ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> དགོན་སྡེ་རི་ཁྲོད། >> སྤུ་ལ་ཁྱུང་ནག་དགོན་གཡུང་དྲུང་བསྟན་འཕེལ་གླིང་།
སྤུ་ལ་ཁྱུང་ནག་དགོན་གཡུང་དྲུང་བསྟན་འཕེལ་གླིང་།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་བཤེས་བསྟན་རྣམ།] [ཟླ་ཚེས། 11-10-01] [ཀློག་གྲངས། ]

   དེ་ཡང་དགོན་པ་འདི་གཤེན་གྱེར་རྨ་དབྱིལ་བྲུ་ཞུ་སྤ་རྨེའུ་ཞེས་སྙན་པའི་གྲགས་པ་མཁའ་ལྟར་ཁྱབ་པའི་བསྟན་པ་འཛིན་པའི་གཤེན་པོ་དེ་དག་གི་ནང་ནས་དམ་པ་ཁྱུང་ནག་གི་བླ་མ་རིམ་བྱོན་གྱིས་སྐྱོང་བའི་སངས་རྒྱས་གཡུང་དྲུང་བོན་གྱི་གྲུབ་མཐའ་འཛིན་པའི་དགོན་སྡེ་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་རེད་ལ། འདས་པའི་སྤྱི་ཚོགས་ཀྱི་འཕོ་འགྱུར་དུས་རིམ་གྱི་ཤུགས་རྐྱེན་ནང་དགོན་འདི་འཕེལ་འགྲིབ་འགར་བྱུང་ཡོད་མོད།

  འོན་ཀྱང་ད་ལྟའི་བར་སངས་རྒྱས་གཤེན་རབ་མི་བོ་ཆེ་མཆོག་གི་བསྟན་པ་རིན་པོ་ཆེའི་ངོ་བོ་གསེར་བཞིན་གནས་ཡོད་པ་ལས་འགྱུར་ལྡོག་བྱུང་མ་མྱོང། དགོན་འདི་ཐོག་མར་ཕྱག་འདེབས་མཁན་ནི་ཁྱུང་དབུས་ཤེས་རབ་རྒྱལ་མཚན་མཆོག་ཡིན། ཕྱག་བཏབས་པའི་ལོ་ཚིགས་ནི་རབ་བྱུང་བཞི་བའི་ཆུ་གླང་ལོར་ཡིན་པ་གསལ་བས་སྤྱི་ལོ་༡༢༥༣ལ་ཡིན། དེ་ནས་ད་ལྟའི་བར་ལོ་ངོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་ལྡན། དགོན་འདི་རི་ཁྲོད་ཀྱི་དུས་དང་སེར་མོ་བའམ་སྔགས་དགོན་གྱི་དུས། རྣམ་དག་འདུལ་བའི་གཙང་དགོན་གྱི་དུས་རིམ་བཅས་དུས་རིམ་གསུམ་གྱི་ལོ་རྒྱུས་ལྡན་ཡོད་ལ།

 

   ད་བར་བླ་རབས་ཉེར་གཉིས་ཙམ་ཕྱིན་ཡོད། ད་ལྟ་བོད་ལྗོངས་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་ཁོངས་སུ་གནས། རྫོང་ནས་ཤར་སྟོད་དུ་སྤྱི་ལེ་ཉི་ཤུའི་ཡས་མས་མཚམས་ལ་ཡོད།

ཁོར་ཡུག་ཀུན་ཏུ་མཚོ་དང་རི་ཆུ་ཡུལ་ལྗོངས་སོགས་ངོ་མཚར་གྱི་མཛེས་ལྗོངས་ཀྱི་བཀོད་པ་ཕུན་སུམ་འཚོགས་ལ་དགོན་གྱི་ལྷ་ཁང་ཁག་ཐུན་མོང་མ་ཡིན་པའི་མི་རིགས་དང་ཆོས་ལུགས་ཀྱི་ཁྱད་བོན་དང་རང་གཤིས་ལྡན་ཞིང་ནང་དུ་རྩ་ཆེའི་རིག་དངོས་དུ་མ་སྐལ་ལྡན་བསོད་ནམས་བསགས་པའི་ཞིང་དང་སྐྱེ་དགུ་དྭངས་པ་འདྲེན་པའི་དཔལ་དུ་བཞུགས་ལ་ལྷག་པར་དུ་ཚོགས་ཁང་མཐོང་གྲོལ་བཀྲ་གསལ་ཀུན་ལས་རྣམ་པར་རྒྱལ་བའི་ཕོ་བྲང་འདི་ཉིད་༢༠༠༦ལོ་ནས་གཞི་བཏིངས་ནས་༢༠༡༡ལོའི་སྤྱི་ཟླ་༨པར་ཡོངས་སུ་གྲུབ་ནས་རབ་ཏུ་གནས་པ་དང་སྒོ་འབྱེད་མཛད་སྒོའི་རྟེན་འབྲེལ་གྱི་བྱེད་སྒོ་རྣམས་ཟབ་རྒྱས་ལེགས་པར་གྲུབ་པ་རེད།

 

བཤད་སྒྲུབ་གཉིས་ཀྱི་འཆད་རྩོད་དང་། དུས་མཆོད་ཁག་རྒྱལ་བ་བྲུ་ཡི་རིང་ལུགས་ལྟར་སྤེལ་བཞིན་ཡོད་ཅིང། རྒྱལ་ཁབ་རིམ་པའི་རྩ་ཆེའི་དཔེ་རྙིང་སྲུང་སྐྱོབ་སྡེ་ཚན་གྱི་དགོན་པའི་ཁོངས་སུ་གཏོགས་པ་བཅས་སོ། །ཞེས་སྤུ་ལ་་དགོན་གྱི་ལོ་རྒྱུས་ཡིག་ཚང་ལས་བཏུས་ཏེ་སྒོ་ཙམ་དུ་བསྟན་གླིང་སློབ་མིང་དགེ་བཤེས་བསྟན་རྣམ་པས་པེ་ཅིན་མཐོ་རིམ་ནང་བསྟན་སློབ་གླིང་ནས།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག