ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> རྒྱའི་སྐད་ཡིག་ཐོག་བོན་གྱི་ཐ་སྙད་གཏན་འབེབ་ཀྱི་གསལ་བསྒྲགས།
རྒྱའི་སྐད་ཡིག་ཐོག་བོན་གྱི་ཐ་སྙད་གཏན་འབེབ་ཀྱི་གསལ་བསྒྲགས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་བཤེས་བསྟན་འཛིན་འབྲུག་གྲགས།] [ཟླ་ཚེས། 10-12-14] [ཀློག་གྲངས། ]

རྒྱའི་སྐད་ཡིག་ཐོག་བོན་གྱི་ཐ་སྙད་གཏན་འབེབ་ཀྱི་གསལ་བསྒྲགས།
         ༢༠༡༠ལོའི་ཟླ་༡༢ཚེས་༡ནས་ཚེས་བཞི་བར་ཉིན་བཞིའི་རིང་། བོད་ཀྱི་མདོ་དབུས་ཁམས་གསུམ་དང་རྒྱ་ནག་ནང་ཁུལ་ནས་བོན་གྱི་ཆེད་ལས་མཁས་པ་ཉི་ཤུ་ཡས་མན་བགྲོ་གླེང་དང་དག་ཐེར་བྱས་ནས་རྒྱའི་སྐད་ཡིག་ཐོག་བོན་གྱི་ཐ་སྙད་གཏན་འབེབས་ཀྱི་ཚོགས་ཐེངས་དང་པོ་དེ་རྒྱ་ནག་ཁྲི་འདུ་གྲོང་ཁྱེར་ལ་བསྐང་ཚོགས་བྱས། རྒྱལ་སྤྱི་དང་རྒྱལ་ནང་གང་སར་བོད་ཀྱི་མེས་པོའི་རིག་གཞུང་དང་། ལོ་རྒྱུས། ཆོས་ལུགས་བཅས་ཀྱི་སྐོར་ལ་ཆུ་འགོ་གངས་བཏུགས་ཀྱི་ལོ་རྒྱུས་ཡ་ཐོག་གི་ཞང་ཞུང་དང་བོན་གྱི་ལོ་རྒྱུས་ལ་སྔར་ལས་ལྷག་པའི་དོ་སྣང་དང་། བགྲོ་གླེང་། ཞིབ་འཇུག་སོགས་བྱེད་པའི་དུས་འདིར། བོན་གྱི་ཐ་སྙད་དེ་དག་མི་རིགས་གཞན་གྱི་སྐད་ཡིག་ཏུ་བསྒྱུར་སྐབས་དེ་སྔོན་གཏན་འབེབ་བྱས་པའི་ལོ་རྒྱུས་ཡིག་རིགས་ཅུང་དཀོན་པར་བརྟེན། དུས་རྒྱུན་དཀའ་ངལ་འཕྲད་ཆེ་བ་དབྱིན་ཡིག་དང་རྒྱ་ཡིག་ཐོག་བོན་གྱི་ཐ་སྙད་བསྒྱུར་དུས་དེ་དག་མིང་དོན་འཆུག་པ་དང་ནོར་བ། གོ་བ་ལོག་པ། ཐ་ན་མིང་གཅིག་ལ་ཐ་སྙད་འབྲི་ཚུལ་མི་འདྲ་བ་དུ་མ་ཞིག་ཐོན་ཏེ་རྒྱ་ཆེའི་ཀློག་པ་རྣམས་དང་། ཞིབ་འཇུག་དང་ཆེད་ལས་པ་ཀུན་ལ་ཐ་སྙད་གཅིག་གྱུར་མེད་པའི་རྐྱེན་གྱིས་དཀའ་ངལ་དུ་མ་ཞིག་འཕྲད་དང་འཕྲད་མུས་ཡིན། ལྷག་པར་དུ་དེང་སྐབས་རྒྱལ་ཕྱི་ནང་གང་སའི་མི་རིགས་གཞན་པའི་བོན་གྱི་དད་ལྡན་མང་ཚོགས་ལ་དཀའ་ངལ་འཕྲད་པའི་དགོས་པ་དེ་དག་ལ་དམིགས་ཏེ་ད་ལན་ཐེངས་དང་པོའི་བོན་གྱི་ཐ་སྙད་རྒྱའི་སྐད་ཡིག་ཐོག་གཏན་འབེབ་བཟོ་ཆེད་བོན་གྱི་ཆེད་ལས་མཁས་མང་རྣམས་མིག་རྒྱང་རིང་པོའི་ཕུག་བསམ་ཐུགས་དབུས་སུ་འཛིན་ཏེ་ངལ་བ་དང་ལེན་གྱི་སྒོ་ནས་སོ་སོའི་རྣམ་དཔྱོད་ཀྱི་ལྡེ་མིག་བཟུང་ནས་བོན་གྱི་ཐ་སྙད་གལ་ཆེན་རིགས་གཅིག་སྔོན་འགྲོ་གོམ་པ་དང་པོའི་ཚུལ་དུ་གཏན་འབེབ་བྱས་པ་རེད། དཔེར་ན་ཐ་སྙད་གོ་དོན་གཞི་རྒྱ་ཆེ་བ་བོན་དང་། གཡུང་དྲུང་ལྟ་བུའི་རིགས་ལ་ཐ་སྙད་རང་སོར་བཞག་པ་ལས་དེ་དག་གི་གོ་དོན་ལྡན་པའི་རྒྱ་སྐད་མེད་པར་བརྟེན་དོན་བསྒྱུར་སོགས་བྱས་མེད། 
       གཏན་འབེབས་ཟིན་པའི་རྐང་ལམ་ཕྲ་མོ་འདི་ནི་མི་བརྒྱ་ངག་གཅིག་གི་ལམ་བུ་དང་། ཆུ་བརྒྱ་ཟམ་འོག་ཏུ་བགྲོད་པའི་ལམ་བུ་ཞིག་ཀྱང་ཡིན། དེས་ན་བོན་གྱི་ལོ་རྒྱུས་ལ་དོ་སྣང་དང་ཐུགས་སྣང་དཀར་བའི་རྩོམ་སྒྲིག་པ་དང་། ཞིབ་འཇུག་པ། སློབ་གཉེར་བ། ཉམས་ལེན་པ་སུ་ཡིན་རུང་། བོན་གྱི་སྐོར་རྒྱའི་སྐད་ཡིག་ཐོག་ཕབ་བསྒྱུར་དང་རྩོམ་འབྲི་སོགས་གནང་དུས་གཏན་འབེབས་ཟིན་པའི་ཐ་སྙད་འདི་དག་ངེས་པར་དུ་ཁྱེད་ཀྱིས་བེད་སྤྱོད་གནང་རོགས་ལ། ཐ་སྙད་གཅིག་གྱུར་ཡོང་ཆེད་སྐུ་ཉིད་ཀྱི་གྲོགས་པོ་རྣམས་ལ་དེ་བཞིན་འབོད་བསྐུལ་གནང་རོགས་ཞུ་རྒྱུ། གལ་སྲིད་གང་ཟག་ཆེ་གེ་མོ་ཞིག་སྤྱི་ཚོགས་ཐུན་མོང་གི་བགྲོད་ལམ་ལ་མ་ཕྱིན་གྲོགས་མེད་ཁེར་རྐྱང་གི་ལམ་ལ་ཕྱིན་ན། བོད་ཀྱི་གཏམ་དཔེར། “བྱ་བརྒྱ་ཁ་ཤར་བསྟན་དུས། སྒམ་ཁྱེར་ཕ་བོང་ཨ་ཀེ་ཁ་ནུབ་ཏུ་བལྟ”ཞེས་པའི་དཔེ་ཟླར་འགྱུར་སྲིད།
ད་ལན་རྒྱའི་སྐད་ཡིག་ཐོག་གཏན་འབེབས་བྱས་པའི་བོན་གྱི་ཐ་སྙད་ཟིན་བྲིས་དེ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་གཟིགས་བདེ་བའི་ཆེད་དུ་ཁོ་བོས་དང་པོ་ཐ་སྙད་གང་ཡིན། དེ་ནས་སྒྲ་བསྒྱུར་དང་དོན་བསྒྱུར་སོ་སོར་སྐྱར་བཤུ་བྱས་ནས་རེའུ་མིག་ཏུ་བཀོད་ཡོད་ཀྱང་། རེའུ་མིག་དེ་ཐད་ཀར་དྲ་བའི་ནང་འཇོག་མི་ཐུབ་པར་བརྟེན་ PDF ལ་བསྒྱུར་ནས་ཧི་མ་ལ་ཡའི་བོན་གྱི་དྲ་བའི་དཔྱད་གླེང་གི་སྡེ་ཚན་ནང་གསེས་རྩོམ་བསྒྱུར་གྱི་ནང་དུ་བཀོད་ཡོད་པས་ཁྱེད་ཀྱིས་དེ་བཞིན་དྲ་ཚིགས་ཐོག་ཕེབས་ནས་གཟིགས་རྒྱུ་རེ་སྨོན་དང་བཅས།
འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་ལྷ་ལྡན་ཉི་འོད་གྲོང་ནས་བསྒྲགས།
 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག