ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> སྨན་རིའི་སྤྱི་རིམ་ཆེན་མོ།
སྨན་རིའི་སྤྱི་རིམ་ཆེན་མོ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྱུངཿསྨོན་ལམ།] [ཟླ་ཚེས། 10-07-03] [ཀློག་གྲངས། ]


      གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༣ ནས་ ༢༧ བར་སྟེ་བོད་ལྕགས་སྟག་ལོའི་ཧོར་ཟླ་ལྔ་པའི་ཚེས་བཅུ་གཉིས་ནས་བཅུ་དྲུག་བར་ཉིན་ལྔའི་རིང་ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུས་རིས་སུ་མ་ཆད་པའི་བསྟན་འཛིན་སྐྱེས་བུ་གང་ན་སུ་བཞུགས་པ་རྣམས་ཀྱི་འགལ་རྐྱེན་བར་ཆད་ཀྱི་ཉེར་འཚེའི་ཚོགས་རྣམས་རྨེག་མེད་དུ་ཞི་ཞིང་། བསྟན་འགྲོའི་བདེ་སྐྱིད་ཀྱི་ལེགས་ཚོགས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་ཕྱིར། དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་ཆེན་མོར་སྒྲུབ་གཤེན་བརྒྱ་ཕྲག་བརྒལ་བས་ཡི་དམ་ཁྲོ་བོ་གཙོ་མཆོག་མཁའ་འགྱིང་གི་གཞུང་བསྲང་སྟེ་གདངས་དབྱངས་འབྲུག་མོ་ལྡིར་བའི་དབྱངས་རྟ་ལ་དྲངས་པའི་ཚོགས་འཁོར་རྒྱས་འབུལ་དང་། གཙུག་ལག་ཁང་གི་ཡང་སྟེང་བར་ཁྱམས་འདོད་ཡོན་གྱི་ར་བར་ཡི་དམ་བོན་སྐྱོང་སྲུང་མ་དང་། མགྲོན་བཞིའི་སྡེ་ཚོགས་མ་ཚང་བ་མེད་པའི་བཀོད་ཚོགས་བོན་ཉིད་ཁྱུང་ནམ་གྱིས་བརྒྱན་པའི་མཁའ་ཀློང་གསང་བའི་མདོས་ཆེན་ལེགས་བཤམ་གྱིས་ཁྲོ་བོའི་ལྷ་ཁང་དུ་སྒྲུབ་གཤེན་བཅུ་ཕྲག་གཅིག་ཙམ་གྱིས་མཁའ་ཀློང་གསང་མདོས་ཀྱི་གཞུང་བསྲང་བ་དང། རྣམ་རྒྱལ་ལྷ་ཁང་དུ་སྒྲུབ་གཤེན་བཅུ་ཕྲག་གཉིས་ཙམ་གྱིས་གཤེན་རབ་བགེགས་ལས་རྣམ་པར་རྒྱལ་བའི་སྟོང་མཆོད་རྒྱས་འབུལ། བཤད་སྒྲུབ་འདུས་སྡེའི་ཚོགས་ཁང་དུ་སྒྲུབ་གཤེན་བཅུ་ཕྲག་གཉིས་ཙམ་གྱིས་གདུགས་དཀར་སྟོང་ཟློག་དང་། བཤད་སྒྲུབ་འདུས་སྡེའི་མཆོད་ཁང་དུ་སྒྲུབ་གཤེན་བཅུ་ཕྲག་གཅིག་ཙམ་གྱིས་རྣམ་འཛོམས་སྟོང་ཟློག སྒྲུབ་ཁང་དབང་དྲག་ཕོ་བྲང་དུ་སྒྲུབ་གཤེན་བཅུ་ཕྲག་གཅིག་ཙམ་གྱིས་ཡི་དམ་གསས་མཁར་མཆོག་ལྔ་དང་བོན་སྐྱོང་བསྟན་སྲུང་རྒྱ་མཚོའི་བསྐང་འབུམ་རྣམས་སྐད་ཀྱི་ཅོང་དགུ་སོགས་ཀྱི་འགྱུར་ཁུག་ལ་དྲངས་ནས་གསུངས་གནང་བ་མ་ཟད། བོད་ཚེས་བཅོ་ལྔ་འཛམ་གླིང་སྤྱི་བསང་ཉིན་ལྷ་རྒྱལ་རིར་བོན་སྐྱོང་རྟེན་མཁར་དྲུང་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་དབུ་བཞུགས་ཀྱིས་བསང་གསོལ་རྒྱས་འབུལ་གནང་སྟེ་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་གི་དབུ་འཕང་དགུང་དུ་བསྟོད་གནང་མཛད་ཡོད་པ་བཅས་ཀྱིས་བོན་གཞིས་ཐོབ་རྒྱལ་གསར་པའི་ལྷ་སྡེ་མི་སྡེ་ཡངས་ནས་སྤྱི་རིམ་ཟབ་རྒྱས་བསྒྲུབས་གནང་ཡོད་པ་རེད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག