ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> དགོན་སྡེ་རི་ཁྲོད། >> རྟོགས་ལྡན་སྨིན་གྲོལ་བཀྲ་ཤིས་འཁྱིལ།
རྟོགས་ལྡན་སྨིན་གྲོལ་བཀྲ་ཤིས་འཁྱིལ།
[རྩོམ་གྱི་ཡོང་ཁུངས། བཙན་པོ་རལ་གྲིའི་ཟིན་བྲིས།] [རྩོམ་པ་པོ། ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ།] [ཟླ་ཚེས། 12-05-28] [ཀློག་གྲངས། ]

རྟོགས་ལྡན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གྱི་ལོ་རྒྱུས་མདོར་བསྡུས་བཞུགས།

      དེ་ཡང་<<ཡེ་ཁྲི་མཐའ་སེལ་ནམ་མཁའ་དཀར་པོའི་རྒྱུད>>ལས། “སྤྱི་ཁོག་ལོ་རྒྱུས་དོན་གྱིས་བཤད། ལས་ཅན་ཡིད་ཆེས་སྐྱེ་ཕྱིར་རོ། ལོ་རྒྱུས་ཁུངས་ནས་མ་བཤད་ན། ཡིད་མི་ཆེས་པའི་རྒྱུ་རུ་འགྱུར”ཞེས་གསུངས་པ་ལྟར།བོན་གྱི་འདུས་སྡེ་ཆེན་པོ་རྟོགས་ལྡན་སྨིན་གྲོལ་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་གི་ལོ་རྒྱུས་མདོར་བསྡུས་ཞེས་བྱ་བ་འདི་འབྲི་བ་ལ་གསུམ་སྟེ།སྤྱིར་གཡུང་དྲུང་བོན་གྱི་འབྱུང་ཁུངས་མདོར་བསྟན་པ། བྱེ་བྲག་ལོ་རྒྱུས་ཀྱི་རྣམ་བཞག་བཤད་པ། སྐབས་དོན་དགོན་པའི་ལོ་རྒྱུས་དངོས་སོ། དེ་ལས་དང་པོ་ནི། <<ལམ་རིམ་སུམ་བརྒྱ་བ>>ལས། “སྐྱབས་གནས་སྟོན་པ་ལྟ་སྤྱོད་འབྲས་བུ་ཡིས།། ཕྱི་རོལ་ནང་བའི་ཁྱད་པར་འབྱེད་པའོ”ཞེས་གསུངས་པ་ལྟར། ཕྱི་རོལ་པ་ལས་ཁྱད་པར་དུ་འཕགས་པའི་ཁྱད་བོན་ལྔ་དང་ལྡན་པའི་ནང་བ་སངས་རྒྱས་པའི་གྲུབ་མཐའ་ཐམས་ཅད་ཀྱི་སྙིང་པོ་སྔ་འགྱུར་གཡུང་དྲུང་བོན་གྱི་བསྟན་པ་འདི་ལ་ཕྱི་ནང་གསང་བ་གསུམ་གྱི་བསྟན་པ་ཆ་ཚང་བ་ཞིག་ཡོད་པ་ཡིན་ཏེ། དང་པོ་གསང་རྒྱུད་ཀྱི་བསྟན་པ་ནི། གནས་འོག་མིན་ལྷ་ཡི་ཕོ་བྲང་དུ་སྟོན་པ་ཀུན་ཏུ་བཟང་པོ་ལོངས་སྐུ་གཤེན་ལྷ་འོད་དཀར་གྱིས་འཁོར་ཡང་རབ་ཀྱི་སྡེ་ལ་བསྟན་པའི་སྙིང་པོ་གྲོལ་ལམ་རྫོགས་པ་ཆེན་པོའི་བོན་སྒོ་བསྟན། བརྒྱུད་འཛིན་གཤེན་ཚད་མེད་འོད་ལྡན་དང་། ལྷ་བོན་ཡོངས་སུ་དག་པ་སོགས་ལ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་དར་བའོ། ནང་རྒྱུད་གསང་སྔགས་ཀྱི་བསྟན་པ་ནི། གནས་སུམ་ཅུ་རྩ་གསུམ་གྱི་ཡུལ་དུ། སྟོན་པ་འཆི་མེད་གཙུག་ཕུད་ཀྱིས་འཁོར་དབང་པོ་འབྲིང་གི་རིགས་ལ། བསྟན་པའི་གཞུང་ལམ་བསྒྱུར་ལམ་གསང་སྔགས་ཀྱི་བོན་སྒོ་བསྟན། བརྒྱུད་འཛིན་གཤེན་གསང་བ་འདུས་པ་དང་། དབལ་བོན་སྟག་ལྷ་མེ་འབར་སོགས་ནས། ལྷ་ཀླུ་མི་ཡི་གཤེན་གསུམ་ལ་བརྒྱུད་ཅིང་དར་བའོ། ཕྱི་རྒྱུད་མདོ་ཡི་བསྟན་པ་ནི། གནས་ཤམ་བྷ་ལའམ་རྟག་གཟིགས་འོལ་མོའི་གླིང་དུ་སྟོན་པ་ཁྲི་གཙུག་རྒྱལ་བའམ་རྣམ་མཁྱེན་སྟོན་པ་གཤེན་རབ་ཀྱིས། འཁོར་དབང་པོ་ཐ་མའི་རིགས་ལ་བསྟན་པའི་གཞི་རྟེན་སྤང་ལམ་མདོའི་བསྟན་པ་དང་། བོན་སྒོ་བཞི་མཛོད་ལྔ་སོགས་བསྟན། བརྒྱུད་འཛིན་སྐུ་སྲས་བརྒྱད་དང་གསུང་སྲས་གཉིས། ཐུགས་སྲས་གཉིས་སོགས་ལ་བརྒྱུད་པ་དང་། གསུང་གི་འདུལ་བའི་སྟོན་པ་གདུང་སོབ་མུ་ཆོ་ལྡེམ་དྲུག་དང་། འཛམ་གླིང་མཁས་པ་རྒྱན་དྲུག་སོགས་བྱོན་ནས་སྟག་གཟིག་དང་ཞང་ཞུང’དཀར་ནག་སོགས་ཡུལ་ཆེན་དྲུག་ཏུ་བསྟན་པ་སྤེལ་ཞིང་དར་བའོ། ཁྱད་པར་གངས་ཅན་བོད་ཀྱི་ཞིང་འདིར་བསྟན་པ་སྔ་དར་གྱི་དབང་དུ་བྱས་ན་སྟོན་པ་ཞལ་བཞུགས་པའི་དུས་སུ་བོད་ཡུལ་དུ་རྒྱུ་བོན་དར་ཡང་འབྲས་བུའི་བོན་གང་ཡང་མ་དར། ཕྱིས་སུ་རྒྱལ་པོ་གཉའ་ཁྲི་བཙན་པོ་དང་གཤེན་ནམ་མཁའ་སྣང་བ་མདོག་ཅན་གཉིས་ཀྱིས་རྒྱལ་གཤེན་བསྟན་པ་མཉམ་ཆགས་མཛད་ནས་རིམ་པར་འདུལ་མདོ་སྔགས་སེམས་འབུམ་དང་བཅས་པ་དར་ཞིང་བོན་གྱི་འདུ་གནས་སུམ་ཅུ་རྩ་བདུན་དང་། སྒྲུབ་སྡེ་ཆེ་ཆུང་སྣ་ཚོགས་མང་དུ་འཕེལ་བ་བྱུང་ངོ་། ཕྱི་དར་གྱི་སྐབས་སུ་སྤྲུལ་བའི་གཏེར་ཆེན་ཨ་ཙ་ར་མི་གསུམ་གྱིས་གཏེར་སྒོ་ཕྱེས་པ་ནས་བཟུང་། གཤེན་སྟོན་རྨ་དབྱིལ་སོགས་གཏེར་སྟོན་དུ་མས་གཡུང་དྲུང་བོན་གྱི་བསྟན་པའི་སྒྲོན་མེ་སྤར་ཏེ། སྟོད་ན་བྲུ་ཞུ་སྤར་རྨེ་གཤེན་དང་ལྔ། བར་ན་ཁྱུང་བོ་དཀར་ནག་སེར་གསུམ། སྨད་ན་ཞིག་པོ་བཅོ་བརྒྱད་སོགས་མཁས་པའི་གདན་རབས་དང་གྲུབ་པའི་གདུང་རབས་ཟུང་འབྲེལ་གྱི་སྒོ་ནས་སྟོད་སྨད་བར་གསུམ་ཀུན་ཏུ་གཡུང་དྲུང་བོན་གྱི་བསྟན་པ་དར་ཞིང་རྒྱས་པར་བྱས་པ་ཡིན་ནོ། དེས་ན་འདུས་སྡེ་འདི་ནི་རྒྱལ་བ་བྲུ་ཡི་རིང་ལུགས་སྐྱོང་བའི་དཔལ་ལྡན་སྨན་རི་བའི་རྒྱུད་འཛིན་ཡིན་ནོ།

      གཉིས་པ་ཡིད་ཆེས་པའི་ཕྱིར་དུ་ལོ་རྒྱུས་ཀྱི་རྣམ་བཞག་འཆད་པ་ལ།དེ་ཡང་གླིང་བཞི་ལས་མཆོག་ཏུ་གྱུར་པ་ལྷོ་འཛམ་བུའི་གླིང་འདིར་སྐྱོབས་པའི་ལྷ་རུ་བསྐོས་པ་ལྷ་ཁྲི་ཤེས་དཀར་པོའི་ཐུགས་རྗེ་དང་རྫུ་འཕྲུལ་ལས་སྤྲོས་པའི་ཡེ་རྗེ་སྲིད་པ་མི་ཡི་གླིང་འདིར་སྲིད་པ་ཡེ་སྨོན་རྒྱལ་པོ་དང་། ཆུང་རྫུ་འཕྲུལ་ལས་སྤྲོས་པའི་མོི་གཉིས་སྡེབས་པའི་སྲས།ཕྱ་དམུ་གཙུག་གསུམ་སྟེ། ཕྱ་རྗེ་སྐམ་པོ་དང་། དམུ་རྗེ་བཙན་པོ་དང་།གཙུག་རྗེ་ཨོག་གོང་དང་གསུམ་བྱུང་། དེའི་གཉིས་པ་དམུ་རྗེ་བཙན་པོ་དང་། ལྷ་མོ་འོད་གསལ་མ་གཉིས་བཤོས་པའི་སྲས་བཞི་འཁྲུངས་ཏེ་རྒྱལ་རིགས་རྗེ་རིགས་བྲམ་ཟེའི་རིགས་དང་། དམངས་རིགས་དང་བཞིའོ། དེའི་དང་པོ་རྒྱལ་རིགས་ལས་དཔག་པའི་མི་རིགས་བཞི་གྲོལ་བའི་ཐོག་མ་འཁོར་ལོ་དབང་བསྒྱུར་གྱི་རྒྱལ་རྒྱུད་ལས། གདུང་རྒྱུད་འཛིན་པའི་རྒྱལ་པོ་སྡེ་དྲུག་གྲོལ་བ་སྟེ། དམུ་རིགས་གཤེན་གྱི་གདུང་རྒྱུད། ཤག་རིགས་གར་གསས་ཀྱི་གདུང་རྒྱུད། ཧོས་རིགས་གནམ་གསས་ཀྱི་གདུང་རྒྱུད། དབོ་རིགས་གསས་རྗེའི་གདུང་རྒྱུད། རྒྱ་ཧཱ་ཤིང་རྒོད་གསས་ཀྱི་གདུང་རྒྱུད། གཉན་མཁའ་འགྱིང་གི་གདུང་རྒྱུད་དང་དྲུག་བྱུང་བ་ལ་ད་ལྟ་རྟོགས་ལྡན་བོན་སླེབ་ཀྱི་གདུང་རྒྱུད་འདི་ནི་གཉན་མཁའ་འགྱིང་གི་བརྒྱུད་པར་ངེས་ཏེ། <མཁའ་འགྲོའི་བརྡ་བསྟོད་ལས་>“སྟག་གཟིག་གཉན་རིགས་རྒྱལ་བོའི་ཐུགས་སྲས་མཆོག”ཅེས་གསུང་པ་ལྟར། གཉན་མཁའ་འགྱིང་གི་བརྒྱུད་པ་གཉན་ཁྱུང་རུམ་རྒྱལ་བ་དེའི་སྲས་གཉན་རྗེ་འོད་གསལ་འོད་ལྡན་སོགས་གདུང་རབས་རིམ་པར་བྱོན་ནས།ཚེ་ལོ་བརྒྱ་པའི་སྐབས་སུ་སྟོན་མཆོག་གཤེན་རབ་མི་བོ་བྱོན་བས། གཉན་གྱི་རྒྱལ་པོ་རིག་སྣང་འོད་རྒྱལ་བྱ་བ་རྩལ་དང་རྫུ་འཕྲུལ་ཆེ་བ་དེ་གཉིས་ཀྱི་བསྟན་འགྲོའི་དོན་ལ་སྐུ་གསུང་ཐུགས་ལས་སྤྲུལ་བའི་མཛེས་པའི་ཁྱེའུ་རྣམ་བཞི་ཞང་ཞུང་གི་ཁ་ཡུག་མེ་ཏོག་གི་ཚལ་དུ་བབས་པའི་མིང་ལ། ཆེ་བ་ཁྱུང་དཀར་ཐོག་ལ་འབར་དེ་འོག་ཁྱུང་སེ་ལྷ་ཁྱུང་དང་།དེ་འོག་ཁྱུང་འཕགས་ཁྲ་བོ་དང་།དེ་འོག་ཁྱུང་ནག་མུ་ཆུང་རྒྱན་ཞེས་བཏགས་སོ། དེ་བཞིས་ཞང་ཞུང་གི་ཡུལ་ཆེན་བཞི་ལ་རིན་པོ་ཆེའི་བླ་རྡོ་རེ་དང། མ་བརྩིགས་པའི་སྐུ་མཁར་རེ་དང་། མ་བསྐྱིལ་བའི་གཡུ་མཚོ་རེ་མངའ་བདག་བྱས་ནས་གདུད་རྒྱུད་སྤེལ་བ་ཡིན། དེའི་དུས་སུ་དེ་དག་གི་རྫུ་འཕྲུལ་གྱིས་སྟག་གཟིག་ནས་བོན་སྡེ་མང་པོ་བླངས་ནས་ཞང་ཞུང་དང་བོད་སོགས་ཕྱོགས་ཀུན་ཏུ་བསྟན་པ་སྤེལ་ཞིང་ཁྱད་པར་དུ་ཞང་བོད་ཀྱི་རྒྱལ་པོ་གཉིས་ཀྱི་དབུ་ཡི་མཆོད་གནས་མཛད་པའི་རྣམ་ཐར་<<ལེགས་བཤད་མཛོད་>>དང་། རྒྱལ་རབས་<<བསྟན་འབྱུང་ཆེན་མོ>>རྣམས་སུ་ཞིབ་པར་གསལ་བས་དེར་གཟིགས་པར་ཞུ། དེ་ལྟར་སྲས་བཞིའི་ཆུང་བ་ཁྱུང་ནག་མུ་ཆུང་རྒྱན་གྱི་རྒྱུད་པ་ཡབ་ཞང་ཞུང་རྒྱལ་མཚན་བདེ་བ་དང་། ཡུམ་རྒྱལ་ཟ་ཀློང་ཡངས་མ་གཉིས་ལ། སྲས་སད་ནི་གའུ་ཞེས་པ་སྐུ་སྟོད་རྒོད་ཀྱི་གཤོག་པ་ཅན། སྐུ་སྨད་སྟག་གི་ཤམ་ཐབས་དང་། རྐེད་པར་འཕྲུལ་ཡིག་བཞི་ཅུ་ཚེ་ལ་རང་དབང་ཐོབ་པ་ཞིག་ཆུ་མོ་ཕག་གི་ལོར་སྐུ་འཁྲུངས་པ་ཡིན་ཏེ། <<ལེགས་བཤད་བསྐལ་བཟང་མགྲིན་རྒྱན་>>ལས། “སད་ནེ་གའུ་ཞང་ཞུང་སྒོ་པའི་གཤེན། ཆུ་མོ་ཕག་གི་ལོ་ལ་སྐུ་འཁྲུངས་ཤིང་། མཁས་གྲུབ་རྒྱ་མཚོ་ལྟ་བུའི་ཐུགས་བཅུད་བླང་།”ཞེས་གསུངས་པ་ལྟར། མདོ་སྔགས་རྫོགས་གསུམ་གྱི་གཞུང་ལ་བློ་གྲོས་རབ་ཏུ་ཡངས་པ་མཁས་པའི་ཡང་རྩེར་ཕྱིན་པ་ཞིག་འཁྲུངས།དེ་དུས་བོད་རྒྱལ་གྱི་གཡོ་ཐབས་ཀྱིས། ཞང་ཞུང་རྒྱལ་པོ་ལིག་མི་སྐྱ་བགྲོང་བའི་ཤུལ་དུ་སྡེ་འཁྲུགས་ཀྱི་རྐྱེན་གྱིས་ཞང་ཞུང་གི་བོན་གཤེན་རྣམས་མཁའ་སྤྱོད་དང་མཐའ་འཁོབ་འདྲེན་པའི་དཔལ་དུ་ཤར་བའི་ཚེ། སད་ནེ་གའུས་ལུང་བསྟན་བཞིན་དུ། རྒྱུད་འཛིན་སྟོང་རྒྱུང་རིང་མོ་ཞང་ཞུང་ནས་རྫུ་འཕྲུལ་གྱིས་རྨ་བོམ་རའི་བཀྲ་ཤིས་ལྷ་སྒང་དུ་བྱོན་ནས་བསྟན་པ་སྤེལ་བ་ཞིག་མོའི་རྣམ་ཐར་ལས་གསུངས་པ་ལྟར། རྨ་བོམ་རའི་མདུན་དུ་སྒྲུབ་པ་མཛད་ཅིང་བསྟན་པ་སྤེལ་ཚེ་བླ་མ་ཞུ་སྒོམ་འཁྲུལ་ཞིག་བྱོན་ནས།རྒྱུད་འཛིན་ཞིག་པོ་བཅོ་བརྒྱད་སོགས་བུ་སློབ་རྒྱུ་སྐར་གྱི་ཚོགས་ལྟ་བུ་མང་དུ་བྱོན་པ་ལ། ཕྱི་ནང་གསང་གསུམ་གྱི་གདམས་ངག་ཐམས་ཅད་བུམ་པ་གང་བྱོས་ཚུལ་དུ་གནང་བའོ། དེའི་དུས་སུ་སད་ནེ་གའུས་རྣམ་རོལ་འཁྲུལ་སྣང་དབྱིངས་སུ་ཞིག་པའི་སྤྲུལ་བའི་སྐུ་མཆོག་ཆེན་པོ་ཞིག་བླ་མ་ཞིག་སྒོམ་འཁྲུལ་ཞིག་གིས་ཞལ་ལུང་བཞིན་ལོ་དགུར་སྒྲུབ་པ་མཛད་པས་གྲུབ་རྟགས་མང་པོར་མངའ་མཉེས་ཤིང་བྱ་རྒོད་ལ་སྤྲུལ་ནས་རྨ་གཉན་ཐུགས་ཀ་ནས་སྟོད་རྩིབ་རིར་ཉིན་བསྐོར་བྱས་ནས་ཕེབས་པ། རྫུ་འཕྲུལ་དང་བློ་གྲོས་བཟང་བོའི་རྩལ་དང་ལྡན་པ་བོན་གྱི་རྒྱལ་མཚན་མཐོར་པོར་བསྒྲེང་བ་ཞིག་བྱུང་བ་དེའི་མཚན་ལ། སྣང་ཞིག་བློ་གྲོས་རྒྱལ་མཚན་ཞེས་པར་གསོལ་ལོ། ཁོང་ད་ཡུམ་ཉི་མ་སྒྲོན་ལ་རབ་བྱུང་དང་པོའི་ས་འབྲུག་གི་ལོར་སྲས་ཤིག་འཁྲུངས་ནས་མཚན་ལ་སྣང་ཞིག་ཡོན་ཏན་རྒྱ་མཚོ་གསོལ། སྲས་དེ་ཉིད་ཀྱིས་འཛམ་གླིང་གནས་ཆེན་ཀུན་ཏུ་རྫུ་འཕྲུལ་གྱིས་ཞབས་བསྐྱོད་གནང་ནས་རིག་འཛིན་མང་པོའི་ཞལ་མཇལ་བ་དང་། གདམས་ངག་མང་དུ་གསན། སྟོད་སྨད་ཕྱོགས་མཚམས་ཀྱི་གནས་ཆེན་ཀུན་ཏུ་སྒྲུབ་པ་མང་དུ་མཛད་སྐབས། ཡུལ་མདོ་སྨད་འཛམ་ཐང་རྩང་དགོན་དུ་བྱོན་ནས་འགྲོ་དོན་དང་བསྟན་དོན་དུ་བྱ་བ་མང་པོ་མཛད་པའི་སྐབས་ཤིག་ན་རྟེན་འབྲེལ་མ་ལེགས་པའི་རྐྱེན་བྱས་ཏེ་རྔ་ཡུལ་གྱི་དར་འཛོམ་མདུན་ལུང་དུ་བཞུགས་དགར་ཆགས།དེའི་སྐབས་སུ་ཡུལ་མི་རྣམས་ཀྱིས་སྣང་ཞིག་བོན་སླེབ་ཅེས་བཏགས། མདུན་ལུང་ལ་བོན་ལུང་ཞེས་བཏགས་སོ། དེ་རྗེས་རྔ་སྟོད་དོ་ཁུང་ལ་བཞུགས།དེའི་སྐབས་སུ་འཆི་མེད་ཁོད་སྤུངས་རོལ་བའི་རྣམ་རོལ་སྤྲུལ་སྐུ་སྣང་ཞིག་དོ་འཕགས་ཆེན་པོ་སྐུ་འཁྲུངས། ས་དེའི་བྱང་ཕྱོགས་ལ་སྒྲུབ་གནང་མཛད་པའི་ཕུག་པ་ཡོད་དོ་ཁུང་ཞེས་དེང་སང་ཡང་དེ་སྐད་གྲགས་སོ། དེ་ནས་ཁོང་ཡབ་སྲས་རྣམས་ཁ་ཤུའི་བོ་ལེབ་ལྕོག་དང་སྟག་རྩྭའི་རྒྱ་རབ་བོ་ལེབ་ལྕོག་སོགས་སུ་བཞུགས། རྒྱ་རབ་བོ་ལེབ་ལྕོག་ལ་བཞུགས་སྐབས་དགོན་ལུང་དུ་དུར་ས་བཏབ། དེང་སང་ཡང་དུར་ས་ཡོད། དེ་ནས་རྔ་ཡུལ་ཁ་ཤུ་རི་ཡི་ཉེ་འདབས་གནས་མཆོག་ཕྱུག་མོ་དཔལ་གྱི་རི་བོ། མ་རྒྱུད་གསང་མཆོག་རྒྱལ་པོའི་སྒྲུབ་གནས་སྨན་ལྗོངས་མེ་ཏོག་གིས་མཛེས་པའི་རི་བོ་ལྷུན་སྟུག་བརྗིད་ཆགས་པའི་སྤོར་ཕེབས་ནས་དགར་ཁྱིམ་གྱིས་གཞི་བཟུང་།དེའི་སྐབས་སུ་ཤར་སྐྱང་འཕགས་ཀྱི་གདན་ས་ནས་མཁའ་འགྲོ་འོད་ལྡན་འབར་མའི་རྣམ་སྤྲུལ་སྐྱང་ཟ་གཡུ་སྒྲོན་ནམ་ཨ་མ་ཞིག་མོ་བྱ་བ་ནམ་མཁར་བྱ་ལྟར་འཕུར་ཏེ་ལྷ་དང་མཁའ་འགྲོ་མང་བོས་བསྐོར་ཏེ་དོ་འཕགས་ཀྱི་བཞུགས་གནས་སུ་བབས་ནས་གླུ་གར་གྱི་མཆོད་པ་དང་བསྟོད་པ་ཕུལ།དོ་འཕགས་ཆེན་པོས་ཡུམ་དུ་བཞེས་ནས་རིམ་པར་བཞུགས་ནས་སྔ་ཕྱི་སྲས་དྲུག་འཁྲུངས། དེ་ཀུན་ལ་སྔོན་གྱི་གོང་མའི་བརྒྱུད་རིམ་ལྟར་སྐུ་སྟོད་ལ་རྒོད་གྱི་གཤོག་པ་དང་། སྐུ་སྨད་ལ་སྟག་གི་ཤམ་ཐབས། སྐེད་པར་འཕྲུལ་ཡིག་བཞི་ཅུ་སོགས་ཀྱི་རྟགས་མཚན་ཀུན་ལ་ཡོད། དེའི་སྐབས་སྤུན་དྲུག་ལས་བླ་མ་གསུམ་དང་སྐྱེ་བོ་གསུམ་བྱུང་། སྤུན་ཆེ་བ་མཁའ་ལ་བྱ་ལྟར་འཕུར་བ་སོགས་རྫུ་འཕྲུལ་མང་པོ་མངའ་བས་སྣང་ཞིག་བྱ་འཕུར་ཞེས་གསོལ་ལོ། སྤུན་གསུམ་པས་ལྕགས་ལ་མདུད་པ་བྱེད་པའི་གྲུབ་རྟགས་མང་པོ་གནང་བས་ཁོ་ལ་སྣང་ཞིག་ལྕགས་མདུད་ཚང་ཞེས་གསོལ། རྗེས་སུ་ཁྱིམ་གཞི་གཉིས་སུ་བགོས་པ་ཡིན་ཏེ། དེ་ཡང་སྣང་ཞིག་ལ་སྣང་ཞིག་བྱ་འཕུར་ཚང་དང་། ལྕགས་མདུད་ཚང་གཉིས་སོ། ལྕགས་མདུད་ཚང་གིས་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་བླ་བྲང་བཞེངས་ནས་གྲུབ་སྡེ་སེར་ཚོགས་ཀྱི་གཞི་བཟུང་། རྟེན་སྐལ་ལ་རྟེན་གྲུ་བཞི་རྒྱ་མདུད་མ་དང་། སིལ་སྙན་རག་ཤུབ་ཅན་གཉིས་གནང་བ་ཡིན་ནོ།

      ༧ ད་ནི་སྐབས་དོན་གསུམ་པ་དགོན་སྡེ་རང་གི་ལོ་རྒྱུས་བརྗོད་པ་ལ། དེ་ཡང་ས་གསུམ་ན་འགྲན་ཟླ་བྲལ་བའི་རྨད་བྱུང་མཁས་དང་གྲུབ་པའི་ཁྱུ་མཆོག་ཆེན་པོ་སྣང་ཞིག་བྱ་ཆེན་ཉི་མ་འཛིན་ནམ་སྣང་ཞིག་བསྟན་པ་དར་རྒྱས་དཔལ་བཟང་པོ་གང་གིས་དང་པོ་གྲོང་སེར་ཚོགས་པ་ཞིག་བཙུགས་ནས་བོན་སླེབ་དར་རྒྱས་དགོན་ཞེས་གསོལ། གྲོང་སེར་སུམ་ཅུ་ཙམ་ཚོགས་པ་རེད། རྟེན་ལ་སྟོན་པ་ཆུ་འཁོར་མ་དང་། ཁམས་བརྒྱད་བྱ་བྲིས་མ། དུང་དཀར་སེན་རྗེས་མ། མཁར་རྔ་དགུ་འཕར་མ། སྣང་ཞིག་དོ་འཕགས་ཆེན་པོའི་སྐུ་གདུང་བཅས་སྟོང་གསུམ་རིན་ཆེན་སྣ་ལྔས་བཀང་ཡང་གཞལ་དཀའ་བའི་རྟེན་མཆོག་འཛམ་གླིང་རྒྱན་མཆོག་ངོ་མཚར་སྲིད་ན་འབར་བའི་སྐུ་གདུང་ཐུགས་རྟེན་མི་དང་མི་མིན་ཡོངས་ཀྱིས་ཞལ་མཇལ་གསུང་ཐོས་ཙམ་གྱིས་ཐཪ་བའི་ས་བོན་ཐེབས་པའི་རྟེན་ཚོགས་གྲངས་མང་བརྗོད་འདས་བཞུགས་སོ།དེ་ནས་རབ་བྱུང་བཅུ་བའི་དུས་སུ། སྣང་ཞིག་བྱ་འཕུར་ཀུན་དགའ་རྒྱལ་མཚན་སྐུ་འཁྲུངས། ཁོང་གི་སྐུ་རིང་ལ་བསྟན་སྦྱིན་ས་ཡི་ཚངས་པ་ཆེན་པོ་འཇམ་དབྱངས་གོང་མ་ཆེན་ལུང་གི་མཚོ་སྔོན། མགོ་ལོག་ཉ་འཚོ་སོགས་ཕྱོགས་ཀྱི་སར་མི་ངན་ཇག་ཚོགས་མང་པོས་སེམས་ཅན་ཀུན་ལ་གནོད་འཚེ་མང་པོ་བྱས་པས། དེ་ལ་མགོ་གནོན་དང་དྲག་གནོན་གྱིས་ཕྱིར་དུ་དམག་མང་པོ་བཏང་སྐབས་དམག་གི་ལས་དོན་ལ་ཆར་བཀག་དང་ལམ་ཁྲིད་སྣེ་ལེན་སོགས་འཕྲིན་ལས་ཆེན་པོ་བསྒྲུབས་པས་ཁོང་ལ། རྨ་བྱའི་གདུག རྒྱ་ནག་གི་གོས་ཆ་ཚང་། རྒྱང་ཤེལ། འདེགས་བྱམ། ཙན་དན་གྱི་ཐམ་ཀ་བཀའ་ཤོག་བཅས་ཡོད། བཀའ་ཤོག་ལ།རྔ་ཡུལ་བོན་བློན་དགོན་གྱི་སྣང་ཞིག་བྱ་འཕུར་ཚང་གི་བླ་མ་ཀུན་དགའ་ཕུན་ཚོགས་འདི་ཉིད་བསྟན་དང་འགྲོ་ལ་ཕན་པའི་བྱ་བ་འབའ་ཞིག་སྒྲུབ་མཁན་ཡིན་པས་འདི་ཡི་དགོན་ཀུན་ལ་དྲག་ཞན་བར་མ་ཀུན་གྱིས་གནོད་འཚེ་གཏན་ནས་མི་ཆོག་ཅེས་པས་གསུང་ཁྱད་ཅན་གནང་ཡོད། རབ་བྱུང་བཅུ་པ་ནས་ད་བར་ལོ་༣༦༠ལྷག་ཙམ་སོང་ཡོད། རབ་བྱུང་བཅུ་གཅིག་པའི་ས་ཆུ་ལོ༡༦༥༨ལོར་རྔ་ཡུལ་གྱི་སྟག་ཚའི་རྨེའུ་གོང་མ་ཚང་ལ་ཚེ་དབང་སྔོན་བྱོན་རྟོགས་ལྡན་གཡུང་དྲུང་ཚུལ་ཁྲིམས་ཞེས་བྱ་བ་འཆི་མེད་ཚེ་ཡི་གྲུབ་མཉེས་དམ་པ་འཁྲུངས་ནས་ཁོང་གི་སྐུ་ཚེའི་སྟོད་དུ་སྟོད་བལ་ཡུལ་གངས་རིི་མཚོ་གསུམ་ནས་བཟུང་སྨད་རྒྱ་ནག་གླིང་ཆེན་འགྱིང་རི་དང་། རི་བོ་རྩེ་ལྔ་ཡན་ཆད་ཀྱི་གནས་ཆེན་རྣམས་ལ་མཇལ་སྐོར་དང་བླ་མ་ཁྱད་འཕགས་རྣམས་ལས་དབང་ལུང་མན་ངག་སོགས་མནོས་ནས་ཕེབས། སྐུ་ཚེའི་སྨད་ནས་ཤར་ཁོག་དང་རྔ་ཡུལ་དུ་ཞིང་ལ་སད་སེར་དང་། མི་ཕྱུགས་ལ་ནད་ཡམས་བྱུང་བས་རྔ་ཡུལ་གྱི་དཔོན་ཆེན་རྨེའུ་རྒྱལ་པོ་ནས་བཀའ་མངགས་ནས་རང་ཡུལ་དུ་ཕེབས་དགོས་ཞུས་བཞིན་ཕེབས་ཏེ་རིམ་གྲོ་བྱས་པས་ཡུལ་དེའི་མུ་མཐུན་རྒུད་ཚོགས་སད་སེར་ཐན་པ་ལྷག་མེད་དུ་ཞུ་ནས་བསྟན་འགྲོའི་དོན་རྒྱ་ཆེན་མཛད། དེ་ནས་བཟུང་རྔ་ཡུལ་བོན་སྡེ་ལྔ་བརྒྱའི་ལོ་ཏོག་གི་སད་འགོག་བྱད་ནས་དུས་ཚོད་རེ་རེ་བཞིན་སད་ཤིང་དང་སད་ནས་འབུལ་དགོས་པའི་བཀའ་ཕབ་པ་ལྟར་རྟོགས་ལྡན་ཚང་ལ་ལོ་རེ་བཞིན་དུ་ཕུལ་བ་རེད།དེའི་སྐབས་སུ་རྨེའུ་རྒྱལ་པོ་དང་ཡུལ་གྱི་སྡེ་དཔོན་ཀུན་གྱི་རྒྱབ་སྐྱོར་འོག་བོན་སླེབ་དང་དར་རྒྱས་དགོན་དེ་གཙང་དགོན་རི་ཁྲོད་པའི་ཚུལ་གྱི་སྡེ་སར་བཙུགས། ཁོང་དགུང་གྲངས་རེ་བརྒྱད་ལོན་ཚེ་དབྱར་ཐོག་དེ་ལ་སློབ་འབངས་ཐམས་ཅད་བསྡུས་ནས་ད་ནི་ཕ་ནོར་བུ་ལ་སྤྲོད་དགོས་པ་ཡིན་གསུངས་ནས། སློབ་བུ་རྣམས་ལ་གང་འདོད་ཀྱི་དབང་ལུང་ཁྲིད་གསུམ་ལོངས་ཤིག་གསུང་ནས་བུམ་པ་གང་བྱོས་ཚུལ་དུ་གནང་ནས་སྐུ་མྱ་ངན་ལ་འདས་པའི་སྟ་གོན་སོགས་གནང་ནས། ལོ་དེའི་ཟླ༡༢པའི་ཚེས༢༠ལ་སྐུ་ཞི་བ་བོན་དབྱིངས་སུ་རྫོགས་སོ། དེ་རྗེས་བླ་མ་དེ་ཉིད་ཀྱི་ཐུགས་ཀྱི་སྲས་མཆོག་མང་དུ་བྱོན་པའི་ནང་ནས།ཁོང་གི་དངོས་སློབ་དམ་པ་རྟོགས་ལྡན་བསོད་ནམས་ཕུན་ཚོགས་ཞེས་བེེ་རོའི་སྤྲུལ་པ་དངོས་སུ་བྱོན་པ་ལུང་དུ་མས་བསྔགས་པ་ཞིག་རྔ་ཡུལ་གྱི་ཨ་ཀའི་ཐང་བ་ཚང་ལ་འཁྲུངས་པ་དང་། ཨ་ཀའི་ཞི་གདུགས་ཚང་ལ་འཁྲུངས་པའི་བླ་མ་ཚུལ་ཆེན་ཚུལ་ཁྲིམས་ཡེ་ཤེས་གཉིས་ཀྱིས། རི་ཁྲོད་པའི་དགོན་སྡེ་སླར་གསོ་བྱས་ནས་འདུས་དགོན་ཆུང་ངུ་ཞིག་ལ་བསྒྱུར་བཅོས་དང་ཞབས་འདེགས་བྱས་ནས་བོན་སླེབ་རྟོགས་ལྡན་དགོན་དབེན་གནས་བསམ་གཏན་གླིང་ཞེས་པའི་­­­­­­­­­­­­­­མཚན་གསོལ་ཞིང་གྲྭ་ཚང་ཡང་༡༠༠ལྷག་འཚོགས་པབྱུང།གསང་བདག་བསོད་ནམས་ཕུན་ཚོགས་སྐུ་ཞི་བར་གཤེགས་ནས་ཚུལ་ཁྲིམས་ཡེ་ཤེས་མཆོག་གིས་བསྟན་པ་བསྐྱངས་པར་མཛད་དོ།དེ་ནས་བསོད་ནམ་ཕུན་ཚོགས་ཀྱི་ཚ་བུ་རྟོགས་ལྡན་དཀོན་མཆོག་འཇིགས་མེད་གླིང་བ་མཆོག་གིས་དགོན་སྡེ་མུ་མཐུད་དུ་བསྐྱངས་པར་མཛད་དོ། དེ་ནས་ཚུལ་ཁྲིམས་ཡེ་ཤེས་ཀྱི་སློབ་བུ་ཕུལ་བྱུང་ཧོར་འཕན་ཝ་ཚང་ལ་འཁྲུངས་པའི་ཁྲོ་གཉེན་དངོས་བྱོན་རྟོགས་ལྡན་ཁྲི་གཙུག་བློ་གྲོས་ཀྱིས་བསྟན་དགོན་རིམ་གྱིས་བསྐྱངས་པར་མཛད། སྐུ་ཐོག་འདིའི་རིང་ལ་གཤེན་ཕུན་ཚོགས་དབང་རྒྱལ་ཡུལ་འདིར་ཕེབས་ནས་དམ་པ་དེ་ཉིད་ཀྱིས་བོན་སྲིད་ཀྱི་ཕྱོགས་གང་ཐད་ནས་ཞབས་འདེབས་ཆེན་པོ་གནང་ནས་དགོན་གནས་འདི་ལ་གཤེན་ཚང་འདུ་ཁང་ཞེས་པ་གསར་བཞེངས་རྒྱ་ཆེན་པོ་གནང་ནས་ཕྱི་ནང་གི་བཀོད་པ་ངོ་མཚར་ཞིང་ཕུན་སུམ་ཚོགས་པ་ལེགས་གྲུབ་བྱུང་། དགོན་མགོ་ཡང་གཤེན་ཚང་ལ་ཕུལ། དེ་རྗེས་མཆོག་རྩེ་སྟོད་པ་ཚ་ལུང་མཁས་སྐོར་ཚང་ལ་སྐུ་འཁྲུངས་པའི་བེེ་རོ་དངོས་བྱུང་བསོད་ནམས་དར་རྒྱས་ཀྱིས་དགོན་སྡེ་འདི་ལ་རྒྱ་བསྐྱེད་མཛད་པ་དང་། རང་དང་གཞན་གྱི་དགོན་སྡེ་དང་དཔོན་རིགས་དུ་མ་བསྐྱངས་པ་སོགས་མཛད་འཕྲིན་ཤིན་ཏུ་རྒྱས་པར་གྱུར། དེ་རྗེས་ཨ་ཀའི་སྡོམ་བུ་ཚང་ལ་སྐུ་འཁྲུངས་བའི་ཁྲི་འབར་ཚུལ་ཁྲིམས་ཀྱི་སྤྲུལ་བ་རྟོགས་ལྡན་སྡོམ་བུ་ནམ་མཁའ་ལྷུན་གྲུབ་ཀྱིས་དགོན་སྡེ་བསྐྱངས་ནས་དགོན་པའི་ཕྱག་ལེན་ལ་ཞུ་དག་དང་དབང་ལུང་སོགས་ཀྱིས་སློབ་མ་མང་པོ་སྐྱོང་གནང་མཛད། དེ་ནས་གཅའ་དབལ་ཤུལ་ལ་སྐུ་འཁྲུངས་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་ཟ་རང་མེ་འབར་གྱི་རྣམ་སྤྲུལ་རྟོགས་ལྡན་ཚུལ་ཆེན་སྐུ་ཕྲེང་དང་པོའི་ཡང་སྤྲུལ་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་ཞེས་བྱ་བ་བྱོན་ནས། ཁང་ཆུང་ནས་བློ་རིག་གསལ་ཞིང་མཁན་ཆེན་ཡོངས་འཛིན་ཡོན་ཏན་རྒྱ་མཚོ་མཆོག་གི་ཞལ་སྔ་ནས། ཡི་གེ་སྦྱོར་ཀློག་ནས་བཟུང་རིག་པའི་གནས་ཀུན་ལ་ཐོགས་མེད་དུ་སྦྱང་བར་མ་ཟད། གཤེན་བསྟན་གླིང་བཞིའི་ཁྱོན་ལ་མཁས་དང་གྲུབ་པའི་འཁོར་ལོས་འདོད་རྒུར་མངའ་སྒྱུར་པའི་ངེས་པ་དོན་གྱི་རྣམ་འབྱོར་བ་ཆེན་པོ་ཀུན་མཁྱེན་ཤར་རྫ་པ་རིན་པོ་ཆེ་དང་། བླ་མ་གཡུང་དྲུང་ཚུལ་ཁྲིམས། ཕན་ཚ་ཁྲིམས་ཆེན་པ་ཀུན་གྲོལ་འཆི་མེད་འབུ་མེད་ཡེ་ཤེས་བསྟན་འཛིན་། གདུང་ལེགས་བསྟན་པ་དར་རྒྱས། སྡོམ་བུ་ནམ་མཁའ་ལྷུན་གྲུབ། ཉག་ཝ་ཨ་ལགས་སོགས་རང་ལུགས་ཀྱི་མཁས་ཤིང་གྲུབ་པའི་སྐྱེས་བུ་དམ་པ་མང་དུ་བསྟེན་ནས་གསན་སྦྱང་རྒྱ་ཆེན་པོ་མཛད་པ་མ་ཟད། གཞན་ཕྱོགས་ཀྱི་བླ་མ་ཨ་ལགས་ཞལ་ཤུལ་ཚང་དང་དགེས་སྟང་བློ་བཟང་མཁས་མཆོག་དབྱིག་སྙན། ཕྱོགས་སྐྱོང་འགྱུར་མེད། མཁར་བླ་མ། བུ་ནང་དཔོན་པོ། ཨ་ཉ་བླ་མ་སོགས་མཁས་མཆོག་མང་པོ་བསྟེན། རིག་པའི་གནས་ཆེན་བཅུ་དང་མདོ་སྔགས་ཕྱི་ནང་གསང་བའི་བོན་སྒོ་ཀུན་ལ་གསན་སྦྱང་རྒྱ་ཆེར་མཛད་ནས་ལྔ་རིག་མཁས་དབང་ཆེན་པོ་པཎྜི་ཏ་ཆེན་པོའོ་མཚན་སྙན་སྲིད་པའི་ཕ་མཐར་བརྒལ་བར་གྱུར། དགོན་སྡེ་ལའང་ཚུལ་བཞིན་འདུལ་བ་བཞིན་གྱི་བཅའ་ཁྲིམས་དང་སྒྲིག་ཁྲིམས་ཀྱི་ག་དར་ཡང་དག་པ་མཛད་ནས་དགོན་སྡེ་ལ་བཅོས་སྒྲིག་ཆེན་པོ་བྱས། འཆད་ཉན་དང་ཉམས་ལེན་གྱི་རིམ་པ་ལེགས་པར་བཙུགས་ནས་དགོན་པའིམཚན་ལ། རྟོགས་ལྡན་སྨིན་གྲོལ་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་ཞེས་མཚན་གསོལ། གྲྭ་ཚང་ཡང་སུམ་བརྒྱ་ཡར་བརྒལ་འཚོགས།མ་ཟད་ཁོང་གི་སློབ་མའི་ཚོགས་ལའང། སྟོད་དབུས་གཙང་གི་ཕྱོགས་ནས་དང་། བར་ཁྱུང་པོ་རྐོང་པོ་སྡེ་དགེ་ཁམས་ཕྱོགས།རྫ་ཁོག་ཉག་ཡུལ་སོགས་གྱི་སློབ་མ་དང། གཞན་ཡང་རྒྱ་རོང་ཁྲོ་སྐྱབས། འབར་ཁམས། ཚ་ལུང་སོ་མང་། ཤར་གྱི་ཟུང་ཆུ་འཕན་ཆུ། དབུ་བཟི། བྱང་གི་ཕྱོགས་ནས། རོང་བོ་རེབ་གོང་སོགས་བོན་ཆོས་ཀྱི་སློབ་མ་བརྒྱ་ཕྲག་དུ་མ་བཅས་ཡོད་དོ། ཁོང་གི་གསུང་རྩོམ་ལ་ལམ་ཁྲིད་སྒོམ་ཁྲིད་དང་རིག་གནས་བཅས་ཀྱི་སྐོར་སོགས་ལྡེབ་གྲངས་སྟོང་ཕྲག་མང་དུ་བཞུགས།བླ་མ་དེའི་རྒྱུད་འཛིན་བེེ་རོའི་རྣམ་སྤྲུལ་བསྟན་འཛིན་འཆི་མེད་དབང་པོ་ཞེས་པ་དེ་ཉིད་ཡིན་ལ། ཁོང་ཉིད་སྐུ་འཁྲུངས་ཡུལ་ཤར་དུང་རིའི་ཉེ་འདབས་རིན་སྤུངས་ཚང་ཡིན་ལ། ཁོང་ཉིད་རྟོགས་ལྡན་བསོད་ནམས་དར་རྒྱས་ཀྱི་ཡང་སྤྲུལ་ཡིན་པས། ཁོང་གིས་གསན་སྦྱང་ལེགས་པར་མཛད་ནས་སྔོན་གྱི་སྐུ་གཤེགས་པའི་གདུང་རྟེན་རྣམས་ལ་སྐུ་གདུང་མཆོད་རྟེན་གསེར་དངུལ་དང་། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་མང་པོ་བཞེངས་པ་དང་། ལོ་རེ་བཞིན་དུ་འཚོགས་པའི་གདུང་མཆོད་ཀྱི་རྟེན་བཞག་དང་། དེ་བཞིན་སྔོན་མའི་ཕྱག་ལེན་ཉམས་མེད་སྐྱོང་གནང་མཛད་ནས་དགོན་སྡེ་སྔར་བས་དར་བ་བྱུང་ངོ་། དེ་ནས་འཆི་མེད་ཚེ་དབང་གི་སྤྲུལ་བ་ཐོས་གྲོལ་ཀུན་མཁྱེན་ཡོན་ཏན་རྒྱ་མཚོ་ཞེས་འབར་ཁམས་ཏོ་པོའི་དབྱུ་ཞིག་ལ་འཁྲུངས།བླ་མ་མང་པོ་བསྟེན་ཀྱང་། དབུས་བསྐོར་དང། གནས་སྐོར་མང་པོ་མཛད་། ཚུལ་ཆེན་ཡང་སྤྲུལ་གཉིས་པའི་ཡོངས་འཛིན་མཛད། འཆད་རྩོད་རྩོམ་པའིགདུལ་བྱ་དང་སློབ་མ་མང་དུ་གསོ་སྐྱོང་དང་དབང་ལུང་མན་ངག་ཟབ་མོ་གནང་ནས་བཀའ་དྲིན་བླ་ན་ལྷག དེ་རྗེས་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་ཁྱི་ཡི་ལོར་ཁྲི་གཙུག་བློ་གྲོས་ཀྱི་ཡང་སྤྲུལ་ཁྲོ་གཉེན་གྱི་སྤྲུལ་བ་ཁྲི་བ་རིན་པོ་ཆེ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་མཆོག་ཉིད། མཆོག་རྩེ་སྟོད་པ་ཚ་ལུང་དགོས་འདོད་ཚང་ལ་སྐུ་འཁྲུངས་ནས་གདན་སར་བཀོད། མེ་གླང་ལོར་ཚུལ་ཆེན་སྐུ་ཕྲེང་གསུམ་པའི་ཡང་སྤྲུལ་ཐེག་མཆོག་བསྟན་པའི་ཉི་མ་ས་ཆེན་སྡེ་དགེའི་ཤར་རྫ་ཁོག་ཏུ་འཁྲུངས།ཁོང་རྣམ་གཉིས་ཀྱིས་དགེ་བའི་བཤེས་གཉེན་ཆེན་པོ་གསུམ་ལྡན་ངུར་སྨྲིག་འཛིན་པའི་ཡོངས་འཛིན་དམ་པ་མཁན་བཟོད་པ་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་མདུན་དྲུང་ནས་རིག་གནས་དང་མདོ་སྔགས་ཕྱི་ནང་གསང་བའི་བོན་སྒོ་ཡོངས་རྫོགས་གྱི་གདམས་པ་མ་ལུས་པ་བུམ་པ་གང་བྱོས་ཚུལ་དུ་གནང་བ་དང་གསན་སྦྱང་ལེགས་པར་མཛད། དགོན་འདིར་འཆད་ཉན་དང་སྒོམ་སྒྲུབ་ཀྱི་བྱ་བ་ལ་མཐའ་གཅིག་ཏུ་ཞབས་འདེགས་ཕུལ། མ་ཟད་སྲིད་ལའང་སྒྲིག་ལམ་བཅའ་ཁྲིམས་འཛུགས་སྐྲུན་བདག་གཉེར་དོ་དམ་བཅས་ལ་འབད་པ་ཆེན་པོ་གནང་བ་རེད། གཞན་ཡང་འདུ་ཁང་གསར་བཞེངས་ལན་གཉིས་མཛད་པ་དང་། སྐུ་གསུང་ཐུགས་རྟེན་རྒྱ་ཆེན་པོ་གསར་བཞེངས་དང་། ཉམས་གསོ་ཆེན་པོ་བྱས། སེམས་དཔའ་འདུས་པའི་སྡེ་ཡང་ལྔ་བརྒྱ་ཡར་ལྷག་ཏུ་འཕེལ་བ་བྱུང་། ཡིན་ནའང་མེ་འབྲུག་ལོ་ལ་རྐྱེན་ངན་ཚེར་མའི་ཕུང་བོ་འཕྲལ་ཐབས་མེ་ལྕེས་གཞོམ་པར་བྱས་ཤིང་།ཏང་གི་ཡང་དག་པའི་སྲིད་ཇུས་ལ་བརྟེན་ནས་ད་ལྟ་ཉམས་གསོ་དང་བླ་སྤྲུལ་ཡོངས་རྫོགས་གདན་འཛོམས་ཏེ་དུས་མཆོད་བསྙེན་སྒྲུབ་སོགས་ལུགས་བསྟུན་ལེགས་མཛད་ཀྱིས་དཔལ་ཡོན་གཉིས་ཀྱི་འཛུགས་སྐྲུན་ལ་ཞབས་འདེགས་གང་ནུས་བྱེད་བཞིན་མཆིས་ལགས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག