ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་(Mexico)བོན་ཚོགས་སུ་མཛད་འཕྲིན་བསྐྱངས་པ།
༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་(Mexico)བོན་ཚོགས་སུ་མཛད་འཕྲིན་བསྐྱངས་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྱུང་གསས།] [ཟླ་ཚེས། 10-12-11] [ཀློག་གྲངས། ]

༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་(Mexico)བོན་ཚོགས་སུ་མཛད་འཕྲིན་བསྐྱངས་པ།

      ཕྱི་ལོ་༢༠༡༠ཕྱི་ཟླ་༡༡པའི་ཕྱི་ཚེས་༢༣་ཉིན་༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང་མཁན་རིན་པོ་ཆེ་ལུང་རྟོགས་བརྟན་པ་གཡུང་དྲུང་རྣམ་གཉིས་གཙོས་སྟོན་འཁོར་ལྷན་(France)རྒྱལ་ས་(Paris)ནས་མཁའ་ལམ་བརྒྱུད་(Mexico)བོན་ཚོགས་ཏེ་(www.garudamexico.org)ལ་ཆིབས་སྒྱུར་བསྐྱངས། བོན་ཚོགས་འདི་ཉིད་བླ་མ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེས་ཐོག་མར་ཕྱི་ལོ་༡༩༩༥ནས་དབུ་བཙུགས་ཏེ་༡༩༩༦ལོར་དངོས་སུ་ཡུལ་གྱི་ཁྲིམས་མཐུན་དེབ་སྐྱེལ་ཐུབ་པ་ཞིག་ཡིན་པ་དང་། དེ་ནས་བཟུང་ད་བར་(Mexico)ས་གནས་མི་འདྲ་བ་བཅུ་དགུ་ལ་ཁྱུང་རྫོང་ཞེས་པའི་མཚན་ཅན་བོན་གྱི་ཚོགས་སྡེ་བཅུ་དགུ་ཙམ་ཞིག་འཛུགས་སྐྲུན་དང་འཛིན་སྐྱོང་གནང་བཞིན་འདུག ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་(Mexico)བོན་ཚོགས་སུ་ད་རེས་ཕེབས་ཐེངས་གསུམ་པ་དེ་ཆགས་ཡོད་པ་མ་ཟད་སྐུ་ཡི་དགུང་གྲངས་ཀྱི་བབས་ལ་གཞིགས་ན་དཀའ་ཚེགས་ཆེ་བའི་འགྲུལ་བཞུད་རིང་ཤོས་ཞིག་ཀྱང་ཡིན་པ་རེད།

      ཡིན་ནའང་། འགྲོ་བའི་དོན་དུ་སངས་རྒྱས་སྐུ་མི་ཕངས། །ཞེས་པ་ལྟར་ད་རེས་ཆེད་ཕེབས་གནང་བའི་དགོས་དོན་གཙོ་བོ་ནི་སྤྱིར་འགྲོ་བའི་བདེ་རྩ་དང་སྒོས་སུ་བླ་མ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེས་གཙོར་བྱས་པའི་སློབ་ཕྲུག་སྟོང་ཕྲག་དུ་མའི་རེ་སྐུལ་ལྡོག་མེད་ཆེད་དང་། ཡང་སྒོས་སུ་རྒྱལ་བའི་བསྟན་པ་འདི་ཉིད་འཛམ་གླིང་གི་ཁྱོན་དུ་དར་ཞིང་རྒྱས་པའི་ཆེད་སོགས་དགོངས་པ་དགོས་གཞི་དུ་མར་གཟིགས་ཏེ་(Mexico)རུ་ཞབས་ཕེབས་པ་ཞིག་ཡིན་པ་རེད། དེ་ལྟར་༧ཡོངས་འཛིན་སྟོན་འཁོར་ལྷན་(Mexico)རྒྱལ་ས་རུ་ཕེབས་གྲུབ་མ་ཐག་བླ་མ་བསྟན་འཛིན་དབང་རྒྱལ་ཡབ་ཡུམ་སྲས་གསུམ་དང་། དགེ་བཤེས་བསྟན་འཛིན་ཡེ་ཤེས། ལྷ་རིས་སྐལ་བཟང་ཉི་མ་གཙོས་སློབ་འབངས་བཅུ་ཕྲག་གྲངས་ཀྱིས་དགའ་བསུ་དང་སྦྲགས་ཕེབས་སྣེ་དྲངས་ཏེ་དད་སྦྱིན་ལི་ཡུང་ནང་དུ་བསུ་བ་ཞུས།

གླིང་བཞི་ཉི་ཟླའི་འཁོར་འགྲོས་དང་མཚུངས་པའི། །
གང་གི་ཞབས་སེན་འོད་དཀར་རྒྱུ་འགྲུལ་ཟབ། །
ཕྱོགས་དང་མཚམས་མེད་གོ་ལའི་ཁྱོན་ཡོངས་སུ། །
ཐུགས་རྗེའི་འོད་ཟེར་འཛད་མེད་རྐྱོང་འདི་མཚར། །

      ཕྱི་ཚེས་༢༤ཉིན་སྟོན་འཁོར་ལྷན་སྐུ་ངལ་བསྟེན་ཞིང་བསྟན་འགྲོའི་མཛད་འཕྲིན་སྐོར་ལ་གསུང་གླེང་དང་དད་སྦྱིན་གྱི་ཁོར་ཡུག་ལ་འཚམས་གཟིགས་གནང་། ཕྱི་ཚེས་༢༥ཉིན་འདི་གའི་བོན་ཚོགས་ཀྱིས་ཇི་ལྟར་བཀོད་སྒྲིག་གནང་བ་བཞིན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ལ་མཐོ་རིམ་གྱི་གསར་འགོད་པའི་སྡེ་ཚན་ཁ་ཤས་ཀྱིས་ཆོས་ཕྱོགས་ནས་འཛམ་གླིང་ཞི་བདེ་སྒྲུབ་ཚུལ་ཐད་ཇི་ལྟར་བཅའ་འདྲི་ཞུས་པ་བཞིན་དང་ལེན་གནང་སྟེ་གསུང་གླེང་དང་བཀའ་སློབ་ལྷུག་སྩོལ་གནང་བ་ཁག་ཕྱི་ཚེ་༠༥ཉིན་(Mexico)རྒྱལ་ཡོངས་ཀྱི་གྲགས་ཅན་ཚག་ཤོག་ཁག་ནས་ཁྱབ་བསྒྲགས་དང་འགྲེམས་སྤེལ་གནང་བཞིན་འདུག དགོང་མོར་བོན་ཚོགས་ཀྱི་ལས་བྱེད་པ་ལྷན་གྱིས་གསོལ་སྟོན་དང་སྒྲ་དབྱངས་རོལ་མོའི་མཆོད་སྤྲིན་བཤམས་ཏེ་སྟོན་འཁོར་ལྷན་དགྱེས་བརྩེའི་དཔལ་ལ་རོལ་བའི་ཚུལ་མཛད། ཕྱི་ཚེས་༢༦ཉིན་སྔ་དྲོར་དད་སྦྱིན་ལི་ཡུང་བཟའ་མི་གཉིས་ཀྱིས་མི་ཚེ་འཆམ་མཐུན་ཡོང་བའི་རྟེན་འབྲེལ་ལེགས་སྨོན་ཞུས་པ་བཞིན་སྟོན་འཁོར་ལྷན་གྱིས་ཀུན་གསལ་བྱམས་མ་ཆེན་མོའི་གཡང་ལེན་གཡང་འགུག་དང་བཀྲ་ཤིས་སྨོན་ལམ་གྱི་སྒོ་ནས་མཛད་འཕྲིན་སྟབས་བདེ་བསྐྱངས། ཉིན་དེའི་དགོང་དྲོ་བཀའ་སློབ་ཞལ་གདམས་གྱི་མཛད་རིམ་དབུ་མ་ཚུགས་པའི་སྔོན་བླ་མ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ལ་འདི་གའི་བོན་ཚོགས་ཀྱི་ལས་བྱེད་མི་སྣ་རྣམས་ཀྱི་ལས་གནས་ངོ་སྤྲོད་དང་སྦྲགས་ལས་དོན་སྒྲུབ་ཚུལ་སྐོར་སྙན་གསན་ཕུལ་བ་ལྟར་རིན་པོ་ཆེ་མཆོག་གིས་ཐུགས་དགྱེས་བརྩེ་ཆེན་པོའི་སྒོ་ནས་འགན་འཛིན་ལྷན་རྒྱས་ལ་ཐུགས་རྗེ་ལེགས་གསོལ་དང་བཀའ་སློབ་ཞལ་གདམས་རིན་ཐང་ཆེ་བ་བསྩལ། དེ་རྗེས་སློབ་མ་ཁག་འདུ་འཛོམ་གནང་སའི་མགྲོན་ཁང་གི་བར་ཁང་ཆེན་མོའི་ནང་ཞབས་ཕེབས་ཏེ་དད་ལྡན་སློབ་མ་བདུན་བརྒྱ་ལྷག་ཙམ་ཞིག་ལ་བྱམས་སྙིང་རྗེ་དང་དགེ་སྒྲུབ་སྡིག་སྤོང་སོགས་ཀྱི་སྒོ་ནས་འཛམ་གླིང་དུ་ནང་སེམས་ཀྱི་ཞི་བདེ་སྒྲུབ་ཚུལ་སྐོར་གྱི་བཀའ་སློབ་རིན་ཐང་ཆེ་བ་བསྩལ། དེ་རྗེས་ཁྲིད་ཐུན་གཉིས་པའི་སྐབས་བླ་མ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་གིས་དད་ལྡན་འཁོར་སློབ་རྣམས་ལ་སེམས་ཀྱི་ཞི་བདེ་དེ་ཉིད་གང་ཟག་སྒེར་གྱི་ཉམས་སུ་ལེན་སྟངས་དང་འབྲེལ་བའི་བཀའ་སློབ་གནད་སྨིན་གནང་།

      ཕྱི་ཚེས་༢༧ཉིན་སྔ་དྲོར་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་དད་ལྡན་སློབ་མ་རྣམས་ལ་ཐོག་མར་བོན་གྱི་འཇུག་སྒོ་སྐྱབས་འགྲོ་སེམས་བསྐྱེད་ནས་དབུ་བཟུང་སྔོན་འགྲོའི་གོ་དོན་དང་། ངོ་བོ། ཐབས་ལམ། ཉམས་སུ་ལེན་སྟངས། དགེ་ཕན་སོགས་ཀྱི་སྙིང་དོན་མདོར་བསྡུས་དང་། དེ་ནས་འཁོར་འདས་རུ་ཤན་འབྱེད་པའི་ཐབས་ལམ་སྟེ་རྒྱས་གདབ་པ་དང་། རྩལ་སྦྱོང་བ། གཉན་བཙལ་བ། ལམ་དུ་ཞུགས་པ་བཅས་ཀྱི་སྒོ་ནས་སེམས་རྒྱུད་བོན་དང་འདྲེས་པར་བྱིན་གྱིས་བརླབས་པ་དང་ཁྲིད་གདམས་བཀའ་དྲིན་ཆེ་བ་བསྩལ། དེ་རྗེས་བླ་མ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེས་སེམས་འདུལ་གྱི་ཐབས་ལམ་ཧཱུྃ་སྦྱོང་གི་དམིགས་རིམ་དང་ལག་ལེན་བཅས་སློབ་སྟེ་སློབ་མ་རྣམས་ལ་བོན་གདམས་ཉམས་སུ་ལེན་ཚུལ་བཀའ་དྲིན་བསྐྱངས། དེ་རྗེས་འཚོགས་ཐུན་ཕྱི་མར་མཁན་རིན་པོ་ཆེ་ལུང་རྟོགས་བརྟན་པ་གཡུང་དྲུང་མཆོག་གིས་ཁྲིད་གདམས་དབུ་འཛུགས་གནང་སྟེ་ཀུན་བཟང་སྙིང་གི་ཐིག་ལེའི་ནང་ནས་འཁོར་འདས་རུ་ཤན་འབྱེད་སྟངས་སྐོར་རེ་རེ་བཞིན་ཞིབ་ཁྲིད་སྨར་བར་གནང་བ་དང་། དེ་བཞིན་བླ་མ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེས་སླར་ཡང་སེམས་འདུལ་ཧཱུྃ་སྦྱོང་གི་ཉམས་ལེན་གནང་ཚུལ་བཀའ་དྲིན་བསྐྱངས།

ལུང་རྟོགས་བཤད་སྒྲུབ་འཁོར་ལོ་ས་ཆེན་འདིར།།
རྣམ་པར་སྒྱུར་བའི་ཕྲིན་ལས་འོད་ཀྱི་ཆར།།
འགྲོ་བའི་ཡིད་ཀྱི་གསོས་སུ་སྨིན་པའི་ཚེ།།
དགའ་བདེའི་སྙེ་མ་ཕྱོགས་བཅུ་ཀུན་ནས་དུད།།

      ཕྱི་ཚེས་༢༨ཉིན་གྱི་ཞོག་ཀ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་བོན་ཚོགས་འདིའི་གཙོ་གནད་མི་སྣ་ང་བཅུ་ལྷག་ཙམ་ཞིག་ལ་ཀུན་གསལ་བྱམས་མ་ཆེན་མོའི་བསྔགས་བསྟོད་དང་། སྙིང་པོ་རྣམ་གསུམ། ཡི་གེ་བརྒྱ་པ་བཅས་ཀྱི་ལྗགས་ལུང་དང་ཟབ་གདམས་སྙིང་བསྡུས་བཀའ་དྲིན་བསྐྱངས། དེ་རྗེས་མཁན་རིན་པོ་ཆེ་མཆོག་དང་བླ་མ་བསྟན་འཛིན་དབང་རྒྱལ་རྣམ་གཉིས་ཚོགས་ཁང་ཆེན་མོའི་ནང་ཞབས་ཕེབས་ཏེ་རིམ་བཞིན་སྔར་ཉིན་བཞིན་བོན་གདམ་བཀའ་དྲིན་ཆེ་བ་བསྩལ། ཉིན་གུང་རྗེས་ལ་སླར་ཡང་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ཚོགས་ཁང་ཆེན་མོའི་ནང་ཆིབས་ཞལ་བསྒྱུར་ཏེ་དད་ལྡན་སློབ་མ་རྣམས་ལ་དངོས་གཞི་སེམས་འཛིན་དང་། ངོ་སྤྲོད་ཀྱི་གདམས་ཁྲིད་གནད་སྨིན་བསྩལ་བ་མ་ཟད་ཟབ་གདམས་འདི་ཉིད་མི་ཚེ་དང་འབྲེལ་བའི་སྒོ་ནས་མུ་མཐུད་རྒྱུན་སྐྱོང་གནང་དགོས་པའི་འབོད་སྐུལ་དང་སྦྲགས་ཉིན་གསུམ་རིང་(Mexico)དང་ཨ་རི་སོགས་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་སློབ་མ་རྣམས་ལ་བོན་གྱི་གདམས་པའི་འབྲེལ་བཞག་གནང་། མཇུག་སྡོམ་སྐབས་སུ་བླ་མ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེས་ཁོང་གི་མི་ཚེའི་རྒྱུད་རིམ་དང་འབྲེལ་བའི་སེམས་ཚོར་ཟབ་མོ་གླེང་སློང་གནང་སྟེ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་སྐུ་གམ་དུ་གཙོ་འཁོར་བདུན་བརྒྱ་ལྷག་དགའ་སྐྱོ་འདྲེས་མའི་སྒོ་ནས་མིག་གི་ཐིགས་ཕྲེང་ས་ལ་བཞུར་བཞིན་ཐུགས་རྗེ་ལེགས་གསོལ་དང་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་སྨོན་ལམ་ཞུས་ཏེ་རྒྱལ་ཁའི་ངང་མཇུག་གྲུབ་པའོ།།

འཁོར་ལོ་གསུམ་གྱི་མཛད་འཕྲིན་འོད་དཀར་གྱིས། །
ཆགས་སྡང་རྨོངས་པའི་དྲྭ་བ་རབ་དཀྲིགས་པའི། །
སྐྱེ་འགྲོའི་སྡུག་བསྔལ་མུན་པ་བསལ་བྱས་ཏེ། །
འཛམ་གླིང་ཞི་བདེའི་སྣང་བ་རྒྱས་གྱུར་ཅིག །

ཁྱུང་གསས་པས་དད་སྦྱིན་ལི་ཡུང་ནང་དུ་བྲིས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག