༄༅།། ཁྱུང་ཡུལ་སྤུ་རྒྱལ་ཁུལ་དུ་ཐེངས་གཉིས་པའི་སྤྱི་རིམ་སྨན་སྒྲུབ་ཆེན་མོ་གཟབ་རྒྱས་ངང་འཚོགས་པའི་སྐོར།
སྨན་སྒྲུབ་ཆེན་མོར་དངོས་བཞུགས་ཀྱི་བླ་སྤྲུལ་རྣམ་པ་ལྷན་འཛོམས་ཀྱི་འདྲ་པར།
༧རྒྱལ་བ་གཤེན་གྱི་གདུང་འཛིན་རིན་པོ་ཆེ་སྐུ་དངོས་ཕེབས་པ།
༧སྐྱེས་ཆེན་བླ་སྤྲུལ་ཁག
༧གཤེན་རིན་པོ་ཆེ་གཙོས་བླ་སྤྲུལ་གོང་མ་རྣམ་པ།
དད་ལྡན་དམངས་ཚོགས་ཀྱིས་བླ་སྤྲུལ་ཁག་མཇལ་ཁ་ཞུ་བཞིན་པ།
སྤྱི་ལོ་༢༠༡༠ལོའི་ཟླ་བ་༩པའི་ཚེས་༡༢ཉིན་ག་ཐ་གཡུ་མཚོ་དགོན་དུ་ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་དགོན་སྡེ་བཅུ་གསུམ་གྱི་བླ་གྲྭ་བརྒྱ་དང་ལྔ་བཅུ་ལྷན་འཛོམས་ཀྱིས་སྤུ་རྒྱལ་ཁུལ་གྱི་ཐེངས་གཉིས་པའི་སྤྱི་རིམ་སྨན་སྒྲུབ་ཆེན་མོ་གཟབ་རྒྱས་ངང་འཚོགས་པ་སྟེ། ཉིན་བཅུ་དགུའི་རིང་ཡི་དམ་ཕུར་པའི་ལས་མཐའ་ཆ་ཚང་དང་བོན་སྐྱོང་མ་བདུད་བཙན་གསུམ་ལ་འབུམ་ཚོགས་རྒྱས་འབུལ་དང་། བྱམས་མའི་སྔགས་བསྟོད་འབུམ་ཕྲག་གསུམ་གསུངས་ཤིང་། རྒྱལ་རིགས་གཤེན་གྱི་གདུང་སྲས་གཡུང་དྲུང་རང་གྲོལ་ཉི་མ་རིན་པོ་ཆེའི་གསེར་ཞལ་མཐོང་བ་དོན་ལྡན་ཁུལ་དེར་དངོས་སུ་གདན་དྲངས་ཏེ་ཁོང་གཙོས་པའི་བླ་སྤྲུལ་དགེ་བཤེས་ཉི་ཤུ་ལྷག་གིས་དེར་འདུས་སྐལ་ལྡན་ཡོངས་ལ་ཡི་དམ་ཕུར་པའི་བཀའ་དབང་རྒྱས་པ་བསྩལ། དེ་ནས་གཡུ་མཚོ་དགོན་པའི་གསས་ཁང་ལེགས་གྲུབ་བྱུང་བའི་དགའ་སྟོན་དང་སྦྲགས་སྤུ་རྒྱལ་ཤེས་རིག་སྒྱུ་རྩལ་དུས་སྟོན་ཞེས་པ་ཉིན་གསུམ་རིང་བཏང་བའི་རིང་ལ། སྤྱིར་བོད་རིགས་སྤྱི་དང་སྒོས་སུ་ཁུལ་དེའི་ཁྱད་ཆོས་ལྡན་པའི་རྟ་རྒྱུགས་ཤེད་འགྲན་གྱི་རྩེད་འཇོ་ཅི་རིགས་དང་། གྲགས་ཅན་གླུུ་བ་དང་གཞས་མ་ཁག་ཅིག་གིས་ཐོག་དྲངས་ཏེ་ལུས་ཀྱི་སྒོར་བྲོ་དང་ངག་གི་གླུ་གཞས་སོགས་སྒྱུ་རྩལ་གྱི་བྱེད་སྒོ་ཤིན་ཏུ་འཁྲུག་པོ་ཞིག་སྤེལ་ཏེ་ལྷ་མི་གྲངས་ལས་འདས་པར་འདོད་ཡོན་གྱི་མཆོད་པའམ་དགའ་སྟོན་གྱ་ནོམ་པ་ཞིག་བཤམས་མཐར་བྱིན་ཆགས་པའི་བཀྲ་ཤིས་སྤྱི་བྲོ་ཞིག་གིས་ལོ་འདིའི་བྱེད་སྒོའི་མཇུག་ཡོངས་སུ་སྒྲིལ་བའོ། །
སྤྱི་རིམ་འདིའི་དམིགས་ཡུལ་དང་འབོད་སྐུལ།
སྤྱི་རིམ་ཆེན་མོ་འདིའི་དམིགས་ཡུལ་ནི་སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། སྒོས་སུ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་ཀྱི་གཙོས་པའི་དོན་དངོས་ཀྱིས་རྒྱལ་བའི་བསྟན་ལ་ལྷག་བསམ་དུང་ལྟར་དཀར་བའི་བླ་སྤྲུལ་སྐྱེས་ཆེན་ཡོད་དོ་ཅོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་མཛད་ཕྲིན་གེགས་མེད་དུ་འགྲུབ་པ་དང་། ཡང་སྒོས་སུ་དགོན་སྡེ་ཕན་ཚུན་དང་། ཡུལ་ལུང་ཕན་ཚུན་དབར་ལ་མཐུན་སྒྲིལ་ཡོང་ཆེད་དང་ཉམས་མྱོང་སྤེལ་རེས་བྱ་ཕྱིར་སོགས་མདོར་ན་ཐུན་མོང་ཐོག་ལེགས་པའི་ཆ་ལ་ཁ་ཕྱོགས་རྒྱུ་ནི་ང་ཚོའི་མཉམ་ལས་ཀྱི་དམིགས་འདུན་ཡིན་པས། མ་འོངས་པར་ཡང་ས་ཆ་ལྟོས་མེད་ཀྱི་དགོན་སྡེ་དང་རི་ཁྲོད་ལ་སོགས་གང་ཞིག་ཡོད་རུང་ང་ཚོའི་སྨན་སྒྲུབ་ཀྱི་འདུ་འཚོགས་འདིའི་ནང་དུ་ཞུགས་རྒྱུར་སྙིང་ཐག་པ་ནས་དགའ་བསུ་དང་རེ་སྒུག་ཞུ་བཞིན་ཡོད་པ་བཅས་སོ། །
སྤུ་རྒྱལ་ཤེས་རིག་སྒྱུ་རྩལ་ཁང་ནས།