ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> དགོན་སྡེ་རི་ཁྲོད། >> གཡུ་ཞིག་འབར་ཁམས་གཡུང་དྲུང་གླིང་ཚེ་དཔལ་དྲེའུ་དམར་ལྷ་ཁང་དགོན།
གཡུ་ཞིག་འབར་ཁམས་གཡུང་དྲུང་གླིང་ཚེ་དཔལ་དྲེའུ་དམར་ལྷ་ཁང་དགོན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་བཤེས་བསོད་ཀོ་ནས་བོད་ཡིག་ཏུ་བསྒྱུར།] [ཟླ་ཚེས། 12-02-05] [ཀློག་གྲངས། ]

   ༧ ཚེ་དཔལ་ལྷ་ཁང་ནི་གཡུང་དྲུང་བོན་གྱི་དགོན་པ་ཞིག་སྟེ། འབར་ཁམས་རྫོང་གི་ཉེ་འདབས་སུ་ཆགས་ཡོད། དགོན་འདིའི་ལོ་རྒྱུས་ནི། འབར་ཁམས་གཡུང་དྲུང་གླིང་ཐོག་མར་འདེབས་པའི་སྐབས་སུ། དགོན་འདི་ཉིད་འབར་ཁམས་གཡུང་དྲུང་གླིང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཏེ། <<རྔ་བ་ཁུལ་ཆོས་ལུགས་ཀུན་གསལ>>ནང་དུ་འདི་ལྟ་འཁོད་ཡོད། སྔོན་ཆད་གཡུ་ཞིག་བླ་མ་འབར་ཁམས་སུ་སླེབས་དུས། ད་ལྟའི་འབར་ཁམས་གཡུང་དྲུང་བོན་དགོན་འདི་བཏབ་པ་ཡིན། དེ་དང་ཆབས་གཅིག་ཏུ་ཁམས་གསུམ་བདག་མོ་སྲིད་རྒྱལ་ལྷ་ཁང་ཡང་བཞེངས་ཡོད། བླ་རབས་སོ་གཉིས་བརྒྱུད་ཀྱང་གཡུང་དྲུང་གི་བོན་རིན་པོ་ཆེ་དར་སྤེལ་བྱས་བྱུང་། དེ་རྗེས་ཉི་མ་རྒྱལ་མཚན་རིན་པོ་ཆེ་དང་ཤེས་རབ་རྒྱལ་མཚན་མཆོག་ཟུང་གིས། ས་དེ་རུ་བོན་གྱི་སྒོམ་སྒྲུབ་ཟབ་མོའི་རྒྱུན་བསྲངས་ཤིང་། བསྟན་འགྲོ་ལ་དབང་ལུང་མན་ངག་ཆར་སྙིལ། དེ་དུས་ཅོག་ཙེ་རྒྱལ་བོའི་མངའ་འབངས་ཚང་མ་གཡུང་དྲུང་གི་བོན་ལ་སྐྱབས་སུ་འགྲོ་མཁན་རྐྱང་རྐྱང་ཡིན། ཅོག་ཙེ་རྒྱལ་པོ་རིན་ཆེན་བསྟན་པ་རྒྱལ་མཚན་གྱི་སྐབས་སུ་། ཞྭ་སེར་ལ་དད་མཁན་བྱུང་བས། བན་བོན་གྱི་གྲུབ་མཐའི་རྩོད་གླེང་ཛ་དྲག་ཏུ་གྱུར་། དེ་རྗེས་ཅོག་ཙེ་རྒྱལ་པོ་གློ་བུར་ནད་ཀྱིས་འཆི། དམངས་ཁྲོད་དུ་རྒྱལ་པོས་སྲིད་རྒྱལ་ལྷ་ཁང་བཤིགས་པའི་རྐྱེན་གྱིས་ཡིན་པར་གྲགས། སྤྱི་ལོ་༡༩༤༨ལོར་། བློ་བཟང་སྦྱིན་པ་འབར་ཁམས་སུ་ཕེབས། ཁོང་ནི་བོན་ཆོས་དབྱེར་མེད་བྱེད་པའི་སྐྱེས་བུ་དམ་པ་ཞིག་སྟེ། སྔར་འབར་ཁམས་གཡུང་དྲུང་གླིང་གི་སྲིད་རྒྱལ་ལྷ་ཁང་རང་སར་བདག་གཉེར་བྱས་བྱུང་། སྲིད་རྒྱལ་ལྷ་ཁང་ནི་ཚ་པེ་སྡེ་བའི་བོན་དད་དམངས་ཚོགས་ཀྱི་འཇིགས་སྐྱབས་བྱ་ཡུལ་གཙོ་བོ་ཡིན་ཕྱིར། དེ་གཞིར་བཞག་གི་སྟེང་དུ་རིམ་གྱིས་རང་དབང་ཅན་གྱི་དགོན་པར་གྱུར་བ་ཡིན། དེང་སང་དགོན་མིང་ལ་ཚེ་དཔལ་ཐེག་མཆོག་གླིང་ཞེས་བརྗོད་ཀྱིན་གདའ། ཡོངས་གྲགས་སུ་ཚ་པེ་ལྷ་ཁང་ཟེར་གི་འདུག དེ་ཡང་ཁྱིམ་མིང་ལ་བདེ་ལ་ཟེར་བའི་ཞིང་པ་ཚང་ལ་གཡུ་ཞིག་བླ་མའི་ཡང་སྤྲུལ་འཁྲུངས། སྤྲུལ་པའི་སྐུ་མཆོག་དེ་ལ་གཡུང་དྲུང་བོན་གྱི་རྒྱུད་ལུང་མན་ངག་གནང་རྗེས། ལྷ་སའི་ཕྱོགས་སུ་གྲྭ་ས་ལ་བཞུགས་ནས་ཟབ་སྦྱོང་བྱས། གཡུང་དྲུང་བོན་གྱི་བླ་མ་ཆེན་པོར་གྱུར། ཕྱིས་སུ་ཕྱིར་ཕ་ཡུལ་དུ་ལོག ། དམངས་གཙོ་བཅོས་བསྒྱུར་གྱི་བར་བོན་བསྟན་ལ་འཛིན་སྐྱོང་སྤེལ་གསུམ་གྱིས་ལེགས་པར་བསྐྱངས། རིག་གནས་གསར་བརྗེ་སྐབས་དགོན་པ་བརླགས་ཤིང་ཆོས་ལུགས་མཛད་སྒོ་རྒྱུན་ཆད།
   སྤྱི་ལོ་༡༩༩༤ལོར་སྲིད་གཞུང་གི་སྒོ་འབྱེད་ཆོག་མཆན་གནང་། དགོན་གནས་ཚ་པེ་བཙན་ཁ་རི་སྐེད་དུ་སྤར་ཏེ་བསྐྱར་བཞེངས་མཛད། ཆོས་ལུགས་མཛད་སྒོ་སོར་ཆུད་བྱུང་། ༢༠༠༨ ལོར་དགོན་འདི་ལ་ས་ཁུངས་རྒྱ་ཁྱོན་སྤྱི་ལེར་༣༠༠༠ཡོད། དེའི་ནང་དུ་འདུ་ཁང་དང་ཆོས་ལུགས་སྤེལ་སའི་རྒྱ་ཁྱོིན་ལ་རྨིད༥༠༠ཡོད།
   ༼༡༽ དགོན་འདི་བདག་སྐྱོང་བྱས་པའི་བླ་རབས། <<བོད་རྒྱལ་མོ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང་>>ལྟར་ན་འདི་བཞིན་འཁོད་ཡོད། སྔོན་བྱོན་འབར་ཁམས་གཡུང་དྲུང་གླིང་ལ། གཡུ་ཞིག་བླ་མའི་བླ་བྲང་དང་འདུ་ཁང་ཆེན་མོ་སོགས་ཡོད་པ་མ་ཟད། གཡུ་ཞིག་དམ་པ་ནི། མདོ་སྨད་ཞིག་ཆེན་བཅོ་བརྒྱད་ལས་བྱུང་བ་ཡིན། བླ་མ་ཚུལ་ཀུན་རྒྱལ་རོང་ཕྱོགས་སུ་བོན་སྤེལ་དུ་བྱོན་པ་ནས་བཟུང་། དེའི་གདུང་རྒྱུད་ཟམ་མ་ཆད་པར་དར་ཞིང་། གཡུ་ཞིག་ཚུལ་ཀུན་གྱི་རྗེས་སུ། གདུང་རྒྱུད་འཛིན་པའི་བླ་་མ་ནི་གཡུང་དྲུང་རྒྱལ་མཚན་ཡིན་ཡང་། དེ་ཕྱིན་ཆད་ཀྱི་གཡུ་ཞིག་བླ་རབས་ནི། <<རྔ་བ་ཁུལ་ཆོས་ལུགས་ཀུན་གསལ་>>ལས། གཡུ་ཞིག་བླ་བརྒྱུད་གླེང་ཡོད་ལ། ད་དུང་དམངས་གཙོ་བཅོས་བསྒྱུར་ལ་ཉེ་བའི་གཡུ་ཞིག་བླ་མ་ཚུལ་ཁྲིམས་རྣམ་དག་དེའང་ཁ་གསལ་མཚན་བཀོད་ཡོད། <<རྔ་བ་ཁུལ་ཆོས་ལུགས་ཀུན་གསལ་>>ཡང་ན་<<བོད་རྒྱལ་མོ་རོང་གི་ལོ་རྒྱུལ་རབ་གསལ་མེ་ལོང་<<གང་ཡིན་རུང་། གཡུ་ཞིག་བླ་རྒྱུད་དམངས་གཙོ་བཅོས་བསྒྱུར་བར་དུ་གཏུགས་པ་རེད།
   དེ་དང་དུས་མཚུངས་སུ་<<བོད་རྒྱལ་མོ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང་>>དང་{བླ་མ་རྒྱུད་རིམ་གསོལ་འདེབས་}ཡང་ན་དམངས་ཁྲོད་ཀྱི་གཏམ་རྒྱུད་སོགས་ལ། གཡུ་ཞིག་བླ་མས་འབར་ཁམས་གཡུང་དྲུང་གླིང་དང་སྲིད་རྒྱལ་དྲེའུ་དམར་ལྷ་ཁང་བཞེངས་པ་ནས་ད་བར་བླ་རབས་སོ་གཉིས་བྱུང་ཟིན། བླ་རབས་བརྒྱུད་ཚུལ་ལ་ནང་གསེས་སུ་གདུང་རྒྱུད་འཛིན་པའི་བླ་མ་དང་ཡང་སྤྲུལ་བླ་མ། ཁག་གཉིས་བྱུང་ཞིང་། གདུང་རྒྱུད་བླ་རབས་ལོ་རྒྱུས་ཀྱི་དུས་ཡུན་རིང་ལ། ཡང་སྤྲུལ་བླ་མའི་ལོ་རྒྱུས་ཐུང་བ་ཡིན། བསོད་ནམས་རྒྱལ་མཚན་ཟིང་ཆུར་བྲོས་བྱོལ་ཕྱིན་ནས་ཡང་སྤྲུལ་བྱུང་བ་རེད། དེ་ལྟར་མིན་ན་<<རྔ་བ་ཁུལ་ཆོས་ལུགས་ཀུན་གསལ>>དུ་གཡུ་ཞིག་བསོད་ནམས་རྒྱལ་མཚན་གྱི་ཡང་སྤྲུལ་ཁྱིམ་མིང་ལ་བདེ་ལོ་འབོད་པའི་ཞིང་པ་ཚང་ལ་སྐྱེས་ཞེས་འཁོད་དོན་མེད། གཡུ་ཞིག་བླ་རབས་ཀྱི་གྲངས་འདྲེན་གཤམ་ལྟར།
   གཡུ་ཞིག་བླ་རབས་དང་པོ་ནི་རྟོགས་ལྡན་དམ་པ་གཡུ་ཞིག་ཟེར་ཞིང་། དེ་ནི་ཆོས་དད་དམངས་ཚོགས་ཀྱིས་བསྟོད་མིང་ཡིན་ལ། དངོས་མིང་གཙུག་ཕུད་ཚུལ་ཁྲིམས་ཡིན། ཁོང་དགོན་པ་ཐོག་མར་འཛུགས་མཁན་ཡིན་སྟབས། འབར་ཁམས་བླ་མ་ཁྲི་རྒན་ཡང་ཟེར་། ཁྲི་རྒན་བླ་མ་ཁོང་བོད་རབ་བྱུང་དང་པོའི་ལྕགས་རྟ་ལོ་{སྤྱི་ལོ་༡༠༣༠}འབར་ཁམས་སུ་ཕེབས་ཏེ་གཡུང་དྲུང་གླིང་ཕྱག་བཏབ་གནང་པ་ལགས། མ་ཟད་དྲེའུ་དམར་ལྷ་ཁང་བཞེངས་ཡོད། བྷོ་ལ་ཚུལ་ཁྲིམས་ཡེ་ཤེས་སོགས་སློབ་མ་མང་པོ་གསོ་སྐྱོང་མཛད། བྷོ་ལ་ཚུལ་ཁྲིམས་ཡེ་ཤེས་ཀྱིས་དེང་སྐབས་བྷོ་ལ་དགོན་པའི་ཐོག་མ་རི་ཁྲོད་བསྐྲུན་པ་རེད། བླ་རབ་གཉིས་པ་ཀུན་དགའ་ཞིག་པོ། བླ་རབས་གསུམ་པ་བོན་བླ་ཁྲི་པ་བཟང་པོ། བླ་རབས་འདི་ཉིད་<<བོད་རྒྱལ་མོ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང་>>ནང་དུ་མན་ཇུའི་གོང་མས་བླ་རུ་བཀུར་ཏེ། བདེ་སྐྱོང་ཡུང་བདག་གི་བཀའ་ཤོག་དང་ཐམ་ཀ་སོགས་ཐོབ་པར་བཤད་། བླ་རབས་བཞི་པ་ལྷུན་འགྲུབ་འོད་ཟེར་། བླ་རབས་ལྔ་པ་ཡེ་ཤེས་བློ་གྲོས བླ་རབས་དྲུག་པ་བློ་གྲོས་ཆེན་པོ། བླ་རབས་བདུན་པ་བློ་གྲོས་ནམ་མཁའ། བརྒྱད་པ་ལྷུན་གྲུབ་རྒྱལ་རྒྱལ་མཚན། དགུ་པ་དཔལ་འབྱོར་ལྷུན་གྲུབ། བཅུ་པ་ཀུན་དགའ་རྒྱལ་མཚན། བཅུ་གཅིག་པ་བསྟན་པ་འོད་ཟེར་། བཅུ་གཉིས་པ་ཉི་མ་འོད་ཟེར་། བཅུ་གསུམ་པ་འགྱུར་མེད་གཙུག་ཕུད། བཅུ་བཞི་བསྟན་པ་དབང་རྒྱལ། བཅོ་ལྔ་པ་ཚུལ་ཁྲིམས་དབང་རྒྱལ། བཅུ་དྲུག་པ་གཡུང་དྲུང་དབང་རྒྱལ། བཅུ་བདུན་པ་ཡེ་ཤེས་རྒྱལ་མཚན། བཅོ་བརྒྱད་པ་གཙུག་ཕུད་འོད་ཟེར། བཅུ་དགུ་པ་ནམ་མཁའ་རྒྱལ་མཚན། ཉི་ཤུ་པ་བློ་གྲོས་རྒྱལ་མཚན། ཉེར་གཅིག་པ་གཙུག་ཕུད་དབང་རྒྱལ། ཉེར་གཉིས་པ་རིན་ཆེན་འོད་ཟེར་། ཉེར་གསུམ་པ་ཚེ་དབང་རྒྱལ་མཚན། ཉེར་བཞི་པ་དྲི་མེད་རྒྱལ་མཚན། ཉེར་ལྔ་པ་རྣམ་དག་དབང་རྒྱལ། ཉེར་དྲུག་པ་གཡུང་དྲུང་རིན་ཆེན། ཉེར་བདུན་པ་ཡེ་ཤེས་ཚུལ་ཁྲིམས། ཉེར་བརྒྱད་པ་བསྟན་བསྟན་འཛིན་རྒྱལ་མཚན། ཉེར་དགུ་ཡོན་ཏན་ཕུན་ཚོགས། སུམ་བཅུ་པ་གཡུང་དྲུང་རྒྱལ་མཚན། བླ་རབས་སོ་གཅིག་པ་བསོད་ནམ་རྒྱལ་མཚན། ཁོང་ནི་དགེ་ལུགས་པ་དང་གྲུབ་མཐའི་རྩོད་འཁྲུག་བྱུང་སྐབས། བོད་རབ་བྱུང་བཅོ་ལྔ་པ་ཤིང་བྱ་ལོར་གཞན་གྱིས་དམག་སྐུལ་ཏེ་འབར་ཁམས་གཡུང་དྲུང་གླིང་ནུབ་པས་ཤར་པ་ཁྲི་སྐྱང་ཡུལ་དུ་བྲོས་ཤོར་བྱས། དེ་རྗེས་ཁོང་ཁྲི་སྐྱང་ཡུལ་ནས་དགོངས་པ་བོན་དབྱིངས་སུ་ཐིམས། བླ་རབས་སོ་གཉིས་པ་ཚུལ་ཁྲིམས་རྣམ་དག་ཡིན། ཁོང་གི་སྐྱེ་བ་སྔ་མ་བླ་མ་བསོད་ནམས་རྒྱལ་མཚན་དགོངས་པ་རྫོགས་རྗེས། མདོ་སྨད་རྔ་བ་སྣང་ཞིག་དགོན་གྱི་སྣང་ཞིག་སྐུ་ཕྲེང་སོ་བདུན་པ་སྣང་སྟོན་ཆེན་པོ་ནམ་ཁའ་བློ་གྲོས་ཀྱིས་ཚུལ་ཁྲིམས་རྣམ་དག་ཁོང་ཉིད། གཡུ་ཞིག་བསོད་ནམས་རྒྱལ་མཚན་གྱི་ཡང་སྤྲུལ་དུ་ངོས་འཛིན་བྱས། གཡུ་ཞིག་བླ་རབས་གདུང་རྒྱུད་ནས་སྤྲུལ་རྒྱུད་ལ་བླ་མ་བསོད་ནམས་རྒྱལ་མཚན་གྱི་ཡང་སྤྲུལ་ནས་འགོ་བཟུང་བ་རེད། དེ་ཕྱིར་སྤྲུལ་སྐུ་དང་པོ་བསོད་ནམས་རྒྱལ་མཚན། གཉིས་པ་ཚུལ་ཁྲིམས་རྣམས་དག་ཁོང་སྤྱི་ལོ་༡༩༤༩ལོ་ཟླ༣པར་འདས། ད་ལྟ་དགོན་བདག་བླ་མ་གཡུ་ཞིག་ཤེས་རབ་རྣམ་དག་ཡིན། ཁོང་གིས་དགོན་པའི་དམངས་གཙོའི་དོན་དམ་ཁང་གི་གཙོ་འགན་བཞེས་ཤིང་དགོན་པ་བདག་གཉེར་བྱེད་ཀྱིན་མཆིས།
   ༼༢༽དགོན་ནང་དུ་རྒྱལ་བའི་སྐུ་གསུང་ཐུགས་གསུམ་གྱི་རྟེན་སོགས་ལྷ་ཆས་མང་ཞིང་། རྟེན་གཙོ་རྣམ་པར་རྒྱལ་བ་ཡིན། སྟོན་པ་གཤེན་རབ། ཚེ་དཔག་མེད། བྱམས་མ་རིགས་ཀྱི་འཇིག་སྐྱོབས། རྫོགས་སྐུ་གཤེན་ལྷ་འོད་དཀར་། ཞི་བ་ཨ་གསལ། དབལ་གསས་རྔམ་པ། ཁྲོ་བོ་རྣམ་འཇོམས། སྲིད་རྒྱལ་དྲེའུ་དམར་། ཐང་ཀའི་རིགས་ལ། རྒྱལ་བ་རྒྱ་མཚོ་ཕྱག་སྟོང་སྤྱན་སྟོང་། བྱམས་མ་རིགས་ལྔ། སྨྲ་སེང་རིགས་ལྔ། ཀུན་ཏུ་བཟང་པོ། ཡི་དམ་ཨ་བསྭེ། གདུགས་དཀར། མ་རྒྱུད། ཡི་དམ་སྟག་ལ། ཕོ་རྒྱུད་སྲུང་མའི་ལྷ་ཚོགས། ཡེ་ཤེས་དབལ་མོ། དྲག་བཙན་ཨ་བསྭེ་དགྲ་འདུལ། ད་རུང་རྒྱལ་ཆེན་སྡེ་བཞི་དང་། གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ། ཕྱི་ནང་གསང་གསུམ་གྱི་གསུང་པོད་ཆ་ཚང་། གསེར་དངུལ་གྱི་བྲིས་པའི་གནའ་ཡིག་དགོན་པའི་མཐའ་སྐོར་དུ་མཆོད་རྟེན་བརྒྱ་དང་བརྒྱད་སྐྲུན་བཞིན་ཡོད།
   ༼༣༽དགོན་པའི་སྒྲུབ་སྦྱོང་དང་མཛད་སྒོ། དགོན་འདིའི་གྲྭ་བའི་བོན་སྦྱང་སྤྱིར་སྟངས་རྔ་བ་སྣང་ཞིག་དགོན་དུ་འགྲོ་རྒྱུ་རེ། ལོ་རེར་ཐེངས་རེའི་བོན་སྤྱོད་མཛད་སྒོ་བོད་རྩིས་ལྟར་ན་གཤམ་གསལ་བོད་ཟླ་དང་པོའི་ཚེས་བཞི་ནས་ཚེས་ལྔའི་བར་མཉམ་མེད་བླ་མའི་སྒྲུབ་མཆོད་ཡིན། ཚེས་བཅུ་ནས་བཅོ་ལྔའི་བར་དབལ་གསས་སྒྲུབ་མཆོད་ཡོད། དེ་དང་དུས་མཚུངས་སུ་འབར་ཁམས་ཚེ་ལུང་སྡེ་བ་དང་པོ་དང་ཚ་པེ་སྡེ་བ་མཉམ་པོར་ལབ་ཙེ་གསོ་བར་འགྲོ་རྒྱུ་རེད། བོད་ཟླ་གཉིས་པར་གདུགས་དཀར་སྒྲུབ་པ་འཚོགས་དགོས། བོད་ཟླ་བཞི་པའི་ཚེས་བཅུ་གསུམ་བཅུ་བཞི་གཉིས་ལ། སྨྱུང་གནས་དུས་ཆེན་ཡིན་ཕྱིར། མང་ཚོགས་དགོན་ནང་དུ་མཇལ་སྐོར་ལ་ཡོང་སྲོལ་ཡོད། བོད་ཟླ་ལྔ་བ་རྣམ་པར་རྒྱལ་བའི་སྒྲུབ་ཆེན་དང་མཎྡལ་ཚོགས་མཆོད། ལྷ་དང་སྲུང་མའི་ཚོགས་བརྒྱ་སོགས་ཡོད། བོད་ཟླ་དྲུག་པ་ལ། ཡུལ་ལྷ་རི་གཉན་རྣམ་གཉིས་བསྟོད་རྒྱུ་དེ་རེད། བོད་ཟླ་བཅུ་གཉིས་པ། ཚེས་ཉེར་བདུན་ནས་ཉེར་དགུ་བར་ཉིན་གསུམ་ལ་དགུ་གཏོར་ཆེན་མོ་འཚོགས་རྒྱུ་རེད། 
   ༼༤༽དགོན་པ་གཞན་དང་འབྲེལ་བ་ནི། དགོན་འདི་ཉིད་རྔ་བ་སྣང་ཞིག་དགོན་ཆེན། དམར་ཐང་རྫོང་ཚ་ལུང་དགོན། འབར་ཁམས་ཁུལ་གྱི་སོ་མང་དགོན། བྷོ་ལ་དགོན། ཨ་ཏི་ཀུན་ཏ་དགོན་སོགས་ལ་འབྲེལ་བ་ཟབ་པ་ཡིན།
   ༼༥༽ཡོན་བདག་དང་བོན་དད་མང་ཚོགས་གྲྭ་བའི་ཐོན་ཁུངས་ནི། སྔོ་ཚལ་ཚན་ཆུང་དང་པོ་དང་ཚ་དཔལ་བཅས་གྲོང་གཉིས་ཡིན།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག