ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་བོན་གྱི་སློབ་མ་བསྡུ་ལེན་གནང་བ།
ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་བོན་གྱི་སློབ་མ་བསྡུ་ལེན་གནང་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དྲུང་ཆེ་བསོད་ནམས་གཡུང་དྲུང་།] [ཟླ་ཚེས། 10-07-03] [ཀློག་གྲངས། ]

      སྤྱི་ཟླ་ལྔ་བའི་ཟླ་མཇུག་ནས་དྲུག་པའི་ཟླ་མཇུག་བར་དུ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་ས་ཚིགས་ལྔར་རྒྱུགས་ར་སོ་སོར་བཙུགས་ནས་སྐབས་བཞི་བའི་འབྲིང་རམས་པའི་འཛིན་གྲྭར་གཡུང་དྲུང་བོན་ལུགས་པའི་སློབ་མ་༢༥དང་སྐབས་བརྒྱད་པའི་མཐོ་རམས་པའི་འཛིན་གྲྭར་དཔལ་ལྡན་ས་སྐྱ་བའི་སློབ་མ་༧དང་རི་བོ་དགེ་ལུགས་པའི་སློབ་མ་༤བསྡུ་བ་མ་ཟད། སྐབས་བཅུ་གསུམ་པའི་ནང་རིག་ཆེད་སྦྱོང་སྤྲུལ་སྐུ་འཛིན་གྲྭར་མཚོ་སྔོན་ཞིང་ཆེན་གྱི་དགེ་ལུགས་པའི་སྤྲུལ་སྐུ་༢༥བསྡུ་བའི་ཡིག་ཚད་གཏོང་བ་དངོས་སུ་ལག་བསྟར་བྱས། སྤྱི་ཟླ་༥ཚེས་༢༨ནས་ཚེས་༣༡ཉིན་བར་བོད་ལྗོངས་ནང་བསྟན་མཐུན་ཚོགས་སུ་རྒྱུགས་ར་བཙུགས་ནས་གཡུང་དྲུང་བོན་ལུགས་པ་དང་ས་སྐྱ་བ། དགེ་ལུགས་པའི་སློབ་མ་རྣམས་ལ་ཡིག་ཚད་བཏང་། སི་ཁྲོན་བྲག་འགོ་རྫོང་བྲག་འགོ་དགོན་དུ་མཚོ་སྔོན(ཡུལ་ཤུལ་ཚུད་མེད)དང་ཀན་སུའུ། སི་ཁྲོན་དང་ཡུན་ནན་བཅས་ཀྱི་ས་སྐྱ་བ་དང་དགེ་ལུགས་པའི་སློབ་མ་རྣམས་ལ་ཡིག་ཚད་བཏང་། སི་ཁྲོན་ཟིང་ཆུ་རྫོང་དགའ་མལ་དགོན་ཆེན་དུ། མཚོ་སྔོན་དང་ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ཀྱི་གཡུང་དྲུང་བོན་ལུགས་པ་རྣམས་ལ་ཡིག་ཚད་བཏང་། མཚོ་སྔོན་ཡུལ་ཤུལ་ཁུལ་ནང་བསྟན་མཐུན་ཚོགས་སུ་ཁུལ་དེའི་ས་སྐྱ་བའི་སློབ་མ་རྣམས་ལ་ཡིག་ཚད་བཏང་། མཚོ་སྔོན་ནང་བསྟན་སློབ་གླིང་དུ་ནང་རིག་ཆེད་སྦྱོང་སྤྲུལ་སྐུ་འཛིན་གྲྭའི་ཡིག་ཚད་བཏང་།

      དེ་ཡང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གཙོ་བྱས་པའི་འབྲེལ་ཡོད་ལས་ཁུངས་ཀྱི་ལས་བྱེད་མི་སྣ་ཨ་ལགས་སྒོ་མང་བརྩོན་འགྲུས་རྒྱ་མཚོ་མཆོག(ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་འགོ་གཙོ)དང་ཨ་ལགས་གྲོ་ཚང་(སློབ་གླིང་ཞིབ་འཇུག་ཁང་གི་འགོ་གཙོ།) སྒོ་མང་འོད་ཟེར་རྒྱ་མཚོ་དང་ལས་བྱེད་འགའ། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ(ཀྲུང་གོ་བོད་བརྒྱུད་མཐོ་རིམ་ཡོན་གནས་ཞིབ་དཔྱོད་ཨུ་ལྷན་གྱི་ལས་འཛིན)སོགས་ས་ཚིགས་སོ་སོར་དུས་ལྟར་ཕེབས་ནས་རྒྱུགས་ལེན་དགེ་རྒན་(ཁྱུང་པོ་རྩེ་དྲུག་དགོན་བཤད་གྲྭའི་དཔོན་སློབ་བསྟན་པའམ་བསྟན་པའི་རྒྱལ་མཚན། ཧོར་སྦྲ་ཆེན་རྫོང་ཀླུ་ཕུག་དགོན་བཤད་གྲྭའི་དགེ་རྒན་དགེ་བཤེས་གཡུང་དྲུང་གཙུག་ཕུད། ཤར་རྫའི་རྒྱལ་ཚབ་ཨ་འཇིགས་སམ་འཇིགས་མེད་རིག་པའི་དབང་ཕྱུག)དང་རིགས་ལུང་བ་(ཁྱུང་པོ་ཀོ་རྒྱལ་དགོན་བཤད་གྲྭའི་དགེ་རྒན་དགེ་བཤེས་ཡོན་ཏན་ཕུན་ཚོགས)རྣམས་གདན་འདྲེན་ཞུས་ནས། ད་ལོའི་སློབ་བསྡུའི་ཡིག་ཚད་བཏང་བ་སྟེ། བོད་ལྗོངས་ཕྱོགས་ཀྱི་གཡུང་དྲུང་བོན་ལུགས་པ་དང་ས་སྐྱ་བ། དགེ་ལུགས་པའི་སློབ་མ་རྣམས་ཀྱིས། སྤྱི་ཟླ་༥ཚེས་༢༦དང་༢༧གཉིས་ལ། བོད་ལྗོངས་ནང་བསྟན་མཐུན་ཚོགས་སུ་མིང་ཐོ་བཀོད་ནས་ཚེས་༢༨ནས་དངོས་སུ་ཡིག་ཚད་བཏང་བའི་བྱ་རིམ་ནང་། གོང་རིམ་ནས་མངགས་ཡོང་བའི་ལས་བྱེད་མི་སྣ་དང་། གོང་འཁོད་ལྟར་གདན་འདྲེན་ཞུས་པའི་རྒྱུགས་ལེན་དགེ་རྒན་དང་རིགས་ལུང་བ་རྣམས་ཀྱིས་འགན་འཁྲི་དམ་འཛིན་བྱས་ཐོག དམུ་རིགས་གཤེན་གྱི་གདུང་འཛིན་ནོར་བུ་དབང་རྒྱལ་རིན་པོ་ཆེ་དང་སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མ་རྣམ་གཉིས་ནས། ཐོག་མཐའ་བར་གསུམ་དུ་བྱ་འགུལ་འདི་ལ་ཞུགས་པ་ཐམས་ཅད་ལ་ཡིད་འགུལ་ཐེབས་པའི་སྣེ་ལེན་དང་རོགས་རམ་གང་ལེགས་གནང་བ་བཅས་ཚེས་༣༡ཉིན་རྒྱུགས་ར་དང་པོའི་ཡིག་ཚད་གཏོང་བ་བདེ་བླག་གི་ངང་ནས་མཇུག་རྫོགས། 

      མདོ་སྨད་རྔ་བ་ཟིང་ཆུ་རྫོང་གི་གནས་ཆེན་བྱ་དུར་གྱི་འདབས་རོལ། དགའ་མལ་དགོན་ཆེན་དུ་རྒྱུགས་ར་ཞིག་བཙུགས་ནས། སྤྱི་ཟླ་༦ཚེས་༣—༤ནས་གོང་རིམ་ལས་བྱེད་མི་སྣ་དང་གདན་ཞུས་རྒྱུགས་ལེན་དགེ་རྒན་(ཁྱུང་པོ་རྩེ་དྲུག་དགོན་བཤད་གྲྭའི་དཔོན་སློབ་བསྟན་པའམ་བསྟན་པའི་རྒྱལ་མཚན། རྔ་བ་སྣང་ཞིག་དགོན་ཆེན་མཁན་ཟུར་ཡེ་ཤེས་རྒྱལ་མཚན། ཧོར་སྦྲ་ཆེན་རྫོང་ཀླུ་ཕུག་དགོན་བཤད་གྲྭའི་དགེ་རྒན་དགེ་བཤེས་གཡུང་དྲུང་གཙུག་ཕུད། ཤར་བ་དགའ་མལ་དགོན་ཆེན་བཤད་གྲྭའི་དཔོན་སློབ་ཤེས་རབ་མཐར་ཕྱིན། ཤར་རྫའི་རྒྱལ་ཚབ་ཨ་འཇིགས་སམ་འཇིགས་མེད་རིག་པའི་དབང་ཕྱུག)དང་རིགས་ལུང་བ་(རྔ་བ་སྣང་ཞིག་དགོན་ཆེན་ནས་གདན་ཞུས་གྲྭ་བཙུན་བསྟན་པ་དར་རྒྱས་དང་ཚེ་དབང་སྐྱབས། བསྟན་འཛིན་རྒྱ་མཚོ། བློ་གྲོས་བསྟན་འཛིན། གཙུག་ཕུད་ཚུལ་ཁྲིམས་)རྣམས་རིམ་བཞིན་ཕེབས་ཤིང་། མཚོ་སྔོན་དང་ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ཀྱི་གཡུང་དྲུང་བོན་ལུགས་པའི་སློབ་མ་རྣམས་ཀྱིས། སྤྱི་ཟླ་༦ཚེས་༥དང་ཚེས་༦གཉིས་ལ་ཟིང་ཆུ་རྫོང་གཙོ་ཚང་དགོན་གྲོང་རྡལ་གཙོ་ཚང་མགྲོན་ཁང་དུ་མིང་ཐོ་བཀོད་ནས། ཚེས་༧དང་ཚེས་༨གཉིས་ལ་དགའ་མལ་དགོན་ཆེན་ནས་ཚད་མ་དང་ཕར་ཕྱིན་གྱི་རྩོད་རྒྱུགས་བླངས། ཚེས་༩ཉིན་གཙོ་ཚང་མགྲོན་ཁང་ནས། ཆབ་སྲིད་གཙོ་བོ་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་དེ་འབྲེལ་གྱི་ཁྲིམས་ལུགས་ཁྲིམས་སྲོལ། རིག་གནས་གཙོ་བོ་སུམ་རྟགས་སྙན་ངག་དང་རྩོམ་འབྲི་ལ་སོགས་རིག་གནས་ཀྱི་རྨང་གཞིའི་ཤེས་བྱ་དག་ངག་བྲིས་བྱེད་པའི་ཡིག་ཚད་བཏང་བར་ལས་བྱེད་མི་སྣ་དང་གདན་ཞུས་དགེ་རྒན། གདན་ཞུས་རིགས་ལུང་བ་རྣམས་ཀྱིས་འོས་འགན་ལེགས་སྒྲུབ་མཛད་ཐོག ཟིང་ཆུ་རྫོང་ཐབས་ཕྱོགས་གཅིག་གྱུར་པུའུ་དང་ཆོས་ལུགས་ཅུའུ། དགའ་མལ་དགོན་དོ་དམ་ཨུ་ལྷན་སོགས་ཀྱིས་སྣེ་ལེན་དང་ཞབས་ཞུ། ལྷག་པར་དུ་དགའ་མལ་དགོན་ཁག་གི་མཁན་པོ་བླ་མ་ཚེ་རིང་རིན་པོ་ཆེ་དང་ཤར་བ་སྣང་ཞིག་སྤྲུལ་སྐུ་ངག་དབང་རིན་པོ་ཆེ་(ཟིང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་)རྣམ་གཉིས་ནས་ཐོག་མཐའ་ཀུན་ཏུ་ཐུགས་ཁུར་དང་རྒྱབ་སྐྱོར་ཚད་མེད་གནང་ནས། ཐེངས་འདིའི་ཡིག་ཚད་གཏོང་བ་བཀྲ་ཤིས་བདེ་ལེགས་ཀྱི་ངང་ནས་མཇུག་བསྒྲིལ་བའོ།།

      དེ་ལྟར་ས་ཚིགས་གཉིས་ནས་རྒྱུགས་ར་བཙུགས་ཏེ་གཡུང་དྲུང་བོན་བསྟན་འཛིན་པའི་སློབ་མ་ཉེར་ལྔ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཐེངས་དང་པོར་བསྡུ་ལེན་བྱས་པ་འདི། ཀྲུང་གོ་ཐབས་ཕྱོགས་གཅིག་གྱུར་པུའུ་དང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གཉིས་ནས་བྱམས་སྐྱོང་དང་བརྩེ་གཟིགས་གནང་ནས། རང་རེ་གཡུང་དྲུང་བོན་གྱི་རྗེས་འཇུག་རྣམས་བཀྲ་ཤིས་པའི་ལམ་བཟང་དུ་ཐེངས་དང་པོར་བསྐྱོད་པ་ཡིན་ལ། སློབ་གླིང་དེ་ནས་རྒྱལ་བ་གཤེན་གྱི་བསྟན་པ་རིན་པོ་ཆེ་ལ་འཆད་ཉན་གྱི་བགོ་སྐལ་ཐོབ་པ་དང་པོ་ཡིན་པ་མ་ཟད། མི་རིགས་ཆོས་ལུགས་ཀྱི་སློབ་གསོ་དང་རྒྱལ་ཁབ་ཁྲིམས་ལུགས་ཀྱི་སློབ་གསོ་ཐོབ་པ་ཐོག་མའང་ཡིན། དེ་བས། ངས་འདི་ནས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་པ་ཡོངས་ཀྱི་ཚབ་ཞུས་ཏེ། གོང་རིམ་ལས་ཁུངས་ཀྱི་གཟིགས་སྐྱོང་དང་གོང་འཁོད་བཞིན་ལས་བྱེད་མི་སྣ་དང་གདན་ཞུའི་དགེ་རྒན། རིགས་ལུང་བ་དང་གཞན་པའི་རམ་འདེགས་པ་རྣམས་ཀྱི་སྐུ་ཚེགས་དང་འོ་རྒྱལ་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག རྒྱུགས་སྤྲོད་སློབ་གྲོགས་རྣམས་ཀྱིས་སློབ་གླིང་དེར་རྒྱུགས་འཕྲོད་ནས། རང་དོན་དུ་ཐོས་བསམ་སྒོམ་སྒྲུབ་དང་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བའི་སྨོན་འདུན་དང་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག