དབང་ལྡན་ཞུ་ཡི་བཙུན་དགོན་གདོང་རྫོང་སྨུག་མོ་རི་ཁྲོད་ཀྱི་ ལོ་རྒྱུས་མདོར་བསྡུས།
༧མ་འདྲིས་འགྲོ་བའི་གཉེན་པོ་བསྐལ་བཟང་རྣམ་འདྲེན་བརྒྱད་པ་མཉམ་མེད་ཐོད་དཀར་སྲས་པོའི་ཐུགས་ཀྱི་ཉིང་ཁུ་ཞྭ་དཀར་བསྟན་པའི་རིང་ལུགས་སམ། ཞང་བོད་ནོར་འཛིན་དབུས་ནས་འཁྲུངས་པའི་བོད་རྣལ་མའི་ཆོས་ལུགས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་སའི་འདུ་གནས་ཀྱི་དགོན་སྡེ་ལ་ཐོག་མར་སྟག་གཟིགས་འོལ་མོ་ལུང་རིང་དུ། ༧སྟོན་མཆོག་ཁྲི་གཙུག་རྒྱལ་བས་འཁོར་རིགས་ཅན་གསུམ་གྱི་སྡེ་ཚོགས་ལ་ཕོ་རྣམས་ཉིས་བརྒྱ་ལྔ་བཅུ་དང་། མོ་རྣམས་སུམ་བརྒྱ་དྲུག་ཅུ་བཅས་སོ་ཐར་འདུལ་བའི་བསྡོམ་ཁྲིམས་ཚང་པར་གནང་སྟེ་ཕོ་གླིང་ཁྲི་སྨོན་རྒྱལ་བཞད་དང་མོ་གླིང་ཁོ་མ་ནེའུ་ཆུང་སོ་སོར་ཕྱེས་ཏེ་འདུས་སྡེ་ཆགས་པའི་སྲོལ་གཏོད་པ་ནས་གཟུང་། ཞང་བོད་ས་ཡི་ལྟེ་བར་དགོན་སྡེ་ཆེ་ཆུང་སྣ་ཚོགས་ཆུ་ལམ་བཞུགས་ཚུལ་དུ་བྱུང་མྱོང་ཡོད། དེ་ཡང་སྤྱི་ལོའི་སྔོན་གྱི་ལོ་༩༠༠ཡན་མིན་དུ་སངས་རྒྱས་བསྟན་པ་སྔ་དར་གྱི་དུས་སྐབས་ན་བོད་ཀྱི་རྒྱལ་རབས་གཉིས་པ་མུ་ཁྲི་བཙན་པོས་ཞང་བོད་ས་གཞིའི་ཐོག་ཏུ། བོན་གྱི་བཙུན་མའི་དགོན་པ་དང་གྲྭ་དགོན་སྔགས་དགོན་བཅས་འདུ་གནས་སོ་བདུན་ཕྱག་བཏབ་ཏེ་བསྟན་པ་རིན་པོ་ཆེ་བཤད་ཁྲིད་དང་ཉམས་ལེན་གྱི་གདམ་བརྒྱུད་མ་ཆད་པར་འཛིན་སྐྱོང་སྤེལ་གསུམ་བྱས་པས་མཐོ་སྒང་གངས་རིའི་ཞིང་མཆོག་ཧྲིལ་པོ་སངས་རྒྱས་གཡུང་དྲུང་བོན་གྱི་ཉི་འོད་ཀྱིས་ཁྱབ་པར་བྱུང་བ་ཡིན། བསྟན་པ་ཕྱི་དར་སྐབས་སུ་གཤེན་དང་བྲུ་ཞུ་སྤ་སྨེའུ་ཁྱུང་དང་བཅས་པའི་གདུང་རྒྱུད་ཆེན་པོ་དྲུག་གི་གཙོས་པའི་བླ་སྤྲུལ་སྐྱེས་ཆེན་རྣམས་ཀྱིས་ཕྱག་བཏབས་པའི་སྔགས་དགོན་དང། གྲྭ་དགོན། བཙུན་མའི་དགོན་པ་བཅས་བོད་ཡུལ་ཙམ་མ་ཟད་ལྗོངས་ཕྱི་ནང་ཀུན་ཏུ་སངས་རྒྱས་བསྟན་པ་རིན་པོ་ཆེ་ལ་ཐོས་བསམ་དང་ཉམས་ལེན་བྱེད་སའི་འདུ་གནས་ཀྱི་དགོན་སྡེ་བསམ་གྱིས་མི་ཁྱབ་པ། གང་སར་བཞེངས་བསྐྲུན་བྱས་ཡོད་པ་ནི་སྐལ་ལྡན་དྭངས་བ་འདྲེན་པའི་མིག་གི་ལོངས་སྤྱོད་དུ་གྱུར་ཡོད།། ད་ལན་སྐབས་སུ་བབས་པའི་གླེང་གཞིའི་དོན་ནི་དབང་ལྡན་ཞུ་ཡི་བཙུན་མའི་འདུ་གནས་ལྡོང་རྫོང་སྨུག་མོ་རི་ཁྲོད་ཀྱི་བྱུང་རིམ་ལ།། ཐོག་མར་རི་ཁྲོད་འདི་ཉིད་ཕྱག་འདེབས་པ་པོ་དཔོན་གསས་གང་གི་འབྱུང་ཁུངས་དང་འབྲེལ་བའི་ཞུ་ཚང་གི་ལོ་རྒྱུས་དང་། དགོན་དངོས་ཕྱག་བཏབ་ཚུལ། བར་དུ་ཁྲི་རབས་བླ་སྤྲུལ་ཁག་ནས་གོང་མའི་བཀའ་ཤོག་དང་བོད་གཞུང་ནས་ཆེ་རྟགས་ཀྱི་ཡིག་ཚང་བླང་སྟེ་དགོན་གནས་རྒྱ་བསྐྱེད་བཏང་ཚུལ་དང་། དགོན་གྱི་གཞི་ཁྱོན་དང་འདུ་ཚོགས། སྐུ་གསུང་ཐུགས་རྟེན་གྱི་རིན་དངོས་བཅས་ཇི་ལྟར་ཡོད་ཚུལ། འོག་ཏུ་རིག་གསར་གོད་ཆག་རྗེས་སུ་ཉམས་གསོ་ཇི་ལྟར་བྱུང་ཚུལ་བཅས་ས་བཅད་གསུམ་གྱི་ཁོང་དུ་བསྡུས་ཏེ་འཆད་པ་ལ།།
༧དང་པོ་དགོན་གནས་འདི་ཉིད་ཀྱི་ཁྲི་རབས་ཐོག་མ་ཞུ་སྟོན་ཁྲོ་རྒྱལ་གྲགས་པ་གང་གི་ལོ་རྒྱུས་ལས་འཕྲོས་ཏེ་བོན་གྱི་གདུང་རྒྱུད་ཆེ་དྲུག་ནང་ཚན་དབང་ལྡན་ཞུ་ཡི་གདུང་རབས་ཇི་ལྟར་བྱུང་ཚུལ་སྐོར་རགས་ཙམ་གླེང་ན། ༧དེ་ཡང་ཞུ་གཡས་ཉི་མ་གྲགས་པའི་མཛད་པས་གདུང་རབས་ཀྱི་ལོ་རྒྱུས་ཡིག་ཚག་ལྟར། བོད་ཀྱི་རྒྱལ་རབས་དགུ་པ་གྲི་གུམ་བཙན་པོའི་སྐབས་སུ་འབངས་ཀྱིས་གླིང་ལོག་བྱུང་སྟེ། ལོ་ངམ་རྟ་རྫིའི་གཡོ་ཐབས་ཀྱིས་བོད་རྒྱལ་བཀུམས་ཏེ་གཤིན་པོའི་རྣམ་ཤེས་གྲི་གཤིད་དུ་ལྡོང་བས། སྲས་སྤུ་དེ་གུང་རྒྱལ་གྱིས་ཞང་ཞུང་ཁ་ཡུག་གི་ཡུལ་ནས་སྨུག་པོ་ལྡོང་གི་ཚ་བུ་འབྲི་གཡས་བོན་པོ་ལྕགས་ཀྱི་བྱ་རུ་ཅན་ཞེས་བྱ་བ་སྤྱན་དྲངས་ཏེ། ཀོང་ཡུལ་བྲེ་སྣར་འདུར་ཐབས་སུམ་བརྒྱ་དྲུག་ཅུའི་སྒོ་ནས་གཤིན་པོ་བདེ་གནས་སུ་དྲངས་ཤིང་གསོན་གྱི་རྐྱེན་བགེགས་སེལ་བར་མཛད་པའི་བོན་གཤེན་མཐུ་སྟོབས་ཅན་ཞིག་མངའ་བ་དེ་ཞུ་ཚང་གི་བརྒྱུད་པའི་ཁུངས་སུ་སྣང། དེའི་སྲས་དབལ་བོན་སྲིད་རྒོད་ནས་ཐར་པ་བྱང་ཆུབ་བར་དུ་གདུང་རབས་གསེར་རིའི་འཕྲེང་ལྟར་བྱོན་པ་ཐམས་ཅད་ཀྱིས་གཙང་གི་ཡུལ་ [རི་ཞིང་ཤབ་ཀྱི་བ་མོ]རང་དུ་བཞུགས་ནས་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱས་པས་དེར་ཞུ་ཚང་མ་དགོན་ནམ་ལྟེ་བ་རུ་གྱུར། ཕྱིས་བྱུང་ཞུ་ཚང་རྣམས་ཀྱི་གྲོལ་ཕུག་ཀྱང་དེ་ལ་ཐུག་ཡོད།།
བསྟན་པ་ཕྱི་དར་གྱི་སྐབས་དེར་ཞུ་ཚང་བླ་རབས་རིམ་བྱོན་ནང་ནས་ཁྱད་དུ་འཕགས་པ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་གསང་སྔགས་བསྟན་པའི་མདོ་འཛིན་ ༧དབང་ལྡན་ཞུ་གཡས་ལེགས་པོ་ཞེས་སྙན་པའི་གྲགས་པ་ས་གསུམ་དུ་ཁྱབ་པའི་སྐྱེས་བུ་དམ་པ་ཁོང་འགྲོ་བའི་དཔལ་དུ་བྱོན་པ་ཡིན་ཞིང། སྐྱེས་མཆོག་ཁོང་ནི་ཡབ་ཐར་པ་བྱང་ཆུབ་དང་ཡུམ་སྨན་བཟའ་ལྷ་ལྕམ་གཉིས་ ཀྱི་སྲས་གསུམ་གྱི་ཐ་ཆུང་དུ། སྤྱི་ལོ་༡༠༠༢དང་བོད་ཆུ་སྟག་ལོར་བཀྲ་ཤིས་ཚེས་དགེ་བཟང་བའི་དུས་ཞིག་ཏུ་སྐུ་བལྟམས། ཁོང་སྐུ་འཁྲུངས་པའི་དུས་དེར་ཡབ་ཡུམ་གྱི་རྨིས་བལྟས་དང་ཡུལ་ཁམས་སུ་ འཁྲུངས་རྟགས་ཀྱི་དགེ་མཚན་ལེགས་པར་བརྟེན། ཡབ་ཀྱིས་དམ་པ་ཁོང་གི་མཚན་དུ་ལེགས་པོ་ཞེས་བཏགས། སྐྱེས་མཆོག་ཁོང་ནི་རྒྱལ་གཤེན་མི་ལུས་བསམ་ལེགས་བསམ་བཞིན་སྙིགས་དུས་བསྟན་འགྲོའི་མགོན་དུ་བྱོན་པ་མ་སྲིང་མཁའ་འགྲོའི་ལུང་གིས་ཟིན་ཞིང། ཕྱི་དར་བསྟན་པའི་སྒྲོན་མེ་གཤེན་ཆེན་ཀླུ་དགའི་བཀའ་བབ་བུ་ཆེན་བཞི་ཡི་ཐུ་བོ་གསང་སྔགས་བསྟན་པའི་གཉེར་དཔོན་དུ་གྱུར། ཞུ་གཡས་ལེགས་པོའི་འཁོར་འདུས་སློབ་བུའི་ཚོགས་ལས་གཏེར་སློབ་མཆོག་ལྔ་དང། རང་མགོ་ཐོན་པ་ཉེར་གཅིག ལམ་དུ་ཆུད་པ་བརྒྱ་ཕྲག་ཞེས་སོགས་སྨིན་གྲོལ་བྱུང་བའི་སློབ་མ་ཡང་མང་པོ་བྱུང་ཡོད། བླ་མ་ཞུ་གཡས་ལེགས་པོའི་སྲས་སྐྱིད་པོ་ཇོ་ཐོག་དང་། ཞུ་གཡས་སྐྱིད་པོ་ཇོ་ཐོག་ལ་སྲས་བཞི་ཡོད་པ་ནི། ཞུ་སྐྱེ་སེ་ཆེན་པོ་དང་། ཞུ་སྒོམ་འཁྲུལ་ཞིག་དང་། ཞུ་བྲག་ནག་ནམ་མཁའ་མཁྱེན་རབ། ཅུང་ཇོ་འབར་བཅས་ཡིན། ཞུ་སྐྱེ་སེ་ཆེན་པོའི་སྲས་ཞུ་སྒྲོལ་བ་གཤེན་རྒྱལ་ནས་ཞུ་གཡས་བཀའ་རྒྱུད་ཀྱི་བླ་རབས་རིམ་པར་རྒྱུད་དེ་ཞུ་ཚེ་དབང་མི་འགྱུར་སྙིང་པོའི་བར་རྐྱང་སྒྲིག་གི་ཚུལ་དུ་བླ་རབས་དྲུག་ཅུ་རེ་བརྒྱད་ཙམ་བྱུང་བ་དེ་རྣམས་ནི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་འབའ་ཞིག་ཏུ་བྱུང་བ་ཡིན་ནོ། དེ་དག་ནི་དབུས་གཙང་ཁུལ་གྱི་ཞུ་ཚང་གདུང་རབས་གྲོལ་ཚུལ་ཙམ་ཡིན།།
༧ ད་ནི་ལྡོང་རྫོང་ཞུ་ཚང་དགོན་གྱི་ཆགས་རབས་དངོས་ལ། དབང་ལྡན་ཞུ་གཡས་ལེགས་པོ་ནས་རྩིས་པའི་བླ་རབས་བདུན་པ་ ༧ཞུ་སྟོན་ཁྲོ་རྒྱལ་གྲགས་པ་ཁོང་སྐུ་ན་གཞོན་དུས་རང་དགོན་གདན་ས་རི་ཞིང་དགོན་དུ་ཁུ་བོ་ཞུ་སྒོམ་རིན་པོ་ཆེའི་མདུན་དུ་ཐུན་མོང་རིག་གནས་སྤྱི་དང་ལྷག་པར་སྔོན་འགྲོ་རྩ་རླུང་མུན་མཚམས་ཐོད་བརྒལ་སོགས་སྔགས་སེམས་ལྟ་བའི་ཉམས་ལེན་ལ་གདར་ཤ་ལེགས་པར་བཅད་དེ་དགུང་ལོ་སོ་བརྒྱད་ཐོག་འགྲོ་དོན་མདོ་ཁམས་ཧོར་ཁྱུང་ཡུལ་དུ་ཞབས་ཀྱིས་བཅགས་ནས། ཁྱུང་དཀར་སྟོད་ཀྱི་ས་ཆ་ཁྱུང་གཉིས་ལ་ཡི་ཉེ་འགྲམ་ལྡོང་རྫོང་གཞི་བདག་སྨུག་མོ་མཆེད་བརྒྱད་ཀྱི་རི་ཞོལ་དུ་དགོན་གནས་ཆགས་སའི་གནས་ཕུན་སུམ་ཚོགས་པར་གཟིགས་ཏེ། དགག་བྱ་དང་དགོས་པ་རྒྱ་ཆེར་དམིགས་ནས་ལྡོང་རྫོང་བཙུན་མའི་དགོན་པ་འདི་རབ་བྱུང་གསུམ་པའི་ནང་དུ་ཐོག་མར་ཕྱག་བཏབས། དེ་རྗེས་དམ་པ་ཁོང་ཡབ་གཞིས་སུ་བྱོན་ཏེ་ཁུ་བོ་ཞུ་སྒོམ་རིན་པོ་ཆེ་ཁྱུང་ཡུལ་དུ་གདན་དྲངས་ནས་ཁོང་ཁུ་དབོན་གཉིས་ཀྱིས་ཞུ་ཚང་གི་གདན་ས་བཟུང་སྟེ་གནས་དེར་བསྟན་པ་བསྐྱངས་ནས་རིམ་པར་རྒྱུད་པའི་གདུང་རབས་རྣམས་འབྲང་རྫོང་ངམ་ལྡོང་རྫོང་ཞུ་ཚང་ཞེས་པའི་བླ་དག་ཆགས་ཡོད།།
༧གཉིས་པ་དགོན་གནས་འདི་ཉིད་ཕྱག་བཏབ་ནས་ད་བར་མི་ལོ་དགུ་རྒྱ་༩༠༠ཙམ་གྱི་ལོ་རྒྱུས་ལྡན་པས་ཁྲི་འཛིན་བླ་རབས་དུ་མ་ཞིག་བྱོན་མྱོང་བ་ལོ་རྒྱུས་ཀྱི་དོན་དུ་གནས་ཀྱང་མཁན་རབས་མང་པོ་ཞིག་གི་མཚན་བྱང་ནི། དགོན་གྱི་ལོ་རྒྱུས་ཡིག་ཚག་དང་མཉམ་དུ་དུས་འགྱུར་ནང་དུ་གཏོར་བརླགས་སོང་བ་བརྟེན་འདིར་ཞིབ་རྒྱས་སུ་སྨྲ་བའི་བདེན་དཔངས་མ་བརྙེད།།
ད་ལྟ་སོ་སོས་ཤེས་གསལ་ལྟར་གྱི་བླ་རབས་བཅུ་གཉིས་ཀྱི་མཚན་མཐོ་རིམ་གྱིས་བགྲངས་ན། ༡ ཞུ་སྟོན་ཁྲོ་རྒྱལ་གྲགས་པ། ༢ ཞུ་སྟོན་ལྷུན་འགྲུབ་གྲགས་པ། ༣ ཞུ་ཉི་མ་གྲགས་པ། [འདི་རྩེ་དྲུག་དང་ལྡོང་རྫོང་གཉིས་ཀྱི་དབུ་བླ་ཡིན།] ༤ ཞུ་བཙུན་གཡུང་དྲུང་ཁྲི་འོད།༥ ཞུ་བཙུན་གཡུང་དྲུང་དཔལ་མོ། ༦ ཞུ་བཙུན་ཚུལ་ཁྲིམས་དཔལ་མོ། ༧ ཁྲི་འོད་སྒྲོན་མ། ༨ ཚུལ་ཁྲིམས་ཚུལ་མཛེས། ༩ ཞུ་ནམ་མཁའ་གྲགས་པ། ༡༠ ཞུ་ཉི་མ་རྒྱལ་མཚན།༡༡རྗེ་བཙུན་ཚུལ་ཁྲིམས་དཔལ་བཟང་།༡༢ དཔལ་ལྡན་བཟང་མོ་བཅས་ཡིན། བླ་རབས་དེ་དག་གི་ཁྲོད་དུ་བསྟན་ལ་མཛད་རྗེས་གཟེངས་སུ་མཐོན་པའི་བླ་སྤྲུལ་སྐྱེས་ཆེན་དུ་མ་ཞིག་བྱོན་མྱོང་ཡོད་དེ། ཞུ་སྟོན་ལྷུན་འགྲུབ་ཡབ་སྲས་ཀྱི་སྐུ་རིང་དུ་བླ་མའི་མཐུ་སྟོབས་བྱིན་བརླབས་སོགས་ཀྱིས་ནད་གཅོད་གདོན་འདུལ་ལས་ལ་གྲགས་པ་ས་གསུམ་ཁྱབ་སྟེ་རྒྱ་ནག་གོང་མ་ཆེན་མོའི་བླ་ཡི་མཆོད་གནས་སུ་བཀུར་བ་མ་ཟད། མཆོད་ཡོན་དུ་ལྡོང་རྫོང་བླ་དགོན་གཉིས་ནས་མདོ་ཁམས་ཁུལ་གྱི་ཞུ་ཚང་དགོན་ཁག་ཆེ་ལྔ་ལ་ལྟ་ལྟོགས་ཆོག་པའི་བཀའ་ཤོག་དམ་སྦྱར་དང།དགོན་གནས་རྒྱ་བསྐྱེད་གཏོང་བའི་མཐུན་རྐྱེན་དངུལ་དངོས་སོགས་འདང་ངེས་སུ་གནང། [ལྡོང་རྫོང་ཞུ་ཚང་བླ་རབས་ཀྱིས་སྐྱོང་བའི་ཞུ་དགོན་ཁག་ལྔ་ནི། སོགས་གཡུང་དྲུང་གླིང་དང་། འབྲི་རུ་གསའ་མདའ་བོན་དགོན། སེན་རྩ་ཆུ་མ་དགོན། ཀླུ་མཁར་དགོན། ལྷོ་རོང་ཁྲ་རྒན་དགོན་བཅས་ཡིན། ] དེ་བཞིན་བོད་ས་གནས་སྲིད་གཞུང་གི་རྒྱལ་དབང་སྐུ་འཕྲེང་རིམ་བྱོན་གྱིས་དགོན་གནས་འདི་ཉིད་བོན་གྱི་བཙུན་དགོན་བཟང་ཤོས་ཞིག་ཏུ་ངོས་འཛིན་གནང་སྟེ་གོང་མའི་བཀའ་ཤོག་ལ་རྒྱབ་གནོན་དང་གཏན་ཚིགས་ཀྱང་རིམ་པར་གནང་མྱོང་། དཔེར་ན་རྒྱལ་དབང་སྐུ་འཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་དང་བཞི་པ་ཡོན་ཏན་རྒྱ་མཚོ་གཉིས་ཀྱིས་གནང་བའི་བཀའ་ཤོག་དང་། དེ་བཞིན་རྒྱལ་དབང་ལྔ་པ་ཆེན་པོས་བཀའ་ཤོག་ཤེ་བུམ་དང་མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གནང་བའི་གཏན་ཚིགས་དང། རྒྱལ་དབང་སྐུ་འཕྲེང་དྲུག་པའི་གནང་བའི་གཏན་ཚིགས་དང་། བདུན་པའི་གནང་བའི་རྒྱབ་གནོན་སོགས་ཡོད། འགངས་ཆེན་བཀའ་ཤོག་དེ་དག་ལས་ཁ་ཅིག་དུས་འགྱུར་གྱི་སྐབས་སུ་གཏོར་བརླགས་སོང་ཡང། རྒྱལ་དབང་སྐུ་འཕྲེང་ལྔ་པའི་བསྩལ་བའི་ཤེ་བུམ་དང། རྒྱལ་དབང་དྲུག་པའི་གནང་བའི་གཏན་ཚིགས་རྒྱལ་དབང་བདུན་པའི་རྒྱབ་སྣོན་དང། གོང་མའི་བཀའ་ཤོག་ཞལ་ཤུས་སོགས་རིན་དངོས་མང་པོ་ཞིག་རིག་གསར་གྱི་གོད་ཆགས་ནང་དུ་ཞུ་བཙུན་དཔལ་ལྡན་བཟང་མོ་དང་ནག་རི་སྟོད་ཨ་རྡོ་སྐལ་བཟང་བསྟན་འཛིན་ཟུང་ནས་སོ་སོའི་ཚེ་སྲོག་ལས་ལྷག་པར་བཟུང་ནས་བདག་སྐྱོང་བྱས་ཏེ་ད་ལྟ་དངོས་སུ་མཐོང་རིག་གྱུར་པ་ནི་བཙུན་དགོན་ལྡོང་རྫོང་ཙམ་དུ་མ་ཟད་རང་རྒྱལ་གྱི་གནའ་རྫས་ཤུལ་བཞག་རིན་དངོས་དང་། རྒྱ་བོད་གནའ་འབྲེལ་ལོ་རྒྱུས་ཀྱི་དཔངས་རྟགས་རྩ་ཆེན་དངོས་པོ་འདི་ལྟ་བུ་དུས་འགྱུར་ནང་དུ་སྲུང་སྐྱོབ་ཐུབ་པ་ནི་ཚང་མས་ཡིད་རངས་དང་གུས་བཀུར་གྱི་གནས་སོ། སྐབས་དེ་དུས་མདོ་སྨད་ཧོར་ཁྱུང་ཡུལ་འདིར་བཙུན་དགོན་མང་པོ་ཞིག་ཡོད་ཀྱང། ལྡོང་རྫོང་ཞུ་ཚང་དགོན་འདི་དགོན་པ་གཞི་ཁྱོན་ཆེ་ཤོས་དང་། སྒྲིག་གཞི་དང་སློབ་སྦྱོང་སོགས་ཕྱོགས་གང་སྤྱིའི་ཐད་ནས་བཙུན་དགོན་བཟང་ཤོས་ཞིག་ཏུ་ཆགས་ཡོད། སྐབས་དེའི་ཞུ་ཚང་བཙུན་དགོན་གྱི་ཚོགས་ཆེན་འདུ་ཁང་ལ་ཀ་གྲངས་དྲུག་ཅུ་ཙམ་དང་། དེ་བཞིན་བཤད་གྲྭ་དང་སྒོམ་གྲྭ་སྒྲུབ་གྲྭའི་འདུ་ཁང་དང་སློབ་ཁང་སོགས་ཟུར་དུ་བཞེངས་ཡོད་ལ་མཚམས་ཁང་དང་གྲྭ་ཤག་སོགས་སྒེར་གྱི་ཁང་པ་བསྡོམ་པས་ཁང་པ་བརྒྱ་ཕྲག་ལས་བརྒལ་བར་བྱུང་ཡོད། དགོན་གྱི་ས་ཆའི་རྒྱ་ཁྱོན་ཡང་སྤྱི་ལེ་གྲུ་བཞི་མ་གཅིག་ལྷག་ཡོད། དགོན་གྱི་འདུ་ཚོགས་ནི་ལོ་ལྟར་བོད་ཟླ་དང་པོའི་ཚེས་༤ནས་༥བར་མཉམ་མེད་དུས་ཆེན་དང་། བོད་ཟླ་བཞི་པའི་ཚེས་༡༠ནས་༡༦བར་རྣམ་རྒྱལ་སྟོང་མཆོད། བོད་ཟླ་༥པའི་ཚེས་༡ནས་༧བར་ཨ་དཀར་འབུམ་སྒྲུབ་ཆེན་མོའི་སྐབས་བཙུན་མ་ཉིས་བརྒྱ་ལྷག་འཚོགས་ཤིང། ཕྱོགས་ཕན་ཚུན་གྱི་བླ་མ་སྐྱེས་ཆེན་མང་པོ་ཞིག་གདན་འདྲེན་ཞུས་ཏེ་མི་དམངས་ཁྲི་ཚོ་ལ་ཉེ་བར་དབང་བསྐུར་དང་བོན་བཤད་སོགས་སྤེལ་ཏེ་ཆོས་ཀྱི་བྱེད་སྒོ་རྒྱ་ཆེན་མཛད་པ་དང་། བོད་ཟླ་༦པའི་ཚེས་༡༣ནས་༡༦བར་ཞི་ཁྲོའི་མཆོད་པ་རྒྱས་འབུལ་དང། བོད་ཟླ་༨པའི་ཚེས་༡ནས་༡༥བར་བཀའ་འགྱུར་དག་འདོན་བོད་ཟླ་༩པའི་ནང་སྲིད་རྒྱལ་སྟོང་ཚོགས་དང། བོད་ཟླ་༡༠པའི་ཚེས་༡༣ནས་༡༦བར་བྱམས་མ་སྟོང་ཚོགས་དང། བོད་ཟླ་༡༡པའི་ཚེས༢༥ནས་༣༠སྟག་ལའི་སྟོང་ཚོགས་དང་སྲུང་བཟློག་གི་མཇུག་ཏུ་གར་འཆམ་དང་དབང་བསྐུར་གྱི་མཛད་སྒོ་སོགས་གནང་སྲོལ་ཡོད། བོད་ཟླ་༡༢པའི་ཚེས་༢༦ནས༣༠ སྤྱི་འདུལ་ཡི་དམ་རྒྱ་མཚོའི་ཚོགས་དང་སྲུང་བཟློག དེ་བཞིན་ལོ་ལྟར་དབྱར་དཔྱིད་གཉིས་ཀྱི་ཚེས་བཅོ་ལྔར་མདོ་གཡུང་དྲུང་ཀློང་རྒྱས་དང་། སྟོན་དགུན་གཉིས་ཀྱི་ཉ་སྟོང་ལ་བྱམས་མ་དང་སྐལ་པ་བཟང་མོ་ཐུགས་རྗེ་ཀུན་གྲོལ་སོགས་རིག་འཛིན་སྐོར་གྱི་ཚོགས་འཁོར་འབུལ་སྲོལ་ཡོད། དགོན་གྱི་སྐུ་རྟེན་གཙོ་གྲས་ནི་ཚོགས་ཆེན་འདུ་ཁང་ཆེན་མོའི་སྦུག་མཇལ་དུ་བདེར་བཤེགས་གཙོ་བཞིའི་སྐུ་ཟངས་གསེར་ལས་གྲུབ་པ་ཐོག་བརྩེགས་གཉིས་ལྡན་ཅན་བཞི་དང་། དེ་བཞིན་སྐལ་པ་བཟང་མོའི་སྐུ་གསེར་འདམ་ལས་བྱས་པ་བརྩགས་ཚད་དུ་བཞེངས་ཡོད། གཞན་གྱང་བྲིས་ལ་ཡི་དམ་གསས་མཁར་མཆོག་ལྔ་དང་། བྱམས་མ་རིགས་ལྔའི་ལྷ་འཁོར། ཐུགས་རྗེ་ཀུན་གྲོལ་དང་སྐལ་པ་བཟང་མོ་སོགས་དང་། བར་ཁྱམས་སུ་སྲིད་རྒྱལ་དྲིལ་དམར་ནག་གཙོས་པའི་བཀའ་སྐྱོང་དམ་ཅན་སྡེ་ཚོགས་བཅས་གསོན་ཉམས་དོད་པའི་ཁྱུང་ལུགས་ལྷ་བྲིས་སྒྱུ་རྩལ་ལ་བརྟེན་ནས་བཞེངས་པ་ཤ་སྟག་ཡིན།།
གསུང་བསྟན་ལ་རིན་པོ་ཆེའི་རིགས་ལས་བཞེངས་པའི་བདེ་བར་གཤེགས་པའི་བཀའ་འགྱུར་དང་བརྟེན་འགྱུར་སོགས་པོད་གྲངས་སྟོང་ཕྲག་ལས་བརྒལ་བར་ཡོད་ལ། ཐུགས་བརྟེན་དུ་ཞུ་གཡས་ལེགས་པོ་དང། ཞུ་གཡས་ཉི་མ་གྲགས་པ། ཞུ་སྟོན་ཁྲོ་རྒྱལ་གྲགས་པ། ཞུ་སྟོན་ལྷུན་འགྲུབ་གྲགས་པ། ཞུ་བཙུན་ཚུལ་ཁྲིམས་དཔལ་མོ་བཅས་ཀྱི་སྐུ་གདུང་ཟངས་གསེར་དང་དངུལ་དང་སྟོང་དཀར་སོགས་རིན་པོ་ཆེ་ཅི་རིགས་ལས་གྲུབ་ཅིང་རིན་ཆེན་འབར་བའི་ཕྲས་གཏབས་པ་མིའི་གཟུགས་ཚད་ཙམ་བཞེངས་ཡོད། དེ་མིན་རིན་དངོས་ལ་རྒྱལ་དབང་རིམ་བྱོན་གྱིས་གནང་བའི་བཀའ་ཚིགས་ཤེ་བུམ་སོགས་དང་། ལྷག་པར་གོང་མའི་བཀའ་ཤོག་བཅས་ཡོད། དགོན་འདི་གཙོ་བོ་དབུ་བླ་ཞུ་ཚང་གི་གནང་གི་ཡོད་ཀྱང་དེ་མིན་མཁན་པོ་དང་སློབ་དཔོན་སོགས་བསླབ་པ་རྒན་རིམ་དང་ཤེས་ཡོན་གྱི་ཆུད་ཚད་ལ་གཞིག་སྟེ་བཙུན་མས་གནང་གི་ཡོད། བཤད་སྒྲུབ་གྲྭ་ཚང་བཅས་ཡོངས་རྫོགས་བསྡོམས་པས་བཙུན་མ་ཉིས་བརྒྱ་ལྷག་ཡོད་ལ་དེ་མིན་གྲྭ་པ་ཡང་བཞུགས་མཁན་ཡོད།།
༧གསུམ་པ་རིག་གསར་དུས་འགྱུར་དྲག་པོས་སྐབས་དགོན་གནས་འདི་ཉིད་ཤུལ་མེད་དུ་བཅོམ་བརླགས་སོང་ཡང། ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་རབ་དང་རིམ་པ་ལག་ལྟར་དོན་འཁྱོལ་བྱུང་ཞིང། ༡༩༩༧ལོ་ཟླ་༡༡པའི་ཚེས་༡༠ཉིན་དགོན་པ་ཉམས་གསོའི་ཆོག་མཆན་དངོས་སུ་འཐོབ་ཀྱང། ད་བར་རི་ཁྲོད་འཛིན་མཁན་བཙུན་མ་རེ་བཟུང་ལས་ཆར་ལྡན་གྱི་ཉམས་གསོ་ཞིག་ད་དུང་དངོས་སུ་བྱུང་ཐུབ་མེད།། །།
ཅེས་ལྡོང་རྫོང་སྨུག་མོ་རི་ཁྲོད་ལོ་རྒྱུས་འདི་དུས་བབ་ཀྱི་དགོས་མཁོ་ཞིག་སྟེ་རྩེ་སློབ་༧བསྟན་པའི་རྒྱལ་མཚན་ནས་བྲིས།།