་དབང་དུ་འདུས་པའི་མཐུ་བོ་ཆེ་མི་དགུ། གཤེན་བཀའ་བློན་སྦག་ཏུ་མཛད་པའི་བོན་ཆེན་བཞི་བཅུ་རྩ་གཉིས། གཞན་ཡང་གཤེན་ཕྲན་ལ་གྲངས་མེད་པ་རྣམས་ཀྱིས། བཤོས་ཀྱི་ལྷ་བོན་དང་། གྲོང་གི་འདུར་བོན། ཡང་དག་སེམས་བོན་དང་གསུམ་ལ་སྤྱོད་ཀྱིན་བོན་དར་བར་གྱུར་རོ།”⑧ ཞེས་སོ། མདོར་ན་འབྲི་ལུང་དགོན་གནས་འདི་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་དུས་བབས་ཀྱི་འགྱུར་ལྡོག་དང་བསྟན་པ་འཕེལ་འགྲིབ་འདྲ་མིན་ཅི་རིགས་ཤིག་བྱུང་ཡོད་ཀྱང་རྩ་བའི་ཆ་ནས་བོན་གྱི་ལོ་རྒྱུས་རང་བཞིན་ལྡན་པ་ད་བར་འབུར་དུ་ཐོན་པའམ་མིག་སྔར་རྣམ་པ་གསལ་པོ་ཞིག་གནས་ཐུབ་པ་དེ་མིའི་ནུས་པས་སྲུང་སྐྱོབ་བྱས་པ་ཞིག་མིན་ལ། དེ་ནི་བོན་གྱི་བསྟན་སྲུང་གཙོ་མོ་སྲིད་པ་རྒྱལ་མོའི་བྱིན་རླབས་ཀྱི་ནུས་མཐུ་ཁོ་ནས་ད་བར་གསོན་ཉམས་ཀྱི་ཚུལ་དུ་གནས་ཐུབ་པ་དེ་ནི་ཆེས་ངོ་མཚར་ལྡན་པའི་ལོ་རྒྱུས་ཀྱི་དཔང་རྟགས་དང་ལྷ་དང་སྲུང་མའི་ནུས་པ་ཡོད་མེད་ཐེ་ཚོམ་ཅན་གྱི་རིགས་ལ་དེ་བས་ཀྱང་བདེན་པ་ར་སྤྲོད་ཐུབ་པའི་དགོན་འདིའི་སྲུང་མ་སྲིད་པའི་རྒྱལ་མོས་མགོན་སྐྱོབས་དང་སྡོང་གྲོགས་མཛད་ནས་ད་བར་ཞང་སྟོན་གྲོང་ཚོའི་དད་ལྡན་མང་ཚོགས་དང་སྲུང་མ་འདི་གཉིས་བར་ཕན་ཚུན་གཅིག་བསྟེན་གཅིག་གྲོགས་ཀྱི་ཚུལ་དུ་ཁ་བྲལ་ཐབས་མེད་པའི་བརྩེ་སེམས་ཟབ་མོ་ཞིག་ལྡན་ཡོད། གང་ཡིན་ཞེ་ན། ཡུལ་འདི་སྔར་བོན་ཆོས་ལ་དད་མཁན་འབའ་ཞིག་ཡིན་ཀྱང་སྤྱི་ཚོགས་ཀྱི་འགྱུར་ལྡོག་ཅི་རིགས་ཀྱི་གནས་ཚུལ་འོག་ཕྱིས་སུ་གྲུབ་མཐའ་གཞན་ཞིག་གི་ངོ་བོ་གྱུར་ཡོད་ཀྱང་ད་བར་ཡུལ་འདིའི་དད་ལྡན་མང་ཚོགས་རྣམས་སྲིད་པ་རྒྱལ་མོར་བསྐང་གསོལ་འཕྲིན་བཅོལ་དང་བོན་ལ་སྐྱབས་སུ་འགྲོ་བའི་གོམས་གཤིས་དེ་ད་དུང་མུ་མཐུད་ལྷག་ཡོད་པ་དེ་ནི་ལོ་རྒྱུས་ཀྱི་བདེན་དཔང་ཞིག་རེད།
གཉིས་པ་འབྲི་ལུང་དགོན་ཕྱག་བཏབ་ཚུལ་སྐོར།
དགོན་གནས་འདི་ཆེས་གནའ་བོའི་དུས་ནས་བོན་གྱི་འདུ་གནས་“སྟོང་རོལ་ལུང་གསུམ་”གྱི་གནས་ཡིན་ཚུལ་དང་། བོད་ཀྱི་ཡུལ་ལྷ་གཞི་བདག་གི་གཙོ་བོ་རྗེའི་མགུར་ལྷ་བཅུ་གསུམ་གྱི་ཡ་གྱལ་སྟོད་ལྷ་ཟེ་ཟེའི་གནས་ཡུལ་ཁྱད་པར་ཅན་དང་། དེ་ནས་བོད་རྒྱལ་གཉའ་ཁྲི་ཡབ་སྲས་ཀྱི་དུས་ནས་བཟུང་། ཕྱིས་དུས་རབས་བཅུ་གཅིག་པར་བྲུ་རྗེ་གཡུང་དྲུང་བླ་མས་དབེན་ས་ཁ་ཕྱག་མ་བཏབ་བར་མི་ལོ་ཉིས་སྟོང་ཉིས་བརྒྱའི་དུས་ཡུན་རིང་ལ་དགོན་གནས་འདིར་གསང་སྔགས་སྒྲུབ་པའི་སྡེ། ཞྭ་དཀར་ལྕང་ལོ་ཅན་གྱིས་སྔགས་ཕྱོགས་ཀྱི་བསྒྲུབ་པ་ཉམས་ལེན་དང་། སེམས་ཕྱོགས་ཀྱི་སྒོམ་པའི་སྡེ་བཅས་འདུ་ཞིང་འཚོགས་ནས་སྔགས་དགོན་གྱི་ལམ་ལུགས་རྒྱུན་ཆད་མེད་པར་གནས་ཡོད་ལ། དེ་ནས་ཕྱིས་བོན་བསྟན་ཕྱི་དར་སྐབས་དགོན་གནས་འདི་སྔར་ཡོད་ཀྱི་སྔགས་དགོན་དེ་ཉིད་རྨང་གཞི་བྱས་ཏེ་ཞང་འབྲི་ལུང་པ་ཆེན་པོའམ་ཞང་སྟོན་དམ་པ་ཚུལ་ཤེས་ཀྱིས་དུས་རབས་བཅུ་གཉིས་པའི་དུས་མགོར་ཙམ་ལ་དགོན་འདིར་རྣམ་དག་འདུལ་བའི་སྡེ་གསར་དུ་བཙུག་ཏེ་སྔར་ཡོད་ཀྱི་སྔགས་དགོན་ལམ་ལུགས་དེ་རིམ་བཞིན་རབ་བྱུང་འདུལ་བའི་ལམ་ལུགས་སུ་བསྒྱུར་ཏེ་རྒྱལ་བ་བྲུ་ཡི་རིང་ལུགས་འཛིན་པའི་འདུལ་དགོན་གསར་པའི་ངོ་བོ་ཞིག་ཏུ་གྱུར་ཡོད། ཞང་དམ་པ་ཚུལ་ཤེས་ཀྱི་རྩ་བའི་བླ་མ་ནི་བྲུ་རྗེ་གཡུང་དྲུང་བླ་མ་ཡིན་ལ། བྲུ་རྗེ་ཁོང་ནི་སྤྱི་ལོ་༡༠༤༠་ལོར་འཁྲུངས། ཁོང་དགུང་ལོ་སོ་གཉིས་ཐོག་སྤྱི་ལོ་༡༠༧༦ལོར་བོན་གྱི་འདུས་སྡེ་ཆེན་མོ་གཡས་རུ་དབེན་ས་ཁ་ཕྱག་བཏབ་མཛད། དུས་རབས་བཅུ་གསུམ་པའི་ནང་བྲུ་རྒྱལ་བ་གཡུང་དྲུང་གིས་མཛད་པའི་རྟོགས་ལྡན་ཉམས་རྒྱུད་ཀྱི་རྣམ་ཐར་རིན་ཆེན་ཕྲེང་བའམ་ཨ་ཁྲིད་བླ་བརྒྱུད་ཀྱི་རྣམ་ཐར་ལས།“ཞང་དམ་པ་ཚུལ་ཤེས་ཆུང་ནས་བྲིས་ཀློག་ལ་མཁས་པར་སྦྱངས། དེ་ནས་ཡར་ཆེར་སྐྱེས་ཏེ་གཡས་རུ་དབེན་ས་ཁར་ཕྱིན་ཏེ། བྲུ་ཤ་རྗེ་བཙུན་ལ་སོགས་མཁས་པ་རྣམས་ཀྱི་ཞལ་འགྲིམ་ཞིང་ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་བཅད།” ⑨ཅེས་གསལབ་ལྟར་ཞང་དམ་པ་ཚུལ་ཤེས་དང་ཐོག་དབེན་ས་ཁར་ཕྱིན་ནས་བྲུ་ཤ་རྗེ་བཙུན་ནམ་བྲུ་རྗེ་གཡུང་དྲུང་བླ་མར་བླ་མ་བསྟེན་ཚུལ་གསལ་བ་དང་། དེ་རྗེས་དབུས་ཀྱི་མཁན་པོ་ཚུལ་ཁྲིམས་བླ་མ་དང་། ཁྱུང་སྒོམ་ཇོ་གཡུང་། སྐྱེ་མེད་ཇོ་གདུང་སོགས་བླ་མ་དུ་མར་བསྟེན་ནས་དབང་ལུང་མན་ངག་དང་། སྦྱོང་པ་ཉམས་ལེན་ཚུལ་བཞིན་མཛད་ལ། དེ་རྗེས་འབྲི་ལུང་དགོན་དུ་ཕེབས་ཏེ། རྟེན་ཚུལ་ཁྲིམས་རྣམ་དག་འདུལ་བའི་གཞི་འཛིན། སྒོམ་པ་བླ་མེད་རྫོགས་ཆེན་ཉམས་བརྒྱུད་ཀྱི་བཀའ་ཡི་སྙིང་པོ། མན་ངག་དགོངས་ཉམས་ཨ་ཁྲིད་བརྒྱུད་པའི་སྲོལ་བཙུགས་ཏེ་་རྟོགས་ལྡན་ཉམས་རྒྱུད་ཀྱི་བསྟན་པའི་གཞི་འཛིན་ནས་བླ་སློབ་བསམ་གྱིས་མི་ཁྱབ་པ་ལ་ཨ་ཁྲིད་སྒོམ་བསྒྲུབ་ཉམས་ལེན་གྱི་གདམས་པ་རིས་མེད་དུ་བཤད་ཁྲིད་རྒྱ་ཆེར་མཛད་ལ། སྐུ་ཚེའི་སྨད་ཙམ་ན་འབྲི་ལུང་དགོན་པར་རྒྱུན་བཞུགས་མཛད་ནས་བཀའ་རབ་འབྱམས་བོན་གྱི་འཁོར་ལོ་བསྐོར་ཞིང་ཕྱི་རབས་རྣམས་ལ་བསྟན་པ་རྗེས་བཞག་མཛད་དེ། བྲུ་རྒྱལ་བ་གཡུང་དྲུང་གིས་མཛད་པའི་ཨ་ཁྲིད་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་ལས།“སྟོད་ལུང་འབྲི་ལུང་དགོན་པའི་སྒྲུབ་གནས་སུ། ཞང་སྟོན་དམ་པ་ཚུལ་ཤེས་ལ་གསོལ་བ་འདེབས།”⑩ཞེས་ཨ་ཁྲིད་བླ་མ་བརྒྱུད་པའི་ནང་ནས་མཚན་སྙན་རླུང་ལྟར་འབར་ལ། དེ་བཞིན་ཨ་ཁྲིད་བླ་བརྒྱུད་ཀྱི་རྣམ་ཐར་ལས། “དེ་ནས་སྟོད་ལུང་གི་དགོན་པར་བཞུགས་ཏེ་ཕྱོགས་མཚམས་ཀྱི་བུ་སློབ་དད་པ་ཅན་རྣམས་ལ། བསླབ་པ་ཚུལ་ཁྲིམས་ཀྱི་སྡོམ་པ་དང་། གནས་ལུགས་ཐེག་ཆེན་གྱི་གདམས་པ་བསྟན་ཞིང་འགྲོ་དོན་རྒྱ་ཆེན་པོར་མཛད་དེ། ཕྱིས་ཞང་འབྲི་ལུང་པ་ཆེན་པོར་གྲགས་པ་ལགས་སོ།”ཞེས་དུས་དེ་ནས་བཟུང་ཞང་སྟོན་དམ་པ་ཚུལ་ཤེས་ཀྱི་གདན་སའི་བླ་རབས་རིམ་བྱུང་ལ་ཞང་སྟོན་གྱི་གདན་ས་པ་ཞེས་གྲགས་ནས་དུས་ད་ལྟ་ལའང་ཡུལ་དེ་ཞང་སྟོན་གྲོང་ཚོ་ཞེས་པའི་ཐ་སྙད་དེ་རང་སོར་དུ་གནས་ཡོད་པའོ། གསུམ་པ་ཞང་སྟོན་དམ་པ་ཚུལ་ཤེས་ཀྱི་མཛད་རྣམ་སྙིང་བསྡུས་སྐོར།
ཞང་སྟོན་དམ་པ་ཚུལ་ཤེས་ནི་བོན་བསྟན་ཕྱི་དར་སྐབས། མན་ངག་དགོངས་ཉམས་གཡས་རུའི་ཨ་ཁྲིད་ཉམས་བརྒྱུད་ཀྱི་སྲོལ་འབྱེད་པ་དགོངས་མཛད་རི་ཁྲོད་ཆེན་པོའི་སློབ་བརྒྱུད་གཡས་རུའི་རྟོགས་ལྡན་ཉམས་བརྒྱུད་ཀྱི་བླ་མ་སྐྱེས་མཆོག་དམ་པ་ཞིག་ཡིན་ལ། སྤྱིར་དམ་པ་ཁོང་གིས་ལམ་ལ་དཀའ་བ་སྤྱད་ཚུལ་དང་། ཉམས་དང་རྟོགས་པ་ཤར་ཚུལ། འགྲོ་དོན་མཛད་ཚུལ། མཛད་འཕྲིན་གྱི་ཡོན་ཏན་རྒྱས་པ་རྣམ་ཐར་དང་ལོ་རྒྱུས་གཞན་ནས་གསལ་ལ། འདིར་ཁོང་གི་མཛད་རྣམ་རགས་བསྡུས་ཤིག་ངོ་སྤྲོད་ཞུས་ན། སྤྱིར་དམ་པ་འདི་ཉིད་ལུང་ཟིན་གྱི་སྐྱེས་བུ་བསྟན་འགྲོའི་དཔལ་དུ་འགྲོ་དོན་བྱོན་པ་ཞིག་སྟེ། འགྲོ་མགོན་གྱི་འཕྲུལ་ལྡེ་ལས། “ཞང་ཞུང་གྱེར་ཆེན་སྤྲུལ་པ་ལས། ཞང་ཞུང་ཚུལ་ཁྲིམས་མིང་ཅན་འབྱུང་། ཚུལ་ཁྲིམས་དག་པར་འགྲོ་དོན་མཛད། དེ་རྗེས་སྐྱེ་བ་རྣམ་གཉིས་སུ། ཞང་ཞུང་ཡུལ་དུ་འགྲོ་དོན་མཛད། དེ་ནས་མངོན་པར་བྱང་ཆུབ་ཐོབ།” ཅེས་དང་། དབྱིལ་གྱི་ལྡེ་མིག་འབྲིང་པོ་ལས། “ཧྲིང་ནི་མུ་ཏིང་སྤྲུལ་པ་ལས། ཞང་ཞུང་ཚུལ་ཁྲིམས་མིང་ཅན་འབྱུང་། ལྟ་སྒོམ་དག་པས་འགྲོ་དོན་མཛད།”ཅེས་གསལ་བ་ལྟར། དམ་པ་དེ་ནི་ལྟ་བའི་རྒྱལ་པོ་རྫོགས་ཆེན་ཉམས་བརྒྱུད་ཀྱི་བླ་མ་དང་། སྒོམ་པའི་རྒྱལ་པོ་གསང་བ་སྔགས་ཀྱི་བདག་པོ། སྤྱོད་པའི་རྒྱལ་པོ་རྣམ་དག་འདུལ་བའི་སྲོག་ཤིང་འཛིན་པ་བྱང་སེམས་འཕགས་པའི་རྣམ་སྤྲུལ་འགྲོ་དོན་ལ་བྱོན་པའི་ལུང་ཟིན་གྱི་སྐྱེས་བུར་བསྔགས་སོ། ཞང་དམ་པ་ཚུལ་ཤེས་ཀྱི་རྣམ་ཐར་དངོས་ལ། ཁོང་འཁྲུངས་ཡུལ་ནི་སྟོད་ལུང་ནང་དང་། གདུང་རུས་ནི་ཞང་ཞུང་ཡིན་ཞིང་བརྒྱུད་པ་ནི་བོན་བརྒྱུད་ཟམ་མ་ཆད་པ་ཞིག་ཡིན་པས་མཚན་གྱི་རྣམ་གྲངས་ལ་འབྲི་ལུང་པ་ཆེན་པོའམ། ཞང་ཞུང་ཚུལ་ཁྲིམས་ཤེས་རབ། ཞང་སྟོན་དམ་པ་ཚུལ་ཤེས་ཞེས་འབོད་སྲོལ་འགའ་ཞིག་མཆིས། ཁོང་འཁྲུངས་དུས་ནི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཡོལ་ཙམ་ཕལ་ཆེར་བོད་མེ་ལུག་སྤྱི་ལོ་༡༠༦༧ལོར་སྐུ་འཁྲུངས། དེ་ཡང་སྔོན་སྦྱངས་སྟོབས་ཀྱིས་དགེ་བྱེད་ཀྱི་རྒྱུད་པར་འཁྲུངས་ལ། ཆུང་ནས་བྲིས་ཀློག་ལ་མཁས་པར་སྦྱངས། དེ་ནས་ཡར་ཆེར་སྐྱེས་ཏེ་གཡས་རུ་དབེན་ས་ཁར་ཕྱིན་ཏེ་བྲུ་རྗེ་གཡུང་དྲུང་བླ་མ་(སྤྱི་ལོ་༡༠༤༠འཁྲུངས།)ལ་སོགས་མཁས་པ་རྣམས་ཀྱི་ཞལ་འགྲིམ་ཞིང་ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་བཅད། དེ་དུས་བྲུ་རྗེ་གཡུང་དྲུང་བླ་མ་ལ་དབང་ཞིག་ཞུས་པས། དབང་བསྐུར་བ་དང་ཉི་མ་ཤར་བ་དུས་མཉམ་བྱུང་སྟེ། བླ་མའི་ཞལ་ནས་དེ་རིང་རྟེན་འབྲེལ་ལེགས་པར་བྱུང་གསུངས་པས། ཕྱིས་ཁྲོ་བོའི་བསྙེན་སྒྲུབ་མཐར་ཕྱིན་ལ། རིག་པ་ལ་རང་དབང་ཐོབ་པ་ཞིག་ཡོང་གསུངས། དེ་ནས་དབུས་ཀྱི་མཁན་པོ་བ་ཝང་པ་ཚུལ་ཁྲིམས་བླ་མ་ལས། དག་པ་དྲོང་སྲོང་གི་ཁྲིམས་རྫོགས་པར་ཞུས་པས་ཚུལ་མིང་ལ་ཚུལ་ཁྲིམས་ཤེས་རབ་ཏུ་བཏགས། དེ་ནས་ཉིས་བརྒྱ་ལྔ་བཅུའི་ཁྲིམས་ལ་ཉེས་ལྟུང་དང་དྲི་མ་མེད་པར་བསྲུངས། དེ་ནས་སྔོན་སྦྱངས་སྨོན་ལམ་སྟོབས་ཀྱིས། གྲུབ་ཐོབ་ཁྱུང་སྒོམ་ཇོ་གཡུང་གིས། “ནམ་མཁའི་བྱ་ལ་སྒོམ་ཐེབས་”ཟེར་བའི་མཚན་སྙན་ཐོས་པས་དེའི་དྲུང་དུ་ཕྱིན་ཏེ་གནས་ལུགས་ཐེག་པ་ཆེན་པོའི་ངོ་སྤྲོད་ཀྱི་གདམས་པ་ཞུས་ཏེ་འབྲལ་མེད་རྒྱུན་དུ་བསྒོམ་པས། ཉམས་དང་རྟོགས་པ་ལྡན་པར་མཛད་དོ། དེ་ནས་སྐྱེ་མེད་ཇོ་གདུང་གི་དྲུང་དུ་ཐེག་ཆེན་གྱི་བོན་སྐོར་དང་། ཁྱད་པར་དུ་གེགས་སེལ་ཁ་འཐོར་གྱི་སྐོར་རྣམས་ཞུས་ཏེ་དགེ་སྦྱོར་གྱི་གེགས་དང་བཅོས་ཐབས་ལ་མཁས་པར་གྲགས། དེ་ལྟར་གྲུབ་ཐུབ་བླ་མ་རྣམས་ལ་བཏུགས་ནས་ལྟ་སྒོམ་གྱི་གདེང་ཐོབ་པར་མཛད་ཅིང་རྩེ་གཅིག་ཡེངས་མེད་ཉམས་སུ་བླང་པས་མཐར་ཐུག་ཉམས་རྟོགས་མངོན་དུ་གྱུར་ཞིང་། མཐའ་བྲལ་ནམ་མཁའ་ལྟ་བུའི་བདག་པོར་གྱུར་པ་ལགས་སོ། གཞན་ཡང་ཉམས་མྱོང་རྟོགས་པའི་ཡོན་ཏན། གྲུབ་རྟགས་དང་ཐུགས་ཤེས་ལ་སོགས་ཡོན་ཏན་ཁྱད་འཕགས་ཅན་དུ་མ་མངའ་བ་ལགས་སོ། གཞན་ཡང་ཁོང་གིས་མཛད་པའི་བཀའ་བརྟེན་ལ་ཡང་། བླ་མ་གྲུབ་ཐོབ་རྣམས་ཀྱི་ཞལ་གདམས། དགོངས་ཉམས་མན་ངག་དུ་མའི་དཀའ་གནད། དགེ་སྦྱོར་གྱི་གེགས་སེལ་གཞུང་བཞི། ནད་དང་དགེ་སྦྱོར་གཉིས་ཀའི་གེགས་སེལ་རིན་པོ་ཆེ་རྒྱ་མདུད་དང་། རླུང་བདུན་ཅུ་པ། བསམ་གཏན་གྱི་འཕྲང་བདུན། གཞན་ཡང་ཁ་འཐོར་གྱི་གདམས་པ་ཉེར་གཅིག་ལ་སོགས་གཞུང་དུ་མར་མཛད་དོ། དེ་ནས་དུས་རྒྱུན་སྟོང་ལུང་འབྲི་ལུང་དགོན་པར་བཞུགས་ཏེ་ཕྱོགས་མཚམས་ཀྱི་བུ་སློབ་དད་པ་ཅན་རྣམས་ལ། བསླབ་པ་ཚུལ་ཁྲིམས་ཀྱི་སྡོམ་པ་དང་། གནས་ལུགས་ཐེག་ཆེན་གྱི་གདམས་པ་བསྟན་ཞིང་འགྲོ་དོན་རྒྱ་ཆེན་པོར་མཛད་པས། ཕྱིས་ཞང་འབྲི་ལུང་ཆེན་པོར་གྲགས། དེ་ལྟར་བླ་མ་དེ་ལྟ་སྒོམ་ཉམས་ཀྱི་ཡོན་ཏན། མཁྱེན་བརྩེའི་ཐུགས་རྗེ། མཛད་པའི་འཕྲིན་ལས། ཆེ་བའི་ཡོན་ཏན་དུ་མ་ཞིག་མངའ་བས་འགྲོ་བ་སྨིན་གྲོལ་གྱི་ལམ་ལ་བཀོད་པར་མཛད་དོ། ཐ་མ་སྐུ་ཚེ་ཡང་མཐར་ཕྱིན་ཏེ་དགུང་ལོ་མང་བར་བཞུགས་ལ། ཕྱིས་མི་རྟག་མྱ་ངན་འདས་ཚུལ་བསྟན་ནས་གྲུབ་པའི་རྟགས་ཀྱང་གཞའ་འོད་དང་། བྱོན་པ་རིང་བསྲེལ་ལ་སོགས་མང་པོར་བྱོན་ཞིང་ཕྱི་རབས་མོས་པའི་རྟེན་དུ་བཞུགས་སོ། རྗེས་འཇུག་བུ་སློབ་ཀྱང་ཕྱོགས་མཚམས་ཀུན་མཁས་བཙུན་དང་། རྟོགས་ལྡན་གྲུབ་ཐོབ་སྐྱེས་བུ་དམ་པ་མང་དུ་བྱུང་ཡང་། དེ་དག་ཀུན་གྱི་ནང་ནས་ཁྱད་དུ་འཕགས་པ། ལྟ་སྒོམ་ཉམས་རྟོགས་ཀྱི་བཀའ་བབས་ཤིང་། གདམས་ངག་རིན་པོ་ཆེའི་བདག་ཉིད་དུ་གྱུར་པ་ནི་འགྲོ་བའི་མགོན་པོ་གཡོར་པོ་མེ་དཔལ་(སྤྱི་ལོ་༡༡༣༤་ལོར་འཁྲུངས།) ལ་སོགས་ཡིན་ཞེས་ཁོང་གི་རྣམ་ཐར་ལས་གསལ་བའོ།
བཞི་པ་འབྲི་ལུང་དགོན་འདི་སོག་པོའི་དམག་གིས་གཏོར་ཚུལ་སྐོར།
ལོ་རྒྱུས་ཐོག་སོག་པོའི་བདུད་དམག་གདུག་རྩུབ་ཅན་གྱིས་བོད་ལ་གཏོར་བཅོམ་འཕྲོག་གསུམ་དང་། བསད་རྨས་བསྲེགས་གསུམ་གྱི་བྱ་ངན་ཐེངས་གཉིས་ཙམ་སྤེལ་ཡོད་དེ། སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་ལས། “འཁོར་བ་གཏིང་ནག་སྤྲུལ་པ་ནི། ཇིང་གིན་﹙གིར﹚རྒྱལ་པོ་བྱ་བ་འབྱུང་། འབུམ་ཚོ་གསུམ་གིས་དེད་དཔོན་བྱེད།…….ཧ་ལ་གདོང་བརྒྱད་སྤྲུལ་པ་ནི། དོར་ཏོ་﹙ཏ﹚ནག་པོ་བྱ་བ་འབྱུང།”ཞེས་ལུང་གིས་ཟིན་པ་ལྟར། ཐེངས་དང་པོ་དེ་དུས་རབས་བཅུ་གསུམ་པའི་ནང་ཡོན་རྒྱལ་རབས་ཀྱི་གོ་དན་རྒྱལ་པོས་ས་སྐྱ་པའི་གྲུབ་མཐའི་རྒྱབ་སྐྱོར་ལ་དམིགས་ཏེ་དམག་དཔོན་དོར་ཏ་ནག་པོའི་སོག་དམག་བོད་ལ་བཏང་ནས་གཏོར་བཅོམ་བསད་རྨས་ཀྱི་ལས་འགུལ་བཟོས་ཏེ། མཁས་དབང་དུང་དཀར་གྱིས་མཛད་པའི་དེབ་ཐེར་དམར་པོའི་མཆན་འགྲེལ་﹙༢༡༠﹚ནང་འཁོད་དང་། ཁོང་གི་ཚིག་མཛོད་ཆེན་མོ་ལས།“༡༢༤༠ལོར་གོ་དན་རྒྱལ་པོས་དམག་དཔོན་དོར་ཏ་ནས་སྣེ་ཁྲིད་པའི་སོག་དམག་བོད་དུ་བཏང་ནས། མདོ་སྟོད། མདོ་སྨད། སོག་ཆུ་ཁ་བཅས་བོད་མི་མཐོང་ཚད་གསོད་པ་དང་། ཁང་པ་མེར་བསྲེགས། རྒྱུ་དངོས་འཕྲོག་བཅོམ་བཅས་ཀྱི་དམག་ཇུས་ལག་བསྟར་བྱས་ཏེ་རིམ་བཞིན་འཕན་པོར་འབྱོར་ནས་རྒྱལ་ལྷ་ཁང་མེར་བསྲེགས། རྭ་སྒྲེང་གཙུག་ལག་ཁང་ལ་ཡང་གནོད་སྐྱོན་ཆེན་པོ་བཏང་། སྟག་ལུང་དགོན་པ་རྨུགས་པས་པསྒྲིབས་ནས་མ་མཐོང་། གྲྭ་པ་རབ་བྱུང་ལྔ་བརྒྱ་ཙམ་བསད།”⑾ཅེས་འཁོད་པའི་ནང་། ‘སོག་ཆུ་ཁ།’ཞེས་པ་དེ་སོག་གཡུང་དྲུང་གླིང་ཆགས་སར་ངོས་འཛིན་ཏེ་དགོན་དེ་སོག་ཆུ་དང་ཆམ་ཆུ་གཉིས་ཀྱི་འདུས་མདོའི་ཁ་ལ་ཆགས་ཡོད་པའི་གནད་ཀྱིས་དེ་ལྟར་ངོས་འཛིན་པ་ལྟར་བྱས་ན་དགོན་དེ་སོག་པོ་དོར་ཏ་ནག་པོས་གཏོར་བ་ངེས་ལ། དེ་ཙམ་མ་ཚད། ཁྱུང་རབས་རྣམ་དག་ཤེལ་ཕྲེང་ལས་བཤད་པ་ལྟར་བྱས་ན། ཐོག་མར་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གནམ་མཚོའི་དོ་ལ་སྒྲུབ་པ་བཞུགས་སྐབས་མཚོ་ལ་གནས་པའི་ཀླུ་སྲིན་གྱིས་འཕྲག་དོག་བྱས་ཏེ་སྒྲུབ་ཕུག་བྲག་སྒོ་ཆུ་ཡིས་བཀག དེ་ཚེ་སྟོང་རྒྱུང་གིས་ཕྱག་ཆ་ཕུར་པ་འཕང་ནས་ཀླུ་སྲིན་ལ་བརྒྱབ་སྟེ་བསྒྲལ། དེ་འཆི་ཁ་ལ་ངས་ཁྱོད་སྲོག་ལན་ཐེངས་གསུམ་རྙོགས་ཟེར་ནས་དམོད་ངན་བོར་ནས་ཤི དེའི་རྒྱུ་འབྲས་དང་འབྲེལ་བར། དཔོན་དགེ་དང་དཔོན་དབུས་གཉིས་སྟོང་རྒྱུང་གི་སྤྲུལ་པ་དང་། དོར་ཏ་ནག་པོ་སྔོན་ཀླུ་སྲིན་གྱི་སྤྲུལ་པ་ཡིན་པ་བརྟེན། དོར་ཏས་བླ་མ་གཉིས་བཀྲོངས་ཚུལ་ནི། ཁྱུང་རབས་ལས།“སྟོང་རྒྱུང་རྒྱ་གར་ཡུལ་དུ་འདས། སྤྲུལ་པ་བོད་ཡུལ་སྐུ་གཉིས་འཁྲུངས། ཁྱུང་དཔོན་དགེ་དང་དཔོན་དབུས་གཉིས་ཡིན་ཞེས་གྲགས། ﹙དབྱིལ་གྱི་ལྡེ་མིག་འབྲིང་པོ་ལས། ཁྱུང་པོ་དགེ་བའི་མཚན་ཅན་འབྱུང་། །སྟོང་རྒྱུང་མཐུ་ཆེན་སྤྲུལ་པ་ཡིན། ཞེས་གསལ།﹚ཀླུ་སྲིན་རྣམས་ཀྱི་རྣམ་ཤེས་ནི། ཧོར་གྱི་མི་ཆེན་དོར་ལྟོ་﹙ཏ﹚དང་། ཡེ་སྟོར་དམག་སྡེ་དཔུང་བཅས་སྐྱེ། དེ་ལྟར་སྔོན་གྱི་ལན་ཆགས་བསྙེགས།……མཚོན་གྱིས་དབུ་བཅད་མ་ཆོད་པས། ཁོང་གཉིས་ཐུགས་ཞི་དྲག་གི་ངང་དུ་བཞུགས་ཡོད་པ་ལ། དཔོན་དགེས་ན་རེ། ཕྱག་གི་སྲིན་མཛུབ་ལ་ཁྲག་བཏོན། ཁྲག་མཆོད་ནམ་མཁར་གཏོར་ནས་སུ། གཡུང་དྲུང་བོན་གྱི་བསྟན་བསྣུབས་ལ། སྲིད་པ་རྒྱལ་མོས་ར་མདའ་བཟློག ཅེས་གསུངས། དཔོན་དབུས་ན་རེ། དེ་རིང་ཐུགས་བསྐྱེད་མ་ལོག་ཐུགས་ཉིད་ཞི་བ་མཛོད། འདི་སྔོན་གྱི་སྲོག་གི་ལན་ཆགས་ཡིན་འདུག་པས། དགོངས་པ་ལྷོད་ལ་ལུས་སྦྱིན་པ་ཐོངས་ཤིག་གསུངས་ནས། དབུ་ཞྭ་གཉིས་ཕྱག་གཉིས་ཀྱིས་ཕུད་ནས་ཐང་དུ་བཞག དགོངས་པ་ལྷོད་ནས་བཞུགས་ཏེ། དེ་ནས་དབུ་ཆོད་དོ།……དེ་ནས་ཁྱུང་རིན་པོ་ཆེ་ཤེས་རབ་རྒྱལ་མཚན་གྱིས། མདོ་བ་རྟ་རྗེ་ལྡིང་ཁྱུང་ཆིབས། མདོ་སྨད་ཕྱོགས་སུ་བྱོན་ནས་སུ། ཞབས་ཀྱི་བཅག་པའི་ས་མལ་དུ། མེ་ཏོག་རེ་རེ་འཁྲུངས་སུ་བྱུང་། དེ་རྗེས་ཧོར་དམག་བྱུང་བ་ལ། འོ་བརྒྱད་ལུག་རྫིས་མཐོང་ནས་སུ། སྲིད་རྒྱལ་དབུ་བརྒྱ་ཕྱག་སྟོང་མ། ནམ་མཁར་གང་བའི་སྤྲུལ་པ་ཆགས། དེ་རྗེས་ཤེས་རབ་རྒྱལ་མཚན་གྱིས། ཁྱུང་དཔོན་དབུས་དཔོན་དགེ་ཧོར་གྱིས་བཀྲོངས། ཁྱུང་པོ་ཨ་བླ་ཧོར་གྱིས་ཁྱེར། གཡུང་དྲུང་བོན་གྱི་བསྟན་པ་བསྣུབས། སྲིད་པ་རྒྱལ་མོས་ར་མདའ་བཟློག གསུངས་པས་ལུག་རྫི་ཡང་སྐྲག་ནས་དེ་བཞིན་བཟླས། རྡོ་སེར་བྱ་སྒོང་ཙམ་རེ་དང་། ཐོག་རྒོད་ཆར་བཞིན་ཕབ་ཏུ་བྱུང་། ཧོར་དམག་མི་རྟ་ཐམས་ཅད་ནི། གཅིག་ཀྱང་མ་ལུས་བསད་ནས་བརླག ﹙འདིའི་སྐོར་གཏམ་རྒྱུད་བཤད་སྲོལ་དུ་མ་ཡོད་ཀྱང་། ཡོངས་གྲགས་སོག་དམག་གིས་སོག་གཡུང་དྲུང་གླིང་སོགས་གཏོར་དུས་སྲིད་རྒྱལ་གྱི་ར་མདས་རྡོ་ཡི་སེར་བ་ཕབས་ནས་སོག་དམག་གཏོར་ས་དེ་དེང་ཁྱུང་པོ་སྟེང་ཆེན་རྫོང་ཁོངས་ཆུ་གཉིས་ལ་ཟེར་སར་གཏོར་བས། ཆུ་གཉིས་ལའི་མེ་རྡོ་ཤེལ་དཀར་ཟེར་བ་དེ་རྡོ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཡོད་པ་དེ་ཡིན་པར་གྲགས།﹚ཁྱུང་པོ་སྐུ་མཆེད་སྐུ་གདུང་གཉིས། འོ་བརྒྱད་ཡུལ་གྱི་མི་སྡེ་ཡིས། ལུག་རིལ་ནང་དུ་ལྷན་བཞུས་པས། ཞག་དང་ཟླ་བ་མང་པོ་ལ། མེ་ཏོག་ཆར་བབ་གཞའ་ཚོན་ཟུག ཤ་རྐྱང་འབྲོང་རྒོས་བསྐོར་བ་བྱས། མི་མ་ཡིན་གྱི་མཆོད་པ་ཕུལ། ཕྱིས་སུ་འོ་བརྒྱད་ཡུལ་སྡེ་ཡིས། གདུང་ཐལ་སློག་པས་རྟེན་གསུམ་ལ། ཞལ་གཅིག་ཕྱག་གཉིས་ཞི་ཁྲོ་ནི། རྒྱབ་སྤྲོད་﹙གྲགས་ཅན་གྱི་རྟེན་ཞི་ཁྲོ་རྒྱབ་སྤྲོད་ཟེར་བ་དེ་བླ་མ་རྣམ་གཉིས་སོག་དམག་གིས་བཀྲོངས་ཁ་ལ་གཅིག་ཐུགས་ཞི་བ་དང་། གཅིག་ཐུགས་དྲག་པོར་བཞུགས་ཤིང་སྐུ་གདུང་གཉིས་མཉམ་དུ་ཞུགས་འབུལ་བྱས་རྗེས་རྟེན་ཞི་ཁྲོ་རྒྱབ་སྤྲོད་བྱུང་ཟེར།﹚སྟོང་རྒྱུང་ཞི་དྲག་པོ། རི་རྩེར་སྐུ་འབུམ་བཞེངས་པ་ཡང་། འོ་བརྒྱད་ཀྱིས་བཞེངས་བྱིན་ཆེ་གྲགས།”⑿ཞེས་གསལ་བ་ལྟར་ན་ཁྱུང་པོ་དཔོན་དགེ་དང་དཔོན་དབུས་གཉིས་ནི་སོག་གཡུང་དྲུང་གླིང་གི་མཁན་རབས་གཙོ་གྲས་ཡིན་པ་དང་། དེ་དོར་ཏའི་དམག་གིས་བཀྲོངས་པའི་ལོ་རྒྱུས་ལ་གཞིགས་ན་བླ་མ་རྣམ་གཉིས་དང་དགོན་པ་དེ་གཏོར་དུས་དུས་རབས་བཅུ་གསུམ་པའི་ནང་ཡིན་པ་ཤེས་ཐུབ་པའོ།
དེ་བཞིན་སོག་དམག་ཐེངས་གཉིས་པ་དེ་དུས་རབས་བཅོ་བརྒྱད་པའི་ནང་སོག་པོ་ཇུན་གར་ཚེ་དབང་རབ་བརྟན་གྱིས་༡༧༡༦ལོར་སོག་དམག་དྲུག་སྟོང་ཙམ་ཞིག་བོད་དུ་བཏང་། རི་བོ་དགེ་ལྡན་པའི་གྲུབ་མཐའི་རྒྱབ་སྐྱོར་ལ་དམིགས་ཏེ་སྤྱི་ལོ་༡༧༡༧ལོར་སོག་དམག་ལྷ་སར་འབྱོར་ཏེ་སྐབས་དེའི་བོད་ཀྱི་སྲིད་སྐྱོང་ལྷ་བཟང་བཀྲོངས། དེའི་ཕྱི་ལོ་ནས་བཟུང་ཇུན་གར་བའི་དཔོན་དམག་རྣམས་ཀྱིས་བོད་དབུས་གཙང་ཁུལ་ནས་རིམ་བཞིན་བོད་ཡུལ་ས་ཆ་གང་སའི་ཪྙིང་མའི་དགོན་པ་དང་། བོན་པོའི་དགོན་པ། བཀའ་རྒྱུད་ཀྱི་དགོན་པ་ཁག་ལ་ཧ་ཅང་གི་སྡང་ཟུག་ཆེན་པོའི་གཏོར་བཅོམ་འཕྲོག་གསུམ་གྱིས་གཏོར་བཤིག་ཚབས་ཆེན་བཏང་ནས་རང་སྣང་གང་དྲན་གྱི་ལོ་གསུམ་རིང་བོད་ཡུལ་དུ་ཁྲག་དྲི་བྲོ་བ་ཞིག་བཟོས་ཡོད།
ཁྱད་པར་དུ་ཁམས་ཁུལ་གྱི་བོད་མི་རྣམས་ཀྱི་སེམས་ནང་དུས་ནམ་ཡང་བསུབ་ཏུ་དཀའ་བའི་ཁྲག་གི་རི་མོ་ཞིག་བྲིས་ཡོད་པའི་གནད་ཀྱིས་དུས་རྒྱུན་མི་རྣམས་ཁོང་འཁྲོ་ཟ་བའི་སྐབས་སུ་“དགྲ་ནག་པོ་སོག་པོ་སྟག་ཁྲིད་ཅན་གྱི་ལག་ཏུ་ཕོགས”ཟེར་བའི་ཐ་ཚིག་གི་དམོད་མོ་དེ་ད་བར་གནས་ཡོད། བོན་དགོན་དུ་མ་ཞིག་སོག་པོའི་དམག་གིས་གཏོར་ཚུལ་བཤད་རྒྱུན་དང་ལོ་རྒྱུས་གཉིས་མཐུན་ཡང་། ལ་ལས་སོག་པོ་དོར་ཏ་ནག་པོས་གཏོར་ཚུལ་དང་། ལ་ལས་ཇུན་གར་བའི་དམག་གིས་གཏོར་ཟེར་བ་གཉིས་ཅུང་མི་མཐུན་ལ་དེ་གཉིས་བར་ལོ་རབས་ཀྱི་ཁྱད་པར་ལོ་བཞི་བརྒྱ་བརྒྱད་ཅུ་ཙམ་གྱི་ཁྱད་ཆེ་བས་གནད་དོན་འདི་ལོ་རྒྱུས་མང་པོ་ཞིག་ལ་འབྲེལ་བ་ངེས་ཅན་ཡོད་པའི་ཆ་ནས་དཔྱད་པ་ནན་པོ་ཞིག་བྱེད་དགོས་པ་གལ་ཆེ། ཁོ་བོའི་ལྟ་ཚུལ་བྱས་ན། ལྷ་སའི་སྟོད་ལུང་འབྲི་ལུང་དགོན་(གཏོར་ཤུལ་དེང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་ཞང་སྟོན་གྲོང་ཚོའི་ལུང་པའི་ནང་དུ་ཡོད།)དང་། བོན་སྟོད་གླང་མ་ལུང་གི་བོན་གྱི་དགོན་ཆེན།(གཏོར་ཤུལ་དེང་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་བོན་ཐ་ཤང་ནང་ཡོད།)ཧོར་ཡུལ་བོན་གྱི་དགོན་ཆེན་སོག་གཡུང་དྲུང་གླིང་།⑿(གཏོར་ཤུལ་དེང་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་རྫ་སྲིབ་གྲོང་བརྡལ་ནང་ཆམ་མདའ་ཟེར་སར་ཡོད།)བཅས་བོན་གྱི་དགོན་ཆེན་ཁག་ཐོག་མར་ཆགས་དུས་དང་། བར་དུ་གནས་དུས། ཐ་མར་གཏོར་དུས་སོགས་དུས་ཚོད་ཕལ་ཆེར་འདྲ་མཚུངས་ཤིག་རེད་སྙམ། གང་ཡིན་ཞེ་ན། སྟོད་ལུང་འབྲི་ལུང་དགོན་པ་ནི་ཞང་སྟོན་དམ་པ་ཚུལ་ཤེས་ཀྱིས་སྔར་ཡོད་ཀྱི་སྔགས་དགོན་དེ་ཉིད་རྨང་གཞི་བྱས་ཏེ་
དུས་རབས་བཅུ་གཉིས་པའི་དུས་མགོར་ཙམ་ལ་དགོན་འདི་རྣམ་དག་འདུལ་བའི་དགོན་སྡེ་གསར་དུ་བཙུགས་ལ། སོག་གཡུང་དྲུང་གླིང་དང་། བོན་སྟོད་གླང་མ་ལུང་གཉིས་ནི། དཔལ་ཚུལ་བསྟན་འབྱུང་ལས། “དགོན་འདི་དང་པོ་ནམ་ཆགས་མ་ཤེས་ཀྱང་རབ་བྱུང་གསུམ་པའི་ནང་དུ་ངེས་པར་ཡོད།”ཅེས་པའི་རབ་བྱུང་གསུམ་པ་ནི་དུས་རབས་བཅུ་གཉིས་པའི་ནང་ཡིན་ལ། བོན་བསྟན་ཕྱི་དར་སྐབས་བོན་གྱི་འདུལ་དགོན་ཆགས་སྔ་ཤོས་ནི་འདུས་སྡེ་ཆེན་མོ་གཡས་རུ་དབེན་ས་ཁ་དུས་རབས་བཅུ་གཅིག་པའི་ནང་ཆགས་ལ། སོག་གཡུང་དྲུང་གླིང་སོགས་དེ་ཚུན་ཆད་ཆགས་དགོས་པ་དངོས་ཡོད་གནས་ཚུལ་རེད། ཧོར་གྱི་རྒྱལ་རབས་ཉི་ཟེར་དྲ་བ་ལས་འཁོད་པ་ལྟར་བྱས་ན། ཐོག་མར་ཧོར་གྱི་འཐོར་བ་སྐྱ་བདུན་བྱ་བ་གཙང་ས་སྐྱ་ལ་གཏེར་ལེན་ཟེར་བ་ལ་གསེར་ལེན་ཞེས་པ་གོ་ནས་སོག་ཡུལ་ནས་རིམ་བཞིན་ཡོང་སྟེ་མཐར་སོག་ན་ར་གྲུ་ཁུག་﹙དེང་སོག་གྲུ་ཁུག་ཟེར།﹚འབྱོར། དེ་ནས་མར་ཡོང་སོག་གཡུང་དྲུང་གླིང་ལ་འབྱོར་དུས། དགོན་པ་དེ་ཁྲིམས་བཙན་པོ་ཡོད་སྐད་ཁོང་ཚོས་དགོན་པའི་ཁྲིམས་དང་ལེན་མ་བྱས་ཏེ་ཁོ་ཚོས་དགོན་པར་འཁྲུགས་རྩོད་བསླང་ནས་མཐར་ཁོ་ཚོ་རྒྱལ་ནས་སོག་གཡུང་དྲུང་གླིང་གི་མར་ཁར་ལྷ་རྩེ་རྫོང་རྒྱབ་པའི་གནས་ཚུལ་ལ་གཞིགས་ན། འཐོར་བ་སྐྱ་བདུན་བྱ་བ་གཙང་ས་སྐྱ་ལ་འགྲོ་བའི་དུས་དེ་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ས་སྐྱ་འགྲོ་མགོན་འཕགས་པས་བོད་ཀྱི་སྲིད་དབང་འཛིན་པའི་སྐབས་ཡིན་ལ། དེ་དུས་སོག་གཡུང་དྲུང་གླིང་དགོན་པའི་གནས་ཚུལ་ཟུར་ཙམ་ཤེས་རྟོགས་བྱེད་ཐུབ་ལ། སོག་པོ་དོར་ཏ་ནག་པོའི་སྐབས་སུ་གཏོར་བཤིག་བཏང་བར་སེམས། དབྱིལ་གྱི་ལྡེ་མིག་འབྲིང་པོ་ལས། །ཁྱུང་པོ་དགེ་བའི་མཚན་ཅན་འབྱུང་། །སྟོང་རྒྱུང་མཐུ་ཆེན་སྤྲུལ་པ་ཡིན། །གཡུང་དྲུང་བོན་གྱི་བསྟན་པ་རྒྱས། །དེ་ཡི་བརྒྱུད་པ་འཛིན་པ་གཅིག །ཁྱུང་པོ་གྲགས་པའི་མཚན་ཅན་འབྱུང་། །དེས་ཀྱང་བསྟན་པ་སྤེལ་བ་བྱེད།དགོན་ཆུང་གྲངས་མེད་བཅས་རྩ་གཏོར་བཏང་སྟེ་ཕྱིས་སྐྱར་གསོ་མི་ཆོག་པའི་ཆབ་སྲིད་ཀྱིས་རྒྱས་བཏབ། དེ་ནས་བཟུང་བོན་དགོན་དེ་དག་གཅིག་ནི་སྐྱར་གསོ་མི་ཆོག་པའི་ཆབ་སྲིད་ཀྱི་རྒྱབ་ལྗོངས་དང་།གཉིས་ནི་དུས་ཀྱི་འགྱུར་ལྡོག་ནི་སུས་ཀྱང་བཟློག་ཐབས་མེད་པ་ཞིག་ཡིན་པར་བརྟེན་དུས་སྐབས་དེར་བོན་པོ་ལ་བརྡུང་བརྡེག་ཕོགས་བཞིན་པས་བོན་བསྟན་དེ་ལོ་རེ་བཞིན་ཉམས་དམས་སུ་འགྲོ་བའི་སྐབས་དང་། གསུམ་ནི་འདུས་བྱས་ཀྱི་གཤིས་ལུགས་གསར་པས་རྙིང་པ་ཟིལ་གྱིས་གནོན་པ་ནི་སྤྱི་ལུགས་སུ་གྱུར་སྟབས་སྐབས་དེར་གསར་མ་རི་བོ་དགེ་ལྡན་པའི་བསྟན་པ་དེ་སོག་པོའི་རྒྱབ་སྐྱོར་ལ་བརྟེན་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་སུ་འགྲོ་བཞིན་པ་དང། སྤྱིར་བོན་པོ་དང་།རྙིང་མ།བཀའ་རྒྱུད་བཅས་ཀྱི་བསྟན་དགྲ་སོག་པོ་ཇུན་གར་བའི་དམག་གིས་འབྲི་ལུང་དགོན་དེ་སྤྱི་ལོ་༡༧༡༨ལོར་གཏོར་བ་ནས་བཟུང་ད་བར་མི་ལོ་ཉིས་བརྒྱ་དགུ་བཅུ་ཙམ་གྱི་་དུས་ཡུན་ཞིག་རེད་སྙམ། དུས་ཡུན་དེའི་རིང་ལ།དུས་རབས་དང་།སྤྱི་ཚོགས་ཆོས་ལུགས་སོགས་ཀྱི་ངོ་བོ་དུ་མར་འགྱུར་བས།ས་གནས་འདིའི་མིང་ལའང་དེ་བཞིན་འགྱུར་བ་དུ་མ་སོང་ཡོད་དེ་ཐོག་མར་གནས་འདིའི་མིང་ལ། བོན་གྱི་འདུ་གནས་སྟོད་རོལ་ལུང་གསུམ་ཟེར་ལ། བར་དུ་སྟོད་ལུང་འབྲི་ལུང་དགོན་ཟེར། དེང་ས་གནས་འདི་ཞང་སྟོན་ལུང་ངམ་ཞང་སྟོན་གྲོང་ཚོ་ཟེར། ཞང་སྟོན་ཟེར་དོན་ནི་ལོ་རྒྱུས་ཐོག་འབྲི་ལུང་དགོན་པའི་དགོན་བདག་ཞང་ཞུང་སྟོན་པ་ཚུལ་ཁྲིམས་ཤེས་རབ་བམ་ཞང་སྟོན་དམ་པ་ཚུལ་ཤེས་ཀྱི་གདན་ས་ཡིན་པའི་གནད་ཀྱིས་སོ། ས་གནས་འདིར་སྔར་སྲོལ་ད་གནས་ཐུབ་པ་གཅིག་ནི། དེང་གི་ཆར་ཡང་གྲོང་མི་ཀུན་གྱིས་བོན་གྱི་སྲུང་མ་སྲིད་པ་རྒྱལ་མོའི་བསྐང་གསོལ་དང་འཕྲིན་བཅོལ་གཏོང་རྒྱུའི་སྲོལ་རྒྱུན་མ་ཉམས་པ་ཡོད་ལ། གཞན་ཡང་ལོ་ལྟར་བོད་ཟླ་ལྔ་པའི་ཚེས་བརྒྱད་ཀྱི་ལོ་མཆོད་སྐབས་ལ་ཡུལ་མི་ཚང་མ་བོན་བསྐོར་དུ་འགྲོ་བའི་སྲོལ་རྣམས་སྔར་སྲོལ་ད་གནས་བྱུང་ཐུབ་པ་དེ་དག་རེད། གཞན་ཡང་སྔར་འབྲི་ལུང་དགོན་པའི་རིག་དངོས་རྩ་ཆེན་ལྷག་ལུས་གྲལ། གཤང་རྟ་བརྒྱ་མཛོ་བརྒྱ་མ་དང་། ཐོད་རུས་ལས་གྲུབ་པ་རིན་ཆེན་གྱི་ཐོད་ཌར། རིན་ཆེན་སྣ་ཚོགས་ལས་གྲུབ་པའི་རིན་ཆེན་ཕུར་པ་ཁྲུ་གང་ཅན། གཡུའི་ལྕོགས་ཙེ། རྡོ་ནག་སྐུ་འདྲ་བཅས་རིག་གནས་གསར་བརྗེའི་སྔོན་དུ་དེ་དག་ཡོད་ཀྱང་། དེང་སྐབས་གཤང་རྟ་བརྒྱ་མཛོ་བརྒྱ་མ་གཅིག་པུ་མ་གཏོགས་གཞན་རྣམས་རིག་གསར་སྐབས་གཏོར་བརླག་སོང་། གཤང་དེ་ནི་ལོ་རྒྱུས་ཀྱི་རིན་ཐང་དང་། བླ་རབས་དུ་མའི་བྱིན་རླབས། མི་རབས་ནས་མི་རབས་བར་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་རྩིས་སྤྲོད་རྒྱུའི་ཡུལ་མིའི་སྤྱི་ནོར་ལྟ་བུ་ཡིན་པར་བརྟེན། ཚོང་ན་རིན་པ་རྟ་བརྒྱ་དང་མཛོ་བརྒྱ་སྤྲད་ཀྱང་མི་ཚོང་རྒྱུའི་རིག་དངོས་རྩ་ཆེན་ཞིག་དུ་བརྩི་བའོ། ཞང་སྟོན་གྲོང་ཚོའི་གཤམ་དུ་མཆོད་རྟེན་ཞིག་ཤུལ་ཞིག་ཡོད་པ་དེ་ནི་འབྲི་ལུང་དགོན་ཇུན་གར་བས་གཏོར་དུས་དགོན་པའི་དབུ་བླ་མར་ཁྲིད་དེ་ས་ཆ་དེར་བཀྲོང་ཟེར། དེ་རྗེས་ས་ཆ་དེར་དྲན་རྟེན་གྱི་ཚུལ་དུ་མཆོད་རྟེན་གཞི་རྒྱ་ཆེ་ལ་ཐོག་ཉིས་བརྩེགས་ཅན་ཞིག་བཞེངས་པས་མཆོད་རྟེན་ཤེས་རབ་བུམ་པ་ཟེར། རིག་གསར་སྐབས་གཏོར་བས་དེང་ཞིག་ཤུལ་ཙམ་ཞིག་ཡོད། གཞན་ཡང་ཞང་སྟོན་ལུང་པའི་ཕུགས་ལ་ཞང་སྟོན་གྱི་སྒྲུབ་ཕུག་དང་སྲིད་རྒྱལ་བླ་མཚོ་སོགས་ལོ་རྒྱུས་ཅན་གྱི་རང་བྱུང་གི་ཡུལ་ལྗོངས་དུ་མ་ཡོད་པའོ།
ལྔ་པ་ད་ལྟའི་ཆར་དགོན་ཤུལ་དེ་གནའ་ཤུལ་གྲགས་ཅན་སྲུང་སྐྱོབ་དང་ཉམས་གསོའི་དམིགས་ཡུལ་དང་དགོས་པའི་སྐོར།
ཏང་གི་སྲིད་ཇུས་བཟང་པོའི་དབུ་ཁྲིད་འོག། ཚོགས་ཆེན་བཅུ་བདུན་པའི་དགོངས་དོན་མི་རིགས་ཀྱི་རིག་གཞུང་འཕེལ་རྒྱས་དང་། ཁྱབ་སྤེལ་གཏོང་རྒྱུར་ཚད་མཐོའི་གདེང་འཇོག་གནང་བའི་མཛད་ཇུས་དེ་ལག་ལེན་བསྟར་ཏེ། རིག་གཞུང་འཕེལ་རྒྱས་གཏོང་རྒྱུ་དེ་དུས་རབས་ཀྱི་དགོས་མཁོ་དང་། རྒྱ་ཆེའི་མང་ཚོགས་ཀྱི་ཁེ་ཕན། རྒྱལ་ཁབ་ཀྱི་མཚན་སྙན་ལ་ཕན་པའི་བྱ་བ་ཞིག་ཡིན་ལ། ༡༽ ལོ་རྒྱུས་ཀྱི་རིན་ཐང་ཡོད་པའི་གནའ་ཤུལ་གྲགས་ཅན་དང་། རིག་དངོས་རྩ་ཆེན་ཁག་མྱུར་སྐྱོབ་དང་འབྲེལ་མི་ཉམས་གོང་འཕེལ། ཉམས་པ་སླར་གསོའི་རྩ་དོན་གཞིར་འཛིན་ཏེ་ལོ་རྒྱུས་ཀྱི་རིན་ཐང་ལ་ཚད་མཐོའི་གདེང་འཇོག་བྱ་རྒྱུ། ༢༽ གནའ་བོའི་བོད་མི་རིགས་ཀྱི་ཕུལ་བྱུང་ཤེས་རིག་ཞང་ཞུང་གི་རིག་པའི་གནས་ཆེན་ལྔ་ཡི་རིག་གནས་དང་འབྲེལ་བའི་དཔེ་མཛོད་ཁང་དང་། འགྲེམས་སྟོན་ཁང་གཉེར་སྐྱོང་། ༣༽ སྤྱི་ཚོགས་ཚན་རིག་དང་། མི་རིགས་གོམས་གཤིས། ཆོས་ལུགས་སྲོལ་རྒྱུན། རིག་གནས་འཕེལ་རྒྱས། རིག་དངོས་སྲུང་སྐྱོབ། ལོ་རྒྱུས་ཞིབ་འཇུག་བཅས་ཀྱི་རྨང་གཞི་འཛུགས་རྒྱུ། ༤༽ དུས་རབས་ལ་ཁ་ཕྱོགས་ཏེ་རང་ལྗོངས་དང་། རང་རྒྱལ། འཛམ་གླིང་གི་ཤེས་ལྡན་མི་སྣར་མཐུན་འབྲེལ་དང་གདན་ཞུ། ཕན་ཚུན་འགྲོ་གླེང་དང་ཉམས་མྱོང་སྤེལ་རེས། རིན་ཐང་ལྡན་པའི་མི་རིགས་ཀྱི་དཔལ་ཡོན་ཁག་ཁྱབ་སྤེལ་དང་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཞིབ་འཇུག་བགྲོད་ལམ་བསྐྱོད་རྒྱུ། ༥༽ དབུལ་བཅོས་ཕྱུག་འགྱུར་དང་། འབྱོར་འབྲིང་མངོན་འགྱུར་གྱི་དམངས་ཕན་ཞབས་ཞུ་དང་འབྲེལ། མང་ཚོགས་ཀྱི་རང་བཞིན་ལྡན་པའི་རིག་གནས་སྒྱུ་རྩལ་གྱི་འཁྲབ་སྟོན་དང་འགྲེམས་སྟོན་གྱི་བྱེད་སྒོ་སྤེལ་རྒྱུ་དང་། མང་ཚོགས་ཀྱི་ཡོང་འབབ་གཉེར་སྐྱོང་དང་འབྲེལ་ཡུལ་བསྐོར་སྤྲོ་འཁྱམས་ཀྱི་ལྟེ་གནས་འཛུགས་རྒྱུ། ལུས་ཁམས་བདེ་སྲུང་དང་འབྲེལ་བའི་སྣེ་མང་གཉེར་སྐྱོང་གི་ལས་རིགས་གཉེར་རྒྱུའི་དམིགས་ཡུལ་དང་དགོས་པ་བཅས་སོ།
འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས། ༢༠༡༡ལོའི་ཟླ ༤ ཚེས་ ༡༥ ཉིན་ལྷ་ལྡན་ཉི་མའི་གྲོང་དུ་སྦྱར་བའོ།
 

           བོན་གྱི་གདུང་རྒྱུད་ཆེ་ལྔའི་ནང་ཚན་མཁས་པ་རྨེའུའི་གདུང་རྒྱུད་ལས་བྱུང་ཚུལ། མཁས་གྲུབ་ལུང་རྟོགས་རྒྱ་མཚོའི་བསྟན་འབྱུང་ནོར་བུ་ཀེ་ཏ་ཀ་ལས། མཁས་པ་རྨེའུ་གདུང་རབས་ནི།  སྲིད་པ་སངས་པོ་འབུམ་ཁྲིའི་སྐུ་རྒྱུད་ལས་གྲོལ་བའི་ལྡོང་ཡིག་ཚང་ཅན་གྱི་རྗེས་ལས་ཆད།  སངས་རྒྱས་ཀྱི་རྒྱུད་པ་ཁྱད་པར་འཕགས།  སྤྲུལ་སྐུའི་རྒྱུད་པ་ངོ་མཚར་ཅན།  དེ་ཡང་རྨ་དང་རྨེའུ་གཉིས་སུ་ཡོད་པ་ལས།  རྨེའུ་ཚང་གི་མི་རབས་ཀྱི་དང་པོ་ནི།  སྲིད་པ་ངོམ་ལེན་སྐྱོལ་པོ་ཞེས་བྱ་བ་མིའི་འགྲོ་དོན་ལ་ཕེབས་པར་དགོངས་ནས་གཡུ་འབྲུག་སྔོན་མོ་རྟ་ལ་ཆིབས།  ཕྱག་ཕྲེང་གི་ལྕག་བྱས་ནས་གངས་ལ་ཐུར་རྐྱ་རྒྱུག་ཅིང་ལྷ་རི་གྱང་མ་གྱང་ཐོའི་རྩེ་ལ་ཕེབས།  རྗེ་གཉའ་ཁྲི་བཙན་པོ་ལ་དབང་བསྐུར་ནས་མཆོད་ཡུལ་དུ་བཀུར།  དེ་ནས་གཡས་རུ་ཤངས་ཀྱི་ས་ཆར་བྲུད་ཀྱི་སྨན་མོ་གཡུ་རྩེར་ཕེབས་ནས་བཞུགས་སོ།  །དེ་ལ་སྲས་གཉིས་བདོག་པའི་བདུད་འདུལ་བཙན་པོ་དང༌།  གཡུ་གཤེན་ཐོད་དཀར་རོ།  །དེ་ཡང་གུར་ཞོགས་ཀྱི་གནས་སུ་མཚེར་ས་བཟུང་བས་ཞོགས་སྟོད་ཞོགས་སྨད་གཉིས་སུ་བྱུང༌།  ཞོགས་སྨད་པ་གཡུ་གཤེན་གྱི་སྲས་རྒྱུད་རྒྱལ་གྱི་ལྷུན་པོ།  དེའི་སྲས་གྱད་གསུམ་པ།  དེའི་སྲས་སྟོང་ཚབ་དང༌།  པད་སྡོང་གཉིས།  སྟོང་ཚབ་ཀྱི་སྲས་མདུང་ནག་ཅན།  ཁོང་གཟུགས་ཆུང་བའི་རྨེའུ་སྦྲང་བུ་བཙན་ཡང་འབོད་དོ།  །བྲག་ལ་ཕུར་པ་ཐེབས་པའི་མཐུ་ཆེ་བ་ཞིག་ཡོད་དོ།

      ཞེས་གངས་ཏི་སེའི་བོན་གཞུང་རིག་མཛོད་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོའི་ཟླ་བ་༩ པར་པར་ཐེངས་དང་པོ་བརྒྱབ། དེབ་དང་པོའི་ཤོག་གྲངས་༥༢༡ཕྲེང་༤ནས་༡༥བར་གསལ།

    བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ། མཛད་པ་པོ་བླ་ཆེན་དྲན་པ་ནམ་མཁའ། ༢༠༠༩ལོར་ཁྱུང་པོ་སྟེང་ཆེན་དགོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གིས་དཔར་སྐྲུན་བྱས་པ། དཔེ་གཟུགས་ཤོག་གྲངས་༡༦༣ཕྲེང་༡ལས་དྲངས།

མིའུ་རིགས་བཞི་ལྷ་སེལ་ལྷ་མཆོད་རྒྱས་པ་དེབ་ཤོག་གྲངས་༨ ཕྲེང་༡༡ལས། པོམ་ར་སྲིད་པ་གཉན་གྱི་ལྷ།  ལ་སྟོད་གཙང་ལྷ་པུ་དར་དང་།  དབུས་ཀྱི་ཡར་ལྷ་ཤམ་པོ་དང་། སྲི་ཡུལ་སྟོད་ལྷ་ཟེ་བ་དང་། མང་ཡུལ་སྐྱི་ལྷ་བྱ་མངས་དང་།  གཙང་ཡུལ་དབྱེ་ལྷ་སྤྱི་གངས་དང་།  འོལ་ཡུལ་འོལ་ལྷ་རྒྱལ་བཟང་དང་།  མདོ་སྟོད་གཉན་ཆེན་ཐང་ལྷ་དང་།  དགས་ཡུལ་དགས་ལྷ་སྒམ་པོ་དང་།  འཆིམས་ཡུལ་འཆིམས་ལྷ་ཐང་མཚོ་དང་།  ཉང་ཡུལ་མྱང་ལྷ་ཡོལ་མོ་དང་།  མདོ་ཡུལ་མདོ་ལྷ་བས་རི་དང་།  རྐོང་ཡུལ་རྐོང་ལྷ་དེ་མོ་དང་།…….འགུར་ལྷ་གཉན་པོ་བཅུ་གསུམ་མོ།ཞེས་གསལ།

མིའུ་རིགས་བཞི་ལྷ་སེལ་ལྷ་མཆོད་རྒྱས་པ་དེབ་ཤོག་གྲངས་༨ ཕྲེང་༡༡ལས་གསལ།

ལྷ་རྒོད་དྲག་བདར་དབུ་ཕྱོགས་བཞུགས། ཞེས་པའི་དཔེ་རྙིང་བྲིས་མ་ཤོག་ངོས་༦ཕྲེང་༤ནས་༦པའི་བར་གསལ།

བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ། མཛད་པ་པོ་བླ་ཆེན་དྲན་པ་ནམ་མཁའ། ༢༠༠༩ལོར་ཁྱུང་པོ་སྟེང་ཆེན་དགོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གིས་དཔར་སྐྲུན་བྱས་པ། དཔེ་གཟུགས་ཤོག་གྲངས་༡༦༡ཕྲེང་༢ལས། དབུ་རུའི་བཅུ་གསུམ་ནི། ༡༽ ངན་ལམ་རལ་གསུམ་བོན་གྱི་འདུ་འཚོགས་གནས། ༢༽ འདམ་ཤོད་སྣར་མོ་བོན་གྱི་འདུ་འཚོགས་གནས། ༣༽ ཕན་ཡུལ་དྲང་དཀར་བོན་གྱི་འདུ་འཚོགས་གནས།  ༤༽ མ་དྲོས་གཡུང་དྲུང་བོན་གྱི་རྒྱུད་འབུམ་ལས་མལ་གྲོ་ཞེས་གསལ།བ་རབ་བོན་གྱི་འདུ་འཚོགས་གནས། ༥༽ ཆུན་གཡུང་དྲུང་བོན་གྱི་རྒྱུད་འབུམ་ལས་ཤུན་གྱི་བྲག་དམར་ཞེས་གསལ།གྱི་བྲག་དབར་བོན་ གྱི་འདུ་འཚོགས་གནས། ༦༽ ཧས་པོ་ཁྲི་ཐང་བོན་གྱི་འདུ་འཚོགས་གནས། ༧༽ ལྷ་ས་ཡེར་པ་བོན་གྱི་འདུ་འཚོགས་གནས། ༨༽ སྣོམ་གྱི་རེ་གད་གཡུང་དྲུང་བོན་གྱི་རྒྱུད་འབུམ་ལས་ནམ་གྱི་ར་གདང་ཞེས་གསལ།བོན་གྱི་འདུ་འཚོགས་གནས། ༩༽ གནམ་མཚོ་དོ་རིང་བོན་གྱི་འདུ་འཚོགས་གནས། ༡༠༽ སྟོད་རོལ་ལུང་སུམ་བོན་གྱི་འདུ་འཚོགས་གནས། ༡༡༽སྐྱི་ཤོད་ལུང་ནག་བོན་གྱི་འདུ་འཚོགས་གནས། ༡༢༽ རེ་རྒྱང་ཤ་མཐའ་གཡུང་དྲུང་བོན་གྱི་རྒྱུད་འབུམ་ལས་རེ་རྒྱ་ངན་ལམ་ཞེས་གསལ།བོན་གྱི་འདུ་འཚོགས་གནས། ༡༣༽མཆོག་གྱོན་གཡུང་དྲུང་བོན་གྱི་རྒྱུད་འབུམ་ལས་མཐོ་གོན་ཞེས་གསལ།རྒྱལ་མོ་ཁང་བོན་གྱི་འདུ་འཚོགས་གནས། དེ་ལྟར་བཅུ་གསུམ་མོ།

བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ། མཛད་པ་པོ་བླ་ཆེན་དྲན་པ་ནམ་མཁའ། ༢༠༠༩ལོར་ཁྱུང་པོ་སྟེང་ཆེན་དགོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གིས་དཔར་སྐྲུན་བྱས་པ། དཔེ་གཟུགས་ཤོག་གྲངས་༡༦༡ཕྲེང་༦ལས་གསལ།

བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ། མཛད་པ་པོ་བླ་ཆེན་དྲན་པ་ནམ་མཁའ། ༢༠༠༩ལོར་ཁྱུང་པོ་སྟེང་ཆེན་དགོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གིས་དཔར་སྐྲུན་བྱས་པ། དཔེ་གཟུགས་ཤོག་གྲངས་༡༥༩ཕྲེང་༢ལས་གསལ།

རྟོགས་ལྡན་ཉམས་རྒྱུད་ཀྱི་རྣམ་ཐར་རིན་ཆེན་ཕྲེང་བ། མཛད་པ་པོ་བྲུ་རྒྱལ་བ་གཡུང་དྲུང་། གངས་ཏི་སེའི་བོན་གཞུང་རིག་མཛོད་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོའི་ཟླ་བ་༩ པར་པར་ཐེངས་དང་པོ་བརྒྱབ། དེབ་ཉི་ཤུ་པའི་ཤོག་གྲངས་༡༥༢ཕྲེང་༤ནས་༦བར་གསལ།

བྲུ་རྒྱལ་བ་གཡུང་དྲུང་གིས་མཛད་པའི་ཨ་ཁྲིད་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས། གངས་ཏི་སེའི་བོན་གཞུང་རིག་མཛོད་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོའི་ཟླ་བ་༩ པར་པར་ཐེངས་དང་པོ་བརྒྱབ། དེབ་གྲངས་ཉི་ཤུ་པའི་ཤོག་གྲངས་༢༨༧ཕྲེང་༡༧་ལས་གསལ།

དེབ་ཐེར་དམར་པོའི་མཆན་འགྲེལ། དུང་དཀར་གྱིས་མཛད།  མི་རིགས་དཔེ་སྐྲུན་ཁང་། དེབ་ཀྱི་ཤོག་གྲངས། ༣༡༥ ཕྲེང་ ༢༠ ལས་གསལ།

དུང་དཀར་ཚིག་མཛོད་ཆེན་མོ། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་ ༢༠༠༩ལོའི་ཟླ་༩པར་པར་གཞི་གཉིས་པའི་དཔར་ཐེངས་དང་པོ་བཏབ། དེབ་གཟུགས་ཤོག་གྲངས་༥༢༦ཕྲེང་༩ ལས་གསལ།

ཁྱུང་རབས། དབྲ་དཀར་ཁྱུང་པོའི་གདུང་རབས་བྱོན་ཚུལ་རྣམ་དག་ཤེལ་ཕྲེང་། དཔེ་རྙིང་ལག་བྲིས། དཔེ་གཟུངས་ཤོག་གྲངས་བཞི་པའི་རྒྱབ་ངོས་ཕྲེང་གསུམ་པ་ནས། ཤོག་གྲངས་དྲུག་པའི་རྒྱབ་ཕྲེང་དང་པོའི་བར་དུ་གསལ་བའོ།

 

 

 

 སྐལ་བཟང་མགྲིན་རྒྱལ་ལས།ཞུའི་གདན་ས་བར་མར་གྲགས་པ་སོག་གཡུང་དྲུང་གླིང་ནི་དང་པོ་ཞུ་ཚང་གིས་བཏབས་པ་མིན་ཀྱང་བར་དུ་གདན་སར་གྱུར་ཅིང་ཞུ་བཙུན་གཡུང་དྲུང་ཁྲི་འོད་སོགས་བཞུགས།  དགོན་འདི་དང་པོ་ནམ་ཆགས་མ་ཤེས་ཀྱང་རབ་བྱུང་གསུམ་པའི་ནང་དུ་ངེས་པར་ཡོད། གྲྭ་ཚང་གླིང་བཞི་དང་འདུས་གྲྭ་སྟོང་ཕྲག་གཉིས་ལྷག་འཚོགས་ཤིང་ཚོགས་དུང་ཡང་གླིང་བཞིར་བཞི་གཏོང་དགོས་པར་གྲགས། ཞུ་ཚང་དང་ཁྱུང་གི་བླ་བྲང་ཁག་གཉིས་བཞུགས་ཁར་འབྲུག་སྟག་ཚང་གི་བླ་མ་རྣམས་སོགས་གཞན་གྱི་མཁས་གྲུབ་ཀྱང་མང་དུ་བྱོན་ཏེ་རགས་རིམ་གྱི་མཚན། མཁས་བཙུན་ནམ་མཁའ་འོད་ཟེར། མངའ་རིས་བསོད་ནམས་རྒྱལ་མཚན། ཁྱུང་སྒོམ་དཔལ་འབྱོར་ལྷུན་གྲུབ། ཞུ་བཙུན་གཡུང་དྲུང་ཁྲི་འོད། ཁྱུང་སྟོན་གཡུང་དྲུང་འོད་ཟེར། ཞུ་ཁྲི་འོད་རྒྱལ་མཚན། ཁྱུང་པོ་དཔོན་དགེ། དཔོན་རིན་སོགས་བཞུགས་ཤིང་དར་རྒྱས་ཆེ་ངང་དགོང་པོ་ཇུན་གར་བའི་དཔུང་གིས་གཏོར་བཤིགས་མི་གནས་པར་བྱས།ཞེས་གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་སམ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་དོ་ཤལ། དཔལ་ཚུལ་ལམ་དཔལ་ལྡན་ཚུལ་ཁྲིམས་ཀྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་ ༢༠༠༦ལོའི་ཟླ་༧པར་དཔར་ཐེངས་༢པར་བཏབ། དེབ་གཟུགས་ཤོག་གྲངས་༣༨༣ཕྲེང་༣ལས་དྲངས།

 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག