ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> མཁས་དབང་མཁར་རྨེའུ་ལགས་ཀྱིས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འཆད་ཁྲིད་གནང་སྐོར་གྱི་མཚམས་སྦྱོར་གནད་བསྡུས།
མཁས་དབང་མཁར་རྨེའུ་ལགས་ཀྱིས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འཆད་ཁྲིད་གནང་སྐོར་གྱི་མཚམས་སྦྱོར་གནད་བསྡུས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིག་ལྡན་སྒྲོལ་མ།] [ཟླ་ཚེས། 10-11-07] [ཀློག་གྲངས། ]

༄༅།།འཛམ་གླིང་གྲགས་ཅན་བོད་རིག་པའི་མཁས་དབང་སྐུ་ཞབས་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ཀྱིས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་འཆད་ཁྲིད་གནང་བ།

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་། རིག་ལྡན་སྒྲོལ་མ།

   སྤྱི་ལོ་༢༠༡༠ལོའི་ཟླ་༩པའི་ཚེས་༢༠ཉིན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གིས་གདན་འདྲེན་ཞུས་པ་ལྟར། འཛམ་གླིང་དུ་སྙན་གྲགས་ཆེ་བའི་བོད་རིག་པའི་མཁས་དབང་སྐུ་ཞབས་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ཀྱིས་དེ་གར་ཟླ་བ་གཅིག་གི་རིང་རིག་གཞུང་འཆད་ཁྲིད་གནང་བར་ཕེབས་པས། སློབ་གྲྭའི་འབྲེལ་ཡོད་དབུ་ཁྲིད་དང་སློབ་གླིང་ཁག་གི་དགེ་སློབ་ཚོས་ཕེབས་བསུ་ཟབ་རྒྱས་ཞུས།
དགེ་རྒན་ཆེན་མོ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ནི་སྤྱི་ལོ་༡༩༣༦ལོར་ཟི་ཁྲོན་ཞིང་ཆེན་ཟིང་ཆུ་རྫོང་གི་ཀི་ཚལ་གྲོང་ཚོའི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་འཁྲུངས། དགུང་ལོ་༨ནས་༡༩བར་གྲོང་པའི་ཉེ་འགྲམ་དུ་ཆགས་པའི་བོན་གྱི་སྣ་སྟེང་དགོན་དང་སྐྱང་ཚང་དགོན་པར་བཞུགས་ཏེ། མཁས་པའི་དབང་པོ་བསྟན་འཛིན་བློ་གྲོས་རྒྱ་མཚོ་(༡༨༨༩—༡༩༧༥)སོགས་ཀྱི་ཞབས་ལ་གཏུགས་ཏེ་རྩིས་དཀར་ནག་དང་། སྙན་ངག སྒྲ་མཚམས་སྦྱོར་ལྔ་པའི་བར་སོགས་ལ་ཐོས་བསམ་མཛད་པས། སྤྱི་ལོ་༡༩༥༥ལོར་དགེ་བཤེས་ཀྱི་མཚན་རྟགས་ཐོབ། སྤྱི་ལོ་༡༩༥༦ལོ་དགུང་ལོ་༢༡ཐོག་དབུས་སུ་བྱོན་ཏེ་ཆོས་སྡེ་ཆེན་པོ་འབྲས་སྤུངས་ཀྱི་སྒོ་མང་གྲྭ་ཚང་དུ་བོད་བརྒྱུད་ནང་བསྟན་གྱི་ཚད་མ་དང་། ཕར་ཕྱིན། དབུ་མ་སོགས་ཀྱིས་གཙོས་པའི་གཞུང་ཆེན་རྣམས་ལ་སློབ་གཉེར་གནང་། སྤྱི་ལོ་༡༩༦༠ལོར་མཁས་པ་ཆེན་པོ་སྐུ་ཞབས་བདེ་གསལ་དགེ་རབ་(David L. Snellgrove)ཀྱི་མགྲོན་འབོད་ལྟར་དུ་དབྱིན་ཇིར་ཕེབས། དེ་རྗེས་སྤྱི་ལོ་༡༩༦༡ལོ་ནས་སྤྱི་ལོ་༡༩༧༠ལོ་བར་རྒྱལ་ས་ལོན་ཏོན་དུ་ཡོད་པའི་མཐོ་རིམ་སློབ་གྲྭ་ཆེན་མོའི་ཚན་ཁག་འཛམ་གླིང་ཤར་དང་ཨ་པི་རི་ཀའི་སློབ་གཉེར་ཁང་(SOAS)དུ་བོད་ཆོས་ཀྱི་ཞིབ་འཇུག་ལས་རོགས་གནང་བ་དང་དེའི་རིང་མཚན་ཉིད་སློབ་དཔོན་(M.Phil.)གྱི་གོ་གནས་བཞེས། སྤྱི་ལོ་༡༩༨༡ལོར་ཧྥ་རན་སི་ལ་གནས་སྤོས་གནང་སྟེ་པ་རི་སིའི་རྒྱལ་ཡོངས་ཚན་རིག་ཞིབ་འཇུག་ཁང་ཆེན་མོའི་(CNRS)སྤྱི་ཚོགས་རིག་པ་དང་མི་རིགས་རིག་པའི་ཞིབ་འཇུག་ཁང་དུ་མུ་མཐུད་བོད་ཀྱི་ལོ་རྒྱུས་དང་། གཏམ་རྒྱུད། ཆོ་ག་སོགས་ཀྱི་ཐད་ལ་ཞིབ་འཇུག་མཛད། སྤྱི་ལོ་༡༩༨༥ལོར་མཚན་ཉིད་སློབ་དཔོན་(Ph.D.)གྱི་གོ་གནས་ཐོབ། སྤྱི་ལོ་༡༩༨༩ལོར་པ་རི་སིའི་རྒྱལ་ཡོངས་ཞིབ་འཇུག་ཁང་ཆེན་མོ་(CNRS)ནས་ཁོང་ལ་ཞིབ་འཇུག་གི་གྲུབ་འབྲས་ངོས་ལེན་དུ་དངུལ་གྱི་རྟགས་མ་ཞིག་ཀྱང་གནང་བ་མ་ཟད། གོ་གནས་སྤར་ཏེ་ཞིབ་འཇུག་གི་འགོ་ཁྲིད་(Director of Research)ཀྱི་གོ་གནས་ཀྱང་ཐོབ། སྤྱི་ལོ་༡༩༥༨ལོ་ནས་བཟུང་རྒྱལ་སྤྱིའི་བོད་རིག་པའི་ཞིབ་དཔྱད་ཚོགས་པའི་ལས་འགུལ་ལ་ཞུགས། སྔ་རྗེས་སུ་རྒྱལ་སྤྱིའི་བོན་ཆོས་ཞིབ་འཇུག་ཚོགས་པའི་དབུ་འཛིན་དང་སྐབས་དགུ་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་དཔྱད་ཚོགས་པའི་དབུ་འཛིན་སོགས་ཀྱི་འགན་ཁུར་བཞེས།
དགེ་རྒན་ཆེན་མོ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ནི་འཛམ་གླིང་དུ་སྙན་གྲགས་ཀྱི་བ་དན་ལྷབ་ལྷུབ་ཏུ་གཡོ་བའི་བོད་རིག་པ་མཁས་ཅན་ཞིག་ཡིན། ཁོང་གིས་ད་ལྟའི་བར་དུ་བོད་ཡིག་དང་། དབྱིན་ཡིག ཧྥ་རན་སིའི་ཡི་གེ་སོགས་ཀྱི་ལམ་ནས་བོན་གྱི་ལོ་རྒྱུས་དང་། རྫོགས་པ་ཆེན་པོ། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་། བོད་ཀྱི་ཆོས་ལུགས་རྣམས་སུ་ཡོད་པའི་ཆོ་ག་དང་གཏམ་རྒྱུད་སོགས་ཀྱི་ཐད་དུ་བཀའ་རྩོམ་རྒྱ་ཆེ་མཛད་ཡོད་དེ། དཔེར་ན། ༼ལེགས་བཤད་མཛོད་ཅེས་པའི་བོན་གྱི་གྲུབ་མཐའི་ལོ་རྒྱུས།༽ (Oxford University Press 1977) ༼བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་རྫོགས་ཆེན་ཞེས་པའི་ལྟ་བའི་ཁུངས་ཀྱི་རྣམ་བཤད།༽ (Brill 1988) ༼རྒྱལ་དབང་ལྔ་པའི་གསང་རྣམ་དང་གཟིགས་སྣང་སྐོར་གྱི་དབྱེ་བཤད།༽ (Serindia Publications 1988) ༼བོད་ཀྱི་ཐང་ག་གཉིས་ཐོག་ཏུ་འཁོད་པའི་ཞང་ཞུང་སྙན་རྒྱུད་ལས་འཕྲོས་པའི་ཁྱེའུ་ཆུང་ཞེས་པའི་སྐོར་གླེང་བ།༽ (Orchid Press 1997) ༼མདའ་དང་འཕང་།—མཁར་རྨེའུ་བསམ་གཏན་གྱི་གསུང་རྩོམ་ཕྱོགས་བསྒྲིགས། ༽ (ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧) ལ་སོགས་པའོ། །མཁས་པའི་དབང་པོ་གང་ཉིད་ཀྱི་རྣམ་དཔྱོད་ཀྱི་རྩལ་དང་དཀའ་སྤྱད་འབད་བརྩོན་ལས་འཁྲུངས་པའི་གསུང་རྩོམ་འདི་དག་ནི་དེང་རབས་བོད་རིག་པའི་ཞིབ་འཇུག་གི་ཕུལ་བྱུང་དཔྱད་འབྲས་ཤ་སྟག་ཡིན་གཤིས། རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་ཞིབ་འཇུག་ལ་མེད་དུ་མི་རུང་བའི་དཔྱད་གཞིའི་ཡིག་ཆར་གྱུར་ཡོད།
དགེ་རྒན་ཆེན་མོ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ཀྱི་ཐེངས་འདིའི་འཆད་ཁྲིད་ནི་ཁྱོན་ཁག་བརྒྱད་ལས་གྲུབ་ཅིང་། གཟའ་འཁོར་རེར་ཁག་གཉིས་རེ་བཀོད་སྒྲིག་བྱས་ཡོད། ཁོང་གིས་ཁ་གསལ་ཞིང་གོ་བདེ་བའི་ངང་ནས་དེར་བཞུགས་ཀྱི་ཉན་པ་པོ་རྣམས་ལ་འཛམ་གླིང་བོད་རིག་པའི་ཁྱབ་ཁོངས་ཀྱི་ཞིབ་འཇུག་གི་གནས་སྟངས་དང་། རང་ཉིད་ཀྱི་ཞིབ་འཇུག་དཔྱད་འབྲས། བོད་རིག་པའི་ཞིབ་འཇུག་གི་གཞུང་ལུགས་དང་ཞིབ་འཇུག་གི་ཐབས་ཤེས་སོགས་ཀྱི་ཐད་དུ་བཀའ་སློབ་གནད་དུ་སྨིན་པ་གནང་ཞིང་། འཆད་ཁྲིད་ཉན་པར་ཡོང་མཁན་གྱི་གྲས་སུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་སློབ་ཕུད། གཞན་ཡང་རྒྱལ་ཁབ་མི་རིགས་ཡིག་སྒྱུར་ཅུད་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས། བོད་ལྗོངས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་ཀྱི་ཞིབ་འཇུག་པ་དང་དགེ་རྒན་ཡང་ཡོད་པ་རེད། ཐེངས་འདིའི་འཆད་ཁྲིད་ཀྱིས་དགེ་སློབ་རྣམས་ཀྱི་ཤེས་རྒྱ་དང་ཞིབ་འཇུག་གི་མཐོང་རྒྱ་ཆེ་རུ་བཏང་བ་མ་ཟད། ཁོང་ཚོའི་རིག་གཞུང་ཞིབ་འཇུག་གི་ནུས་པའང་ཇེ་མཐོར་གཏོང་བར་ཕན་ནུས་གལ་ཆེན་ཐོན་ཞིང་། དགེ་སློབ་མང་ཆེ་བས་རྗེས་སུ་ད་དུང་ཁོང་དང་འདྲ་བའི་རྒྱལ་སྤྱིའི་གྲགས་ཅན་མཁས་དབང་གང་མང་འཆད་ཁྲིད་གནང་བར་གདན་འདྲེན་ཞུ་རྒྱུར་རེ་འདུན་འཆང་བཞིན་ཡོད་པ་རེད།
ཐེངས་འདིའི་འཆད་ཁྲིད་ཀྱི་ཁ་བྱང་ཁག་གཤམ་གསལ་ལྟར།
༡ ༼ཉེ་དུས་སུ་བོད་ནས་གསར་དུ་རྙེད་པའི་བོན་གྱི་ཡི་གེ་བྲིས་མ། ༽
༢ ༼ལྷ་བླ་མའི་བཀའ་གཙིགས་དང་འབྲེལ་བའི་བོན་གྱི་སྐོར།༽
༣ ༼བོད་དུ་རི་མཆོད་ཀྱི་འདུ་ཤེས།༽
༤ ༼བོད་ཀྱི་རིག་གནས་ནང་གི་གཏོ་ཆོག་དང་ཡིད་ཆེས།༽
༥  ༼རྫོགས་ཆེན་ཏེ་བོན་པོ་དང་རྙིང་མ་གཉིས་ཀས་ཐུན་མོང་དུ་སྤྱོད་པའི་མཚན་ཉིད་རིག་པའི་སློབ་སྟོན།༽
 ༦ ༼གཏམ་རྒྱུད་དང་ལོ་རྒྱུས་འདྲེས་པའི་བོད་ཀྱི་ལོ་རྒྱུས་འབྲི་ལུགས།༽
༧ ༼བོད་ཀྱི་ཆོས་ལུགས་རྣམས་སུ་ཡོད་པའི་རིས་མེད་ཀྱི་འདུ་ཤེས།༽ 
༨ ༼འབྲུག་ཡུལ་དུ་རྡོ་རྗེ་གླིང་པའམ་གཡུང་དྲུང་གླིང་པའི་མཛད་རྣམ།༽ བཅས་སོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག