ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> གཡུང་དྲུང་བོན་གྱི་བཀའ་ལུང་གནང་རྒྱུའི་གསལ་བརྡ།
གཡུང་དྲུང་བོན་གྱི་བཀའ་ལུང་གནང་རྒྱུའི་གསལ་བརྡ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བཤད་སྒྲུབ་འདུས་སྡེའི་ཡིག་ཚང་ནས།] [ཟླ་ཚེས། 10-12-15] [ཀློག་གྲངས། ]

  

  རང་དོན་དུ་ཐོས་བསམ་སྒོམ་པ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་ཞིང་སྐྱོང་བ་ནི་འཛམ་གླིང་ཞི་བདེ་དང་། སྐྱེ་འགྲོའི་བདེ་སྐྱིད་ཀྱི་རྩ་བ་ཡིན་ཞིང་། དེ་ཡང་སངས་རྒྱས་ཀྱི་གོ་འཕང་དང་ས་ལམ་གྱི་ཡོན་ཏན་རྣམས་ཀྱང་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་བསླབ་པ་གསུམ་གྱི་ཡོན་ཏན་གང་ཟག་རང་རང་གི་རྒྱུད་ལ་སྐྱེས་པ་ལས་བྱུང་བ་ཡིན་ལ། སངས་རྒྱས་ཀྱི་བསྟན་པ་དར་མ་དར་ཡང་གདུལ་བྱའི་སེམས་རྒྱུད་ལ་རྟོགས་པའི་བསྟན་པ་འཕོས་མ་འཕོས་ལ་འཇོག་པ་ལས་བཀའ་བརྟེན་འགྱུར་བཤམ་རྒྱུ་ཡོད་མེད་དང་། ལྷ་ཁང་རྫིག་པོ་དང་མཆོད་རྟེན་ཆེན་པོ་ཡོད་མེད་ལ་ངོས་འཛིན་བྱ་སྲོལ་མེད། དེ་ལྟར་གྱི་བསྟན་པ་རིན་པོ་ཆེའི་ཡོན་ཏན་ནམ་བྱིན་རླབས་གང་ཟག་གདུལ་བྱའི་རྒྱུད་ལ་སྐྱེ་བ་ལ་ཁྲིད་ལུང་དབང་གསུམ་ལ་རག་ལས་ཤིང་། ཁྲིད་ལུང་དབང་གསུམ་གྱི་རྒྱུད་པ་གང་ཡང་མེད་པར་ཟོག་པོས་འུར་ཁྲིད་དང་། ཐ་སྙད་ཀྱི་ཚིག་ཁྲིད་སོགས་ཇི་ལྟར་བྱས་ཀྱང་འཆད་མཁན་དང་ཞུ་མཁན་གཉིས་ཀ་ངལ་བའི་རྒྱུ་ལས་བྱིན་རླབས་ཀྱི་ཕན་ཡོན་འབྱུང་མི་ནུས་པ་ནི། རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་ཞལ་ནས། དེ་ལ་ཚིག་གི་རྒྱུད་པ་མེད་ན་བདག་བྱེད་ཀྱི་ནོར་སྟོར་བའམ་བདག་མེད་ཀྱི་ནོར་དང་འདྲ། དཔེ་ཡི་རྒྱུད་པ་མེད་ན་མི་ལོང་བའི་ལག་ཏུ་རྫས་ཁྲ་བོ་གཏད་པ་དང་འདྲ། དོན་གྱི་བརྒྱུད་པ་མེད་ན་གླང་ཆེན་སྐོམ་པའི་སྨིག་རྒྱུ་སྙོག་པ་དང་འདྲ། བྱིན་རླབས་ཀྱི་རྒྱུད་པ་མེད་ན་དབུལ་པོ་ཕྱུག་པོར་ཁས་ལེན་བྱེད་པ་དང་འདྲ། སྤྱོད་པའི་རྒྱུད་པ་མེད་ན་གསེར་ས་འོག་ཏུ་ལུས་པ་དང་འདྲ། ཞེས་གསུངས་པ་ལྟར་ཡིན་པས་ན་བཀའ་རྒྱུད་གང་ཞིག་ལ་ཐོས་བསམ་བྱས་ཀྱང་བླ་མ་བརྒྱུད་པའི་བྱིན་རླབས་མེད་ན་སེམས་རྒྱུད་ལ་ཕན་ཐོགས་འབྱུང་བ་དཀའ་བས་ན་གཞུང་གང་ལ་འཆད་སྦྱོང་བྱེད་ཚེ་རབ་བྱུང་ན་གོང་མའི་ཁྲིད་རྒྱུན་དང་། དེ་མིན་ནའང་ལུང་རྒྱུན་ཙམ་མེད་ཐབས་མེད་པ་ཡིན་པས་ན། སྔོན་གྱི་དུས་སུ་ཡང་གྲྭ་སའི་མཁན་སློབ་འཕོ་མཚམས་དང་། དེ་མིན་དམིགས་བསལ་གྱི་དུས་འགར་བླ་མ་གོང་མ་རྣམ་པས་ཁྲིད་ལུང་དབང་གསུམ་གྱི་བསྟན་པ་རྗེས་བཞག་མཛད་པའི་སྲོལ་བཟང་ཡོད་པ་བཞིན། དེང་གི་དུས་འདིར་ཡང་རྣམ་མཁྱེན་རྒྱལ་བ་གཤེན་རབ་ཀྱི་རྒྱལ་ཚབ་གཉིས་པ་ལྟ་བུའི་བཀའ་དྲིན་ཅན་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱིས་རྒྱ་བལ་གྱི་ཡུལ་གྲུ་རྣམས་སུ་ཞྭ་དཀར་བསྟན་པའི་མེ་ཆེན་སྤར་ཏེ་མདོ་སྔགས་རྫོགས་གསུམ་གྱི་བསྟན་པ་རིན་པོ་ཆེའི་ཁྲིད་ལུང་དབང་གསུམ་གྱི་བརྒྱུད་རིམ་སྐལ་ལྡན་སྟོང་ཕྲག་དུ་མའི་རྒྱུད་ལ་སྤེལ་ཏེ་རྒྱལ་བ་གཤེན་གྱི་བསྟན་པའི་ཉི་མ་ནམ་ཡང་ནུབ་པ་མེད་པའི་མཛད་བཟང་བསྐྱངས་དང་སྐྱོང་བཞིན་པ་ཡིན། དེ་ལས་མདོ་སྔགས་རྫོགས་གསུམ་གྱི་ཁྲིད་ལུང་གི་བརྒྱུད་རིམ་མང་དག་ཅིག་བཤད་སྒྲུབ་འདུས་སྡེའི་སློབ་ཚན་གྱི་གྲལ་ནས་ཐོབ་པ་ཡིན་ཡང་། དེ་མིན་གྱི་གཞུང་ཟབ་མོ་དུ་མ་ཞིག་གི་ཁྲིད་ལུང་གི་བརྒྱུད་རིམ་ཡོད་མཁན་ཤིན་ཏུ་དཀོན་པོར་གྱུར་ཏེ་ཆད་ལ་ཉེ་བའི་དུས་མཚམས་སུ་སླེབས་པ་དང་། ལྷག་པར་དུ་དེང་གི་དུས་སུ་ཁྲིད་རྒྱུན་ཕར་བཞག་ལུང་རྒྱུན་ཙམ་ཡང་མེད་པར་གཞུང་ཟབ་མོ་རྣམས་ལ་འཆད་ཁྲིད་ཀྱི་ཁུལ་འཛིན་པ་མང་བས་འདི་དག་མུ་མཐུད་རྒྱུན་འབྱམས་སུ་སོང་ན་དབང་ལུང་ཁྲིད་གསུམ་གྱི་བརྒྱུད་རིམ་སྟོང་པའི་ཉེན་ཁ་ཆེ་བར་བརྟེན་ཁྲིད་ལུང་གི་བརྒྱུད་པ་མི་ཉམས་སླར་གསོའི་ཆེད་འདི་ལོར་དམིགས་བསལ་དུ་ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་སྤྱི་ལོ་༢༠༡༠།༡༢།༢༥བོད་ཟླ་བཅུ་གཅིག་སྔ་མའི་བོད་ཚེས་༢༠་ནས་འགོ་བཟུང་སྟེ་སྔགས་དང་རྫོགས་ཆེན་གྱི་ལུང་རྒྱུན་དཀོན་རིགས་རྣམས་ཀྱི་ལྗགས་ལུང་གནང་རྒྱུའི་འཆར་གཞི་ལྟར་༧གཡུང་དྲུང་བོན་གྱི་ཡོངས་རྫོགས་བསྟན་པའི་མངའ་བདག་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་གཙོས་པའི་མཁན་སློབ་དགེ་བཤེས་རྣམས་ཀྱིས་བདུན་ཕྲག་གསུམ་ཙམ་གྱི་རིང་ལ་ལྗགས་ལུང་བཀའ་དྲིན་བསྩལ་རྒྱུའི་གསལ་བརྡ་རུ་རྒྱལ་ཕྱི་ནང་དུ་བཞུགས་པའི་བོན་འབངས་སེར་སྐྱ་ཀུན་གྱིས་མདུན་སར་ཕུལ་བའོ།། །།

འབྲེལ་བ་གནང་ཡུལ།
ཁ་པར་ཨང་། 977-1-4890229 =9851016238 =9808182133
མྱུར་འཕྲིན། triten@wlink.com.np

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་བཅུ་དྲུག་པའི་བཤད་སྒྲུབ་འདུས་སྡེའི་ཡིག་ཚང་ནས་སྤྱི་ལོ་༢༠༡༠ཟླ་༡༢ཚེས་༡༠ཉིན།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག