ཁྱུང་པོ་སྟེང་ཆེན་དགོན་ནམ་གཡུང་དྲུང་བསྟན་རྒྱས་གླིང་གི་ལོ་རྒྱུས་མདོར་བསྡུས།
དེ་ཡང་ཁྱུང་པོ་སྟེང་ཆེན་དགོན་ཞེས་པ་བོད་ལྗོངས་ཆབ་མདོ་ས་ཁུལ་སྟེང་ཆེན་རྫོང་གི་ནུབ་ངོས་སྤྱི་ལེ་གཉིས་ལྷག་ཙམ་གྱི་སར་རྫོང་ཐོག་ནས་མཇལ་ཐུབ་ཀྱི་ཡོད། མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་རྨིད་སུམ་སྟོང་དགུ་བརྒྱ་ཙམ་དང་། ད་ལྟ་དགོན་པའི་ས་ཁྱོན་རྨིད་གྲུ་བཞི་མ་ཁྲི་བཅུ་དང་དགུ་སྟོང་ལྷག་ཙམ་ཡོད། སྤྱི་ལོའི་སྔོན་དུ་ད་ལྟའི་སྟེང་ཆེན་ས་ཆ་འདི་ནི། ཞང་ཞུང་སྒོ་པའི་སྟེ། སུམ་པ་གླང་གི་གྱིམ་ཤོད་ཞེས་སྟོད་མངའ་རིས་ཞང་ཞུང་རྒྱལ་པོའི་འབང་སྡེ་ཡིན་པ་དང་། སྔ་དར་སངས་རྒྱས་བོན་གྱི་བསྟན་པ་དར་རྒྱས་ཆེ་བའི་ས་གནས་ཁྱད་པར་ཅན་ཞིག་ཡིན་པ་ནི། སྤྱི་ལོ་སྔོན་གྱི་༩༡༤ལོར་སྐུ་འཁྲུངས་པའི་བླ་ཆེན་དྲན་པ་ནམ་མཁའ་སོགས་རིག་འཛིན་གྲུབ་བརྙེས་རྣམས་བྲག་དམར་རི་འདུས་སུ་ཞབས་བཅགས་ཏེ་བོན་གྱི་བསྟན་པ་སྤེལ་ཞིང་སྒྲུབ་པ་ཉམས་ལེན་མཛད་དེ། ལུང་ལས། དེ་ནས་འཆི་མེད་ཡབ་སྲས་དང་། ། སུམ་པ་རྗེ་བློན་འབང་གསུམ་དང་། ། སེ་ལྡེ་མེ་གསུམ་རིག་འཛིན་དགུ། མཐུ་ཆེན་མི་དགུ་གྲུབ་ཆེན་སོགས། ། ཕྱི་ནང་གསང་བའི་བོན་མ་ལུས། ། བྲག་དམར་རི་འདུས་འདི་རུ་བསྒྲུབ། ། ཅེས་པས་ད་ལྟ་ཡང་རི་རྩེར་བརྩེགས་རྨིངས་མཐོང་རྒྱུ་འདུག་དེ་དང་དུས་མཚུངས་སུ་སྟེང་ཆེན་ཁར་བོན་གྱི་འདུས་སྡེ་ཡོད་པ་གསལ་པོར་བསྟན་ཡོད་དེ། ལུང་ལས། ཁྱད་པར་སྟེང་པོ་ཆེ་འདི་རུ། ། མདོ་སྔགས་པོ་ཏི་སྟོང་ཚད་གཉིས། ། བསྟན་པ་རིན་ཆེན་ཀུན་ཏུ་བཞག། ཅེས་པས་སོ། ། དེ་ནས་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ཞང་རྒྱལ་ལིག་མིན་རྐྱ་སྐུ་བཀྲོངས་ཏེ་ས་ཁུལ་འདི་ཉིད་བོད་བཙན་པོའི་མངའ་འོག་ཏུ་བཅུག་སྐབས་དེ་དུས་ཁྲི་སྲོང་གིས་བོན་བསྟན་སྤྱི་ལ་རྡུང་བརྡེག་བཏང་རྐྱེན་འདིར་ཡང་ཉམས་ཞེན་ཕྱིན་པར་གོར་མ་ཆགས། དེ་ནས་བསྟན་པ་ཕྱི་དར་གྱི་སྐབས་ཁྱུང་དབུས་བླ་མ་ཤེས་རབ་རྒྱལ་མཚན་མཆོག་ལ་སྲིད་རྒྱལ་དྲེལ་དམར་གྱིས་ཞལ་བསྟན་ནས་ལུང་བསྟན་བཞིན་སྟེང་ཆེན་ཞེས་པའི་ས་ཆ་འདིར་ཕེབས་ནས་དགོན་སྡེ་ཆགས་བཏབ་པ་ཡིན་ཏེ། ལུང་བསྟན་འདི་ལྟར། དབྲ་དཀར་ཁྱུང་པོའི་རྒྱུད་འཛིན་པ། ། མདོ་ཁམས་སྨད་དུ་ཕེབས་པར་གྱིས། ། བསྟན་པ་ཉི་ཟླ་འཆར་ནུབ་དེ། ། དོ་དགོང་འགྲིབ་ཀྱང་སང་ཉིན་ཤར། སུམ་གླང་གྱིམ་ཤོད་རྔུལ་རྫའི་གནས། ། ཁྱད་འཕགས་ཤེལ་ལེ་རྫོང་དྲུག་མདུན། ། གསེར་ཉ་མཚོ་འཁྱིལ་སྟེང་ཆེན་ལ། ཁྱུང་པོ་ཆགས་པའི་གདན་ས་ཡོད། ། ས་ཕྱོགས་དེ་རུ་ཕེབས་པར་གྱིས། ། ཅེས་གསུངས་པ་བཞིན་བཀྲ་ཤིས་གསེར་ཉ་མཚོ་ལ་འཁྱིལ་འདྲའི་སྟེང་ཆེན་ཁར་ཁྱུང་དབུས་བླ་མ་ཤེས་རབ་རྒྱལ་མཚན་གྱིས་རབ་བྱུང་དང་པོའི་འཕར་བ་ཞེས་པ་ལྕགས་མོ་གླང་ལོ་༡༠༦༡གཡུང་དྲུང་བསྟན་རྒྱས་གླིང་བཏབ།
དེར་རྣམ་དག་འདུལ་འཛིན་གྱི་སྐྱེས་བུ་རྣམས་བཞུགས་གནས་བྱས་པ་དང་། སྟེང་ཆེན་སྨད་དུ་ཐ་ཡུད་ཝེར་ཞིས་ཀུན་ཁྱབ་གླིང་བྱ་བ་ཞིག་བཏབ་སྟེ། དེ་ན་གསང་སྔགས་པ་རྣམས་འདུ་གནས་བྱས་ཤིང་དོ་ཁང་བླ་རབས་བཅོ་བརྒྱད་ཙམ་བྱོན་ནས་བསྟན་པ་བསྐྱངས། དེའི་སྐབས་ཐེག་ཆེན་རྣལ་འབྱོར་པ་རྣམས་དབེན་གནས་བྲག་དམར་རི་འདུས་ཀྱི་རྩེ་མོར་ལྟ་སྒོམ་བསྙེན་སྒྲུབ་ལ་བརྩོན་ཏེ་བཞུགས། གཡུང་དྲུང་བསྟན་རྒྱས་གླིང་གི་བླ་རབས་དང་པོ་ཁྱུང་དབུས་བླ་མ་ཤེས་རབ་རྒྱལ་མཚན་ནས་བཟུང་སྟེ། དེ་ནས་ཁྱུང་ཨ་བརླ། དེ་ནས་ནང་ཆེན་གྲགས་པ་དགུང་ལོ་རེ་གཉིས་ཐོག་སྐུ་གཤེགས། རྟེན་ལ་སྐུ་གསུམ་ཁྲོ་རྒྱལ་བྱོན་པས་གཙོ་མཆོག་རང་བྱོན་སྟེང་ཆེན་ལ་བཞུགས་ཏེ། གཙོ་མཆོག་རང་བྱོན་རྟེན་མཆོག་བང་བཀྲ་མ། ། ཞེས་ཟེར། དེ་ནས་ཁྱུང་ཞིག་ཡེ་རྒྱལ། དགུང་ལོ་བདུན་ཅུ་ཐོག་ནས་གཤེགས། རྟེན་ལ་འབྲུག་གསས་སྐུ་བྱོན། དེ་ནས་བསོད་ནམས་རྒྱལ་མཚན། དེ་ནས་ནམ་མཁའ་རྒྱལ་མཚན་དགུང་ལོ་དོན་གཉིས་ཐོག་འདས། རྟེན་ལ་སྔོན་མོ་འབྲུག་མགོ་བྱོན། དེ་ནས་རིན་ཆེན་རྒྱལ་མཚན། དགུང་ལོ་ཞེ་གཉིས་ཐོག་འདས། རྟེན་ལ་དྲན་པ་ཡབ་ཡུམ་བྱོན། དེ་ནས་གཡུང་དྲུང་རྒྱལ་མཚན། དགུང་ལོ་ང་གཉིས་ཐོག་ལ་གཤེགས། དེ་ནས་རིན་ཆེན་རྒྱལ་མཚན། དགུང་ལོ་སོ་བཞི་གཤེགས། དེ་ནས་བསྟན་པའི་རྒྱལ་མཚན། དགུང་ལོ་གྱ་གསུམ་ཐོག་འདས། དེ་ནས་ཡེ་ཤེས་རྒྱལ་མཚན། དེ་ནས་ལྷུན་གྲུབ་བསོད་ནམས་དབང་རྒྱལ། དགུང་གྲངས་ཞེ་བརྒྱད་དུས་ནས་འདས། དེ་ནས་དབང་གི་རྒྱལ་མཚན། དེ་ནས་སྐྱེས་མཆོག་ཡིད་བཞིན་རྒྱལ་བ། དེ་ནས་མཐུ་དབང་སྟོབས་ལྡན་རྒྱལ་བ་དོན་འགྲུབ། དེ་ནས་ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན། དེ་ནས་སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོས་གདན་ས་བཟུང་སྟེ་ཁོང་གིས་ཁྱུང་པོ་སྟེང་ཆེན་ཁར་རྗེས་བཞག་གི་གསས་ཁང་བཀྲ་ཤིས་འོད་འབར་ཞེས་བྱ་བ་རྨད་བྱུང་གི་གཙུག་ལག་ཁང་ཐོག་བརྩེགས་ལྔ་ཡོད་པ་འོལ་མོའི་གླིང་གི་གསས་མཁར་ཤམ་པོ་ལྷ་རྩེའི་བཀོད་པ་ལ་དཔེ་བླངས་ནས་དོན་དུ་གསས་མཁར་སུམ་བརྒྱ་དྲུག་ཅུའི་བཀོད་པ་ཚང་བ་ཞིག་དང་། གཞལ་ཡས་ཁང་ཐོག་ཕུབ་ཡང་ཕུབ་ཁྱུང་གུར་ཁྱུང་མགོ་ཏོག་དང་ལྡན་པ་ནང་དུ་ཐེག་པ་བཞི་བཅུ་རྩ་ལྔའི་ལྷ་གྲངས་ཚང་བ་ཞིག་བཞེངས་པ་དང་ཕྱོགས་གང་སར་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་དེ། དགུང་ལོ་ཞེ་བདུན་ནས་གཤེགས། དེ་ནས་ཁྱུང་ཆེན་ཡོན་ཏན་རིན་ཆེན། དེ་ནས་ཁྱུང་པོ་ཨ་འཇོ། དེ་ནས་ཁྱུང་པོ་རྣམ་རྒྱལ། དེ་ནས་སྤྱང་བཱེ་ཧུ་བློ་བཟང་ཕུན་ཚོགས། དེའི་སྐབས་ཀུན་མཁྱེན་ཉི་མ་བསྟན་འཛིན་མཆོག་སྟེང་ཆེན་དུ་ཕེབས་སྐབས་དགེ་འདུན་ལྔ་བརྒྱ་ལྷག་ཙམ་གྱིས་ཟབ་རྒྱས་ཀྱི་བསུ་བ་སེར་ཕྲེང་ཁེངས་ཞེས་གསུང་པས་དེའི་སྐབས་དར་རྒྱས་སུ་ཡོད་པ་མངོན། དེ་རྗེས་སྤྱང་ཚང་གི་རྒྱལ་སྲས་ཚེ་དབང་བསྟན་རྒྱལ་དེ་ཉིད་སྤྱི་ལོ་༡༨༣༦ལོར་སྐུ་འཁྲུངས་པ་དང་གྲྭ་ས་ཆེན་མོ་གཡུང་དྲུང་གླིང་དུ་བྱོན་ནས་སྐྱབས་མགོན་ཟླ་བ་རྒྱལ་མཚན་མདུན་དུ་རབ་ཏུ་བྱུང་ནས་མཚན་ཉིད་སྦྱངས་པས་དགེ་བཤེས་ཀྱི་མཚན་རྟགས་བཞེས། སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱིས་བཀའ་བགོས་བཞིན་སྟེང་ཆེན་སྟོད་སྨད་ཀྱི་དགོན་སྡེ་གཉིས་གཅིག་ཏུ་བསྒྲིལ་ཏེ། བསྒྲགས་བྱང་གི་ལུང་བར་མ་ལས། བྲག་དམར་མེ་རི་མཆེད་འདྲའི་ཞོལ། ། གསང་གསུམ་གཏེར་གྱི་སྒྲོམ་བུ་ཁར། ། བཤད་སྒྲུབ་འདུས་སྡེ་རྒྱས་པར་གྱུར། ཞེས་པས་ས་གནས་ཁྱད་ པར་ཅན་དེར་གསར་སྤོས་མཛད་དེ་ཕྱི་ནང་གི་རྟེན་རྣམས་ཟབ་རྒྱས་སུ་བཞེངས་པ་དང་བཅའ་སྒྲིག་གྲྭ་ས་ལྟར་གྱི་བཤད་སྒྲུབ་སྒོམ་གསུམ་གྱི་བསྟན་པ་སྤེལ་ཞིང་གྲྭ་གྲངས་༢༡༦ཙམ་ཡོད། དེ་ནས་མཁས་གྲུབ་གཡུང་དྲུང་གྲགས་པས་འཆད་རྩོད་རྩོམ་གྱི་བོན་འཁོར་བསྐོར་ཞིང་རྒྱལ་བའི་བཀའ་དང་བཀའ་བརྟེན་རྒྱས་པར་བཞེངས་ཏེ། དཀར་ཆག་དཔེ་རྩིས་ཟུར་གསལ་མཛད། སྤྱི་ལོ་༡༩༡༣ལོར་རྒྱ་བོད་ཆུ་གླང་གཡུལ་འཁྲུགས་ཀྱི་སྐབས་དགོན་པའི་རྟེན་བརྟེན་པ་རྣམས་བོད་དམག་གིས་མེར་སྲེགས་བཏང་ནས་གཏོར།
དེ་ནས་སླར་སྤྱི་ལོ་༡༩༡༥ལོར་སྒར་སྤྲུལ་ཚེ་དབང་གཡུང་དྲུང་གིས་ཕྱི་ནང་གི་རྟེན་རྣམས་རྒྱ་ཆེན་པོ་བཞེངས། དེ་ནས་བསྟན་པ་རབ་རྒྱས་གཡུང་དྲུང་གླིང་ནས་དགེ་བཤེས་བཞེངས་ཏེ་མཁན་ཆེན་ཉི་མ་དབང་རྒྱལ་གྱིས་བསྟན་བདག་མངའ་གསོལ་བྱས་ནས་བསྟན་འགྲོའི་དོན་མཛད་བཞིན་པའི་སྐབས། ། རིག་གསར་ལམ་ཕྱོགས་ཀྱིས་བསྟན་དགོན་སྒྱུ་མའི་དཔེ་བཞིན་བསྒྱུར། སླར་ཡང། ཏང་གི་སྲིད་བཟང་འོག་འདྲེན་མཆོག་བླ་མ་ཤེས་རབ་དགེ་ལེགས་རིན་པོ་ཆེས་ སྤྱི་ལོ་༡༩༨༦བོད་མེ་སྟག་ལོར་དགོན་པ་ཉམས་གསོ་བྱས་ཏེ་ཕྱི་གཙུག་ལག་ཁང་དང་ནང་སྐུ་གསུང་ཐུགས་རྟེན། གསང་བ་ཐོས་བསམ་སྒོམ་སྒྲུབ་ཀྱི་བསྟན་པ་ཉམས་གསོ་མཛད་དེ་བསྟན་པ་རྗེས་བཞག་དང་བསྟན་འགྲོའི་དོན་མཛད་བཞིན་དགུང་ལོ་རེ་གཉིས་ཐོག་གཞའ་ཚོན་གྱི་འོད་དང་མེ་ཏོག་གི་ཆར་བཅས་སྐུ་གདུང་ཁྲུ་གང་ཙམ་ལས་མ་བཞག་པ་འཇའ་འོད་དུ་གཤེགས།
དེ་ནས་བླ་རབས་ཉེར་བདུན་པ་ད་ལྟའི་རྣམ་འདྲེན་སྐྱབས་རྗེ་འོད་ཟེར་སྦྱིན་པ་མཆོག་གིས་༡༩༩༦ལོར་སྒྲུབ་གྲྭ་སླར་གསོ་བྱས་པ་དང་༡༩༩༩ལོར་སྤྱི་ཟླ་༩ཚེས་༩ཉིན་བཤད་གྲྭ་བཙུགས་པ་དང་༢༠༠༣ལོའི་ཧོར་ཟླ་༣པའི་ཚེས་༥ཉིན་སྒོམ་གྲྭ་བཙུགས་པ་དང་བཅས་མདོར་ན་སྔར་མའི་རྒྱུན་ལྡན་གྱི་སྒྲིགས་སྲོལ་བཞིན་བཤད་སྒྲུབ་སྒོམ་གསུམ་གྱི་བསྟན་པ་ཕུན་སུམས་ཚོགས་པ་སྔར་ལས་ལྷག་པའི་སྒོ་ནས་བསྐྱར་གསོ་མཛད་དེ་སློབ་གཉེར་བ་ཉིས་བརྒྱ་ལྷག་ཙམ་ལ་ཕྱི་ཟས་གོས་གནས་མལ་དང་། ནང་བཅུ་ཕྲག་རིག་གནས། གསང་བ་མདོ་སྔགས་སེམས་གསུམ་གྱི་མཐུན་རྐྱེན་གང་ལེགས་སུ་མཛད་པ་དང་རང་དགོན་ཙམ་མ་ཡིན་པ་གཡུང་དྲུང་བོན་གྱི་བསྟན་པ་སྤྱི་ལ་བརྩེ་གཟིགས་ཀྱི་སྒོ་ནས་མདོ་དབུས་ཁམས་གསུམ་ན་གནས་པའི་དགོན་སྡེ་མང་པོ་ལ།
ཕྱི་ནང་གི་བསྟན་པའི་མཐུན་རྐྱེན་རྒྱ་ཆེར་བསྒྲུབས་པ་དང་ཁྱད་པར་དུ་བླ་མ་མཆོག་གི་སློབ་མ་རྣམས་ཡུལ་དགོན་གྱི་རེ་འདུན་བཞིན་མངགས་ནས་སྒྲུབ་སྡེ་བཅུ་གཅིག་ཙམ་བཙུགས་པ་དང་དེ་དག་ལ་མཐུན་རྐྱེན་རོགས་རམ་དང་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་གསར་བཞེངས་མཛད་ནས་སྔ་ཕྱི་ཚར་སྟོང་ཕྲག་གསུམ་ལྷག་ཙམ་འགྲེམ་སྤེལ་བྱས་པ་ལ་སོགས་མདོར་ན་བསྟན་འགྲོ་སྤྱི་ལ་སྨན་པའི་འཕྲིན་ལས་ལ་བརྩོན་བཞིན་མཆིས་ལགས།
ཞེས་ཁྱུང་པོ་སྟེང་དགོན་གྱི་ལོ་རྒྱུས་ལས་བཏུས་པའོ། །