ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> བོན་བརྒྱ་གཡུང་དྲུང་ལྷུན་གྲུབ་ཀྱི་ཡང་སྲིད་ལྷུན་གྲུབ་དཔལ་ཆེན་རྒྱ་མཚོ་མཆོག་ཁྲིར་མངའ་གསོལ་མཛད་པ།
བོན་བརྒྱ་གཡུང་དྲུང་ལྷུན་གྲུབ་ཀྱི་ཡང་སྲིད་ལྷུན་གྲུབ་དཔལ་ཆེན་རྒྱ་མཚོ་མཆོག་ཁྲིར་མངའ་གསོལ་མཛད་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྲི་བསོད་བསྟན།] [ཟླ་ཚེས། 10-07-16] [ཀློག་གྲངས། ]

 

  

  

བོན་བརྒྱ་བླ་བྲང་ནས་ཚོགས་ཆེན་འདུ་ཁང་དུ་བསུ་བཞིན་པ།

  

སྤྲུལ་སྐུ་ལྷུན་གྲུབ་དཔལ་ཆེན་རྒྱ་མཚོ་མཆོག་ཁྲིར་མངའ་གསོལ་བཞིན་པ།

  

  

མཛད་སྒོར་ཕེབས་མཁན་གྱི་སྐུ་མགྲོན་རྣམས་མཇལ་ཁ་བསྒྲོན་བཞིན་པ།

  

༧ སྐྱབས་རྗེ་བོན་བརྒྱ་མཆོག་གིས་གསུང་བཤད་གནང་བཞིན་པ།

  

འཛམ་གླིང་ཞི་བདེ་བཀྲ་ཤིས་སྒོ་མང་མཆོད་རྟེན་ལ་ཕོག་གཏེར་འབུལ་བཞིན་པ།

      སྐྱབས་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་༧དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གཙོས་མཛད་གཤེན་སྲས་རིན་པོ་ཆེ་ཤེས་རབ་ཚེ་དབང་དང་། སྣང་ཞིག་སྐྱབས་མགོན་སྐལ་བཟང་བློ་གྲོས་རྒྱ་མཚོ། རྒྱ་འོབས་བསྟན་འཛིན་དབང་རྒྱལ། ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ། སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མ། ཁྱུང་མོང་སྟོབས་ལྡན་དབང་ཕྱུག བོན་བློན་ནམ་མཁའ་བསྟན་འཛིན་སོགས་བོན་གྱི་བླ་སྤྲུལ་ཁག་གིས་བཀའ་གྲོས་གཅིག་མཐུན་གྱིས། ཕྱོགས་རིས་འཐེན་འཁྱེར་དང་། ཉེ་རིང་ཆགས་སྡང་། འཇིག་རྟེན་གཡོ་ཟོལ་གྱི་བྱ་བ་རིང་དུ་དོར་ནས། བོན་བརྒྱ་གཡུང་དྲུང་ལྷུན་གྲུབ་སྐུ་བཞུགས་ཀྱི་ཞལ་ཆེམས་དྲོན་མོ་དང་རྟགས་མཚན་དུ་མའི་རྟེན་འབྲེལ་ལེགས་པས་མཐར་བརྒྱན་ཏེ། སྙིགས་དུས་ཀྱི་འདྲེན་པ་ཆེན་པོ་ཐར་བ་རིན་ཆེན་གླིང་དུ་ཁྲིད་པའི་དེད་དཔོན། རྟོགས་ལྡན་དམ་པ་༧བོན་བརྒྱ་གཡུང་དྲུང་ལྷུན་གྲུབ་བསྟན་པ་འབྲུག་གྲགས་དཔལ་བཟང་པོའི་ཡང་སྲིད་ཉི་མ་གཞོན་ནུ་ལྷུན་གྲུབ་དཔལ་ཆེན་རྒྱ་མཚོ་མཆོག་སྤྲུལ་སྐུ་འཁྲུལ་མེད་དུ་ངོས་འཛིན་གནང་བའོ། །
      རོང་ཆེན་བཞིའི་ཡ་གྱལ་བྱང་ཕྱོགས་གསེར་ལྡན་ཨཀྟ་རོང་གི་ཡུལ་གྱི་སྙིང་བོར་གྱུར་བ། རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་ལྷོ་ཕྱོགས་སྔོན་བྱོན་གྲུབ་ཐོབ་རྣམ་གསུམ་གྱིས་མ་རུངས་ཀླུ་བཙན་དམ་ལ་བཏགས་ཤིང་ས་འདུལ་གསེར་སྐྱེམས་ཕྱོགས་བཞིར་ཕུལ་བའི་གནས་ཡུལ་དང་། ཆོས་རྗེ་བོན་བརྒྱ་སྐུ་ཕྲེང་རིམ་བྱོན་གྱིས་བྱིན་གྱིས་བརླབས་པའི་གདན་ས་ཁྱད་པར་ཅན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པ་ཡོངས་སུ་རྫོགས་པའི་འདུ་ཁང་ཆེན་མོ་རུ་༢༠༡༠ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་སྟེ་བོད་ལྕགས་སྟག་ལོའི་ཧོར་ཟླ་དྲུག་པའི་ཚེས་བཞིའི་ཉིན་མཁའ་ཁྱབ་འགྲོ་བ་སེམས་ཅན་ཐམས་ཅད་ཡང་དག་ཐར་བ་བདེ་ཆེན་གྱི་ས་ལ་འགོད་པའི་ཕྱིར་དུ། ཡང་སྤྲུལ་འཁྲུལ་མེད་རྩ་གསུམ་མཁའ་འགྲོའི་ལུང་གིས་ཟིན་པའི་སྤྲུལ་བའི་སྐུ་རིན་པོ་ཆེ་ལྷུན་གྲུབ་དཔལ་ཆེན་རྒྱ་མཚོ་མཆོག་གི་ཉི་མ་གཞོན་ནུའི་ཞབས་ཟུང་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་འཕང་མཐོན་པོར་མངའ་དབང་གསོལ་བའི་དགའ་སྤྲོ་ཡོ་ལང་གི་དགྱེས་སྟོན་རྒྱ་ཆེར་སྤེལ་བའི་མཛད་སྒོ་སྤེལ་བ་རེད།
      ཉིན་འདིར་ཞིང་ཆེན་ཕྱི་ནང་ནས་ཕེབས་པའི་བླ་སྤྲུལ་ཉི་ཤུ་ལྷག་དང་དགེ་འདུན་སྔགས་འཆང་སྟོང་ལྷག དད་ལྡན་མང་ཚོགས་སུམ་སྟོང་སྟོང་ཡས་མས་འདིར་འཛོམས་ཡོད་ལ། ཐོག་མར་རིས་སུ་མ་ཆད་པའི་བསྟན་འཛིན་སྐྱེས་བུ་རྣམས་ཀྱི་འགལ་རྐྱེན་བར་ཆད་ཞི་ཞིང༌། བསྟན་འགྲོའི་ལས་དོན་རྒྱས་ཕྱིར་འདིར་ཕེབས་ཀྱི་བླ་སྤྲུལ་རྣམས་དང་སེར་སྐྱ་མང་ཚོགས་རྣམས་ཀྱིས་སྲུང་མར་འཕྲིན་བཅོལ་དང་བསང་གསོལ་རྒྱ་ཆེན་གནང་། རྗེས་སུ་སྤྲུལ་སྐུ་ལྷུན་གྲུབ་དཔལ་ཆེན་རྒྱ་མཚོ་མཆོག་གཙོས་མཛད་༧སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེ་དང་འདིར་བཞུགས་ཀྱི་སྐུ་མགྲོན་བླ་སྤྲུལ་རྣམས་བོན་བརྒྱ་བླ་བྲང་ནས་སེར་ཕྲེང་གིས་མདུན་བསུས་ནས་ཚོགས་ཆེན་འདུ་ཁང་དུ་གདན་འདྲེན་ཞུས་པ་དང་ཡང་སྤྲུལ་ཉི་མ་གཞོན་ནུའི་ཞབས་ཟུང་ནོར་བུ་གསེར་གྱི་པདྨོ་སྟོང་བརྩེགས་ཀྱི་ཁྲི་འཕང་མཐོན་པོར་མངའ་གསོལ་མཛད་དེ། རང་དགོན་བོན་བརྒྱ་དགོན་གྱི་འདུས་སྡེ་སྤྱི་དང་འདིར་ཕེབས་ཀྱི་བླ་སྤྲུལ་ཁག དགོན་སྡེ་སོ་སོའི་འཐུས་ཚབ་མི་སྣ། དད་ལྡན་མི་སྐྱ་ཕོ་མོ་སོགས་ཀྱིས་ལྷ་དར་གྱིས་རྟེན་འབྲེལ་གྱི་མཇལ་ཁ་ཞུས། དེ་ནས་སྐྱབས་རྗེ་བོན་བརྒྱ་ཚང་གིས་འདིར་བཞུགས་ཀྱི་སྐུ་མགྲོན་དང་མང་ཚོགས་རྣམས་ལ་མདོ་སྨད་རེབ་གོང་ཡུལ་དུ་བོན་བསྟན་དར་ཚུལ་དང་དགོན་སྡེ་སོ་སོའི་མཐུན་སྒྲིལ་གཙོ་བོར་འཛིན་དགོས་ཚུལ། བོན་རང་ལུགས་ཀྱིས་བསླུ་མེད་སྤྲུལ་སྐུ་ངོས་འཛིན་ཚུལ་ཐད་ནས་གསུང་བཤད་གལ་ཆེན་གནང་རྗེས་སྐུ་མགྲོན་རྣམས་ཟས་སྟོན་ལ་རོལ། ཕྱི་དྲོར་སྐྱབས་རྗེ་བོན་བརྒྱ་མཆོག་དངོས་སུ་འཛམ་གླིང་ཞི་བདེ་བཀྲ་ཤིས་སྒོ་མང་མཆོད་རྟེན་བསྐྱར་འཛུགས་སུ་ཕེབས་ཏེ་ཕོག་གཏེར་འབུལ་བ་དང་འབྲེལ་འཛམ་གླིང་ཞི་བདེ་དང་སེམས་ཅན་བདེ་སྐྱིད་ཡོང་བའི་བཀྲ་ཤིས་སྨོན་ལམ་གྱི་མཚམས་སྦྱར་དང་བཅས་ཁྲི་སྟོན་གྱི་མཛད་སྒོའི་དུས་སྟོན་བདེ་བླག་ངང་ཡོངས་སུ་མཇུག་རྫོགས་པ་རེད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག