ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> དགོན་སྡེ་རི་ཁྲོད། >> ཁོད་སྤུངས་གཡུང་དྲུང་དར་རྒྱས་དགོན།
ཁོད་སྤུངས་གཡུང་དྲུང་དར་རྒྱས་དགོན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སྤྲུལ་སྐུ་དབང་རྒྱལ་ཚེ་རིང་།] [ཟླ་ཚེས། 11-10-13] [ཀློག་གྲངས། ]

ཁོད་སྤུངས་དར་རྒྱས་དགོན་པའི་འདུ་ཁང་སོགས།

དགོན་འདི་ཐོག་མར་ཕྱག་འདེབས་པ་པོ། མཁན་ཆེན་བསྐལ་བཟང་ཉི་མ།

   ཁོད་སྤུངས་གཡུང་དྲུང་དར་རྒྱས་གླིང་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གཟི་རྩའི་སྡེ་དགུ་རྫོང་གླང་ཅ་གྲོང་ཚོའི་ནང་གནས་ཤིང་། དགོན་པ་དེ་ཕྱག་འདེབས་མཁན་གདན་ས་གཡུང་དྲུང་གླིང་གི་མཁན་རབས་གཉིས་པ་བསྐལ་བཟང་ཉི་མས་ཕྱག་བཏབ་གནང་། ཁོད་སྤུངས་ཕྱོགས་ཀྱི་ཆེས་དགོན་སྡེ་ཆེ་ཤོས་དེ་ཡིན། དེ་མ་ཟད། ཚོགས་ཁང་འདིའི་རྒྱ་བསྐྱེད་སྐབས་རི་སྐེད་བླ་བྲང་གི་བླ་རབས་ཉེར་བརྒྱད་པ་དྲང་སྲོང་ཉི་མ་ཐག་འདོགས་ཚང་དང་ཆུ་འབྲུག་ཚང་གཉིས་ཀྱིས་དབུ་མཛད་གནང་ནས་ལྷ་སྡེ་འཚོ་བ་བརྒྱད་ལ་བཀོད་འདོམ་མཛད་པ་ལྟར་གཅིག་ཏུ་འདུས་ནས་གསས་ཁང་བཟོ་བསྐྲུན་བྱེད་པའི་སྐབས་ཀྱི་ཉིན་ཅིག་ལ་ཉི་མའི་མ་འདང་བས་ཉི་མ་བཟུང་ནས་ཆུ་ཚོད་ཇེ་རིང་དུ་བཏང་བའི་སྟབས་ཀྱིས་ཉི་མ་ཐག་འདོགས་ཞེས་པའི་མཚན་གྱི་ཐ་སྙད་ཀྱང་དེ་ནས་བཟུང་ཐོགས་པ་ཡིན་ལ། ཡང་ཉིན་ཅིག་ལ་ལས་མི་ཀུན་ལ་ཆང་གིས་མ་འདང་པས། སྦལ་རྫ་ཞེས་པའི་ཆང་སྣོད་སྦལ་དབྱིབས་ཅན་གྱི་རྫ་སྣོད་དུ་སྐུ་ཉིད་སྦལ་བར་སྤྲུལ་ནས་ཁ་ནས་ཆང་མཛད་མེད་དུ་བབས་པས་ཀུན་གྱིས་ཇི་ལྟར་འཐུང་ཀྱང་འཛད་པ་མེད་པའི་ངོ་མཚར་གྱི་སྤྲུལ་བ་སྣ་ཚོགས་མཛད་པ་ཚུལ་མཐོང་བློ་ཡིས་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་ཀྱང་མི་ལངས་ལ། མདོར་ན་དམ་པ་གང་གིས་སྐུ་ཚེ་གང་བོར་བསྟན་དང་འགྲོ་བའི་དོན་རྒྱ་ཆེན་པོར་མཛད།།

   དེ་ནས་བཟུང་ཁོང་རྣམ་པ་ཚང་གཉིས་ནི་གནའ་ནས་བཟུང་གཡུང་དྲུང་དར་རྒྱས་དགོན་པའི་དབུ་བླ་ཡིན་པ་དང་ལྷག་པར་དུ་དགོན་འདིའི་རྟེན་དང་བརྟེན་པ་བཅས་ཞིག་གསོ་བྱས་ནས་ལེགས་གྲུབ་བྱུང་བ་མ་ཟད། ཁྱད་པར་དུ་རྒྱལ་བ་བྲུ་ཡི་རིང་ལུགས་དྲི་མ་མེད་ པར་ལུགས་སྲོག་ལྟར་དུ་བསྟན་པ་འཛིན་སྐྱོང་གནང་བ་དང་། སྤྱི་ལོ་(༡༩༣༨ ལོ)རི་སྐེད་བླ་རབས་སོ་གཅིག་པ་ཀུན་གསལ་ལམ་བསྟན་པ་ཚུལ་ཁྲིམས་རྒྱལ་མཚན་མཆོག་དང་གྲྭ་བཙུན་འོད་ཟེར་རྒྱལ་མཚན་དང་རྒྱལ་བ་འོད་ཟེར་སོགས་དང་ལྷན་དུ་ཤར་རྒྱལ་མོ་རོང་གི་ཁྲོ་སྐྱབས་རྒྱལ་པོའི་མཆོད་པའི་ཞིང་མཆོག་མཚོ་སྟེང་དགོན་དུ་བྱོན་ནས་རྒྱལ་བའི་བཀའ་དང་བཀའ་རྟེན་སོགས་ཟླ་བ་མང་པོའི་རིང་ལ་ཤིང་པར་དུ་དཔར་བསྐྲུན་བགྱིས་ནས་འཇུག་ཡོངས་སུ་གྲུབ་པ་དང་ཕྱིར་རང་དགོན་དུ་ཕེབས་ནས། དེའི་ཐད་ལ་ལས་བྱ་མང་པོ་ལོ་གང་མང་གི་རིང་ལ་སྒྲུབ་པའི་མཐར་ཡོངས་སུ་གྲུབ་ལ་ཉེ་བའི་སྐབས་སུ་བློ་ཡུལ་ལས་འདས་པ་ཞིག་ལ་རིག་གནས་གསར་བརྗེའི་དོན་རྐྱེན་ངན་པའི་དབང་གིས་མེད་བརླག་ཏུ་གྱུར་བས་དེང་སང་ཤོག་ལེབ་གཅིག་ཀྱང་མཐོང་ཡུལ་མ་གྱུར། འོན་ཀྱང་སྟབས་ལེགས་པ་ཞིག་ལ་ལོ་འཁོར་སུམ་ཅུའི་རྗེས་ནས་བསྟན་པའི་མེ་རོ་སླར་གསོ་བའི་གོ་སྐབས་ལེགས་པོ་བྱུང་བ་འདི་ལྟར།


   རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམ་པས་རི་སྐེད་བླ་རབས་སོ་གཅིག་པ་ཕུན་ཚོགས་འོད་ཟེར་ཁོང་ཉིད་ལ་དངོས་སུ་དགོན་པ་སླར་གསོ་མཛད་དགོས་པའི་རེ་འདོད་ཞུས་པ་ལྟར་དུ་དགོན་འདིའི་གྲྭ་རྒན་རྣམས་དང་ལྷ་སྡེ་མང་ཚོགས་ཀུན་ལ་དབུ་ཁྲིད་མཛད་ནས་ཁོད་སྤུངས་གཡུང་དྲུང་དར་རྒྱས་གླིང་འདི་བསྐྱར་བཞེངས་མཛད་ནས་ལེགས་གྲུབ་བྱུང་། སྟབས་མ་ལེགས་པ་ཞིག་ལ་སྤྱི་ལོ་༡༩༩༧ལོར་མེ་སྐྱོན་ཚབ་ཆེན་གྱི་རྐྱེན་ངན་པས་དགོན་པའི་ཚོགས་ཁང་དང་རྟེན་གསུམ་འགངས་ཆེན་རྣམས་མེད་བརླག་ཏུ་བཏང་།


འདུ་ཁང་ནང་གི་བྱམས་མའི་སྐུ།
 
འདུ་ཁང་ནང་གི་སྟོན་པ་གཤེན་རབ་མི་བོ་ཆེ།

འདུ་ཁང་ནང་གི་གཤེན་རབ་རྣམ་པར་རྒྱལ་བའི་སྐུ།

  དེའི་རྗེས་ནས་ཡང་བསྐྱར་ཚོགས་ཁང་དང་སྐུ་གསུང་ཐུགས་རྟེན་རྣམས་བསྐྱར་བཞེངས་མཛད་ནས་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་ཡོད་པར་མ་ཟད་དམ་པ་ཁོང་གི་སྐུ་བསོད་ནམས་དང་གཟི་བརྗིད་ཀྱི་ནུས་མཐུ་ལས་དགོན་གནས་དེར་རྒྱུན་ཆགས་སུ་གནས་པའི་གྲྭ་བཙུན་བདུན་བཅུ་ལྷག་འདུས་ཡོད།



   མདོར་ན་དམ་པ་ཁོང་ཉིད་རྒྱལ་བའི་རྣམ་སྤྲུལ་འགྲོ་དོན་ལ་བྱོན་པ་ཤ་སྟག་ཡིན་སྟབས་བསྟན་པ་དང་འགྲོ་བའི་ཆེད་དུ་དཀའ་ཚེགས་ཅི་འདྲ་མྱོང་ཡང་དེ་དག་ཁྱད་དུ་བསད་དེ་མཐར་འགྲོ་དོན་ཡོངས་སུ་མཐར་ཕྱིན་ནས་སྤྱི་ལོ་༢༠༠༧ལོའི་མེ་མོ་ཕག་གི་ལོར་དགོངས་པ་བོན་དབྱིངས་སུ་རྫོགས་སོ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག