ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཁྱུང་ཡུལ་སྨོན་རྒྱལ་བླ་བྲང་དུ་སྨན་སྒྲུབ་ཆེན་མོའི་མཛད་སྒོ།
ཁྱུང་ཡུལ་སྨོན་རྒྱལ་བླ་བྲང་དུ་སྨན་སྒྲུབ་ཆེན་མོའི་མཛད་སྒོ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སྨོན་རྒྱལ་རང་གྲོལ་ཉི་མ་རྒྱལ་མཚན།] [ཟླ་ཚེས། 10-07-23] [ཀློག་གྲངས། ]


སྨན་སྒྲུབ་སྐབས་བླ་སྤྲུལ་འདུས་སྡེ་གསེར་ཕྲེང་དགའ་འགྱིལ་ཕེབས་པ།


བསྒྲུབ་ཆེན་སྐབས་བླ་སྤྲུལ་འདུས་སྡེ་ལྷན་འཛོམས་ཀྱི་དྲན་རྟེན་སྐུ་དཔར།

ཁྱུང་ཡུལ་སྨོན་རྒྱལ་བླ་བྲང་ནོར་འཁྱིལ་གླིང་དུ་སྨན་སྒྲུབ་ཆེན་མོའི་མཛད་སྒོ་བསྡུས་པ།

      སྤྱི་ལོ་༢༠༡༠བོད་ལྕགས་སྟག་ལོར། ཁྱུང་ཡུལ་སྨོན་རྒྱལ་བླ་བྲང་ནོར་འཁྱིལ་གླིང་གི་གདུང་རབས་༡༨༨པ་སྨོན་གཤེན་ནམ་མཁའ་དབང་ལྡན་རིན་པོ་ཆེས། སྨོན་གཤེན་དམ་པ་རིག་འཛིན་ཀུན་གྲོལ་འཇའ་ཚོན་སྙིང་པོ་སྐུ་སྐྱེ་བ་བཞེས་ནས་མི་ལོ་༣༡༠དང་མཁས་དབང་སེམས་དཔའ་ནམ་མཁའ་གྲགས་པ་སྐུ་འཁྲུངས་ནས་བགྲང་བྱ་༡༠༠ཐམ་པ་ཏག་ཏག་འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་དུས་མཆོད། རིག་འཛིན་གསང་སྒྲུབ་ཀྱི་སྒྲུབ་པ་དང་། རབ་འབྱམས་བོན་མཛོད་དབལ་ཕུར་སྨན་གྱི་སྒྲུབ་པ། ཡི་དམ་གསས་མཁར་མཆོག་ལྔའི་ནང་ནས་སྤྱི་སྤུངས་ཞི་ཁྲོའི་སྒྲུབ་གཞུང་བཅས་རྒྱས་འཚོགས་ཀྱི་སྟ་གོན་སྤྱི་ཟླ་༧པའི་ཚེས་༡ཉིན་གཡུང་དྲུང་སློབ་དཔོན་ལྔ་ཡིས་ཕྱོགས་བཞིར་རྒྱལ་ཐོ་འཛུགས་ཤིང་། མདོ་སྟོད་སྨད་བར་གསུམ་ནས་ཕེབས་པའི་བླ་མ་སྤྲུལ་སྐུ་མཁན་པོ་དགེ་བའི་བཤེས་གཉེན་ཏེ། ཀུན་གྲོལ་ལྷ་སྲས་རིན་པོ་ཆེ། གསང་གླིང་ཡང་སྲིད་འཆི་མེད་གླིང་པ། དབལ་ཁྱུང་དགོན་པའི་བླ་མ་ཉི་མ་ཀུན་གསལ། རེ་གོང་འཇམ་དཔལ་རྡོ་རྗེ་ཡབ་སྲས་སྐུ་འཁོར། བླ་ཁྲི་དགེ་བཤེས་གཡུང་དྲུང་འགྱུར་མེད་སོགས་མདོ་སྨད་ནས་ཕེབས་པ་དང་། ཤེལ་ཞིག་ཀུན་བཟང་བསྟན་འཛིན། བྱ་བཏང་ཤེས་རབ་བློ་གྲོས་སོགས་སྟོད་ནས་མར་ཕེབས་པ་དང་། སེམས་དཔའ་ཟླ་སྤྲུལ་རིན་པོ་ཆེ་སྐུ་འཁོར། རྩེ་དྲུག་བསྟན་འཛིན་འོད་ཟེར་སྐུ་འཁོར། གྲུབ་ཆེན་ནམ་མཁའ་རྒྱལ་མཚན། སྟེང་དགོན་འོད་ཟེར་སྦྱིན་པ་ཕུན་ཚོགས་སྐུ་འཁོར། རྩེ་དྲུག་ཐེག་མཆོག་འོད་ཟེར་རྒྱལ་མཚན་སྐུ་འཁོར། གཡུང་དྲུང་དཔལ་རིའི་འཆི་མེད་རིག་འཛིན་སྐུ་འཁོར། ཁྱུང་ནག་མཐའ་ཞི་ཡེ་ཤེས་སྐུ་འཁོར། ཤེལ་ཞིག་ཟླ་བ་རྒྱལ་མཚན། ཁྱུང་སེར་ཐེག་མཆོག་གྲགས་པ། བླ་ཆུང་ཀུན་བཟང་རྒྱལ་མཚན། དགེ་བཤེས་འཕགས་མཆོག་སེམས་དཔའ། དགེ་བཤེས་ཐབས་མཁས་དགེ་འཕེལ། དགེ་བཤེས་མགོན་པོ་བཅས་ཁྱུང་ཡུལ་སྟོད་སྨད་དགོན་སྡེ་ཁག་གི་དབུ་བླ་དགེ་བཤེས་གཙོས་པའི་འདུས་གྲྭ་༣༠༠ལྷག་དགྱེས་སྤྲོའི་ངང་ཕེབས་བསུ་ཞུས་ཤིང་། ཉིན་གྲངས་༡༥རིང་ཉིན་མཚན་ལྟོས་མེད་ཀྱི་བསྒྲུབ་པའི་འཕྲིན་ལས་གནད་སྨིན་སྤེལ་བ་དང་། སྤྱི་ཚེས་༡༣ཉིན་བླ་སྤྲུལ་སྐྱེས་ཆེན་རྣམས་ཀྱིས་གསོན་གཤིན་ཡོངས་ཀྱི་རེ་ལྟོས་བཞིན་བྱང་ཆེན་བཞུས་པ་དང་། སྤྱི་ཚེས་༡༤ཉིན་རང་དགོན་བེ་གོ་བསམ་གཏན་གླིང་གིས་གཤེན་གྱི་གར་འཆམ་རྒྱས་པ་དད་ལྡན་སེར་སྐྱ་ཡོངས་ལ་གཟིགས་འབུལ་ཞུས་པ་དང་། སྤྱི་ཚེས་༡༥ཉིན་གཤེན་གྱི་བླ་སྤྲུལ་སུམ་ཅུ་ལྷག་གིས་རིག་འཛིན་འདུས་པ་དང་། སྟག་ཕུར་ཁྲོ་བོ་བཅས་ཀྱི་བཀའ་དབང་ཟབ་མོ་དང་ལྷན་དུ་བྱིན་རླབས་སྨན་གྱི་དངོས་གྲུབ་སྐྱ་སེར་མི་དམངས༤༠༠༠༠ལྷག་ལ་དབང་དམ་བསླབ་བྱ་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་གནད་སྨིན་བརྩལ་བ་དང་། སྤྱི་ཚེས༡༦ཉིན་ཁྱུང་ཡུལ་སྨོན་རྒྱལ་བླ་བྲང་ནོར་འཁྱིལ་གླིང་གི་བླ་རབས༡༨༨པའི་སྨན་སྒྲུབ་ཆེན་མོའི་མཛད་སྒོ་ལེགས་པར་གྲུབ་པའི་དགའ་སྟོན་ཏེ། འཚོགས་ཞུགས་བཤད་གྲྭ་བ་རྣམས་ཀྱིས་བརྒལ་རྟགས་རིག་པའི་ལམ་ནས་རྩོད་ངག་གི་རྟེན་འབྲེལ་གནང་བ་དང་། བླ་སྤྲུལ་སྐྱེས་ཆེན་འདུས་གྲྭ༣༠༠ལྷག་ལ་བླ་བྲང་འདུས་སྤྱི་ནས་ཚན་པ་དགུ་ཚན་གྱིས་སྣ་དྲངས་ཏེ། ལྷ་རྫས་གཏོང་རག་གི་མཆོད་སྤྲིན་རྒྱས་འབུལ་གནང་། འཇུག་ཏུ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་སྨོན་ལམ་དང་། སེམས་ཅན་ཐམས་ཅད་འཚེ་མེད་ཞི་བདེའི་ཞིང་དུ་འཁྲིད་པའི་ཐུགས་སྨོན་མཛད་པ་བཅས་ཁ་དགེ་བཀྲ་ཤིས་རྟེན་འབྲེལ་འཇའ་འོད་དང་བཅས་ཏེ་མཛད་སྒོ་ཡོངས་སུ་ལེགས་པར་གྲུབ་པའོ།། །།
      དེ་ལྟར་སྤེལ་བའི་ཉིང་དགོས་ནི། སྤྱིར་རྒྱལ་གཤེན་བསྟན་པ་སྤྱི་དང་། ཡང་དགོས་སུ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། མཛད་འཕྲིན་ཡངས་པའི་ས་ཆེན་ཀུན་ཏུ་ཁྱབ་པ་དང་། གྲུབ་བརྙེས་རིག་འཛིན་གོང་མའི་ཕྱག་ལེན་སོགས་མི་ཉམས་རྒྱུན་སྐྱོང་། དད་དམ་འབྲེལ་བའི་ཤི་གསོན་ཡོངས་ཀྱི་དགེ་བསྐུལ། ཕྱི་རབས་རྗེས་འཛིན་རྣམས་ཀྱིས་དཔེ་ལྟོས་ཡོང་བ་དང་། བྱེ་བྲག་ཏུ་ལྔ་བརྒྱ་སྙིགས་མའི་རང་རྟགས་ཤར་བ་སྟེ། མི་རྣམས་ཀྱི་ལས་འབྲས་སྲུང་བརྩི་ཚུལ་བཞིན་མ་བྱས་པའི་དན་རྟགས་སུ། ཕྱི་སྣོད་རང་བྱུང་ཁམས་ཀྱི་གོ་ལ་འདི་ཉིད་ནི་ས་གཡོ་རི་ཉིལ་གྱིས་འཇིག་པ་དང་། ནང་བཅུད་ཕུང་ཁམས་ལ་ནད་རིགས་མི་འདྲ་བས་མནར་བའི་ཆེས་སྙིགས་དུས་ཀྱི་གཉེན་འཕྲང་གཞོམ་པའི་ཕྱིར་དང་། མདོར་ན་མ་གྱུར་འགྲོ་རྣམས་ཞི་བདེ་མྱང་འདས་ཀྱི་རྒྱལ་སར་འཁྲིད་པའི་ཐུགས་སྨོན་བཏབ་པ་སོགས་ཡིན་པས། དེ་དོན་བཏབ་པ་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ།། 
 

ཆེས་སྙིགས་དུས་ཀྱི་ཐལ་རླུང་འཚུབ་པའི་གསེང་།།
ཆེས་གསལ་སྒྲུབ་སྨན་ཕྱག་ལེན་མ་ཉམས་པར།།
ཆེས་མཐོའི་ཞིང་ཁམས་མདོ་གམ་ཁྱུང་ཡུལ་དུ།།
ཆེས་ཟབ་སྒྲུབ་སྨན་བདུད་རྩིའི་སྦྱིན་པ་བཀྱེས།།

 

བསྟན་པའི་རྒྱན་དང་འགྲོ་བའི་དོན་དམིགས་ཏེ།།
བསྟན་ལ་དད་པའི་དགེ་ཚོགས་གང་བགྱིས་པས།།
བསྟན་འཛིན་སྐྱེས་བུའི་སྐུ་ཚེ་རྟག་བརྟན་ཞིང་།།
བསྟན་པའི་རྒྱལ་པོ་བོན་བསྟན་འབར་གྱུར་ཤོག །

སྤྱི་ལོ་༢༠༡༠ལོའི་ཟླ༧པའི་ཚེས༢༣ ཉིན་ཁྱུང་ཡུལ་སྨོན་རྒྱལ་བླ་བྲང་ནོར་འཁྱིལ་གླིང་དུ་བྲིས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག