དེ་ཡང་ཇི་སྐད་དུ། ཕྲག་དོག་དབང་གིས་ཕ་རོལ་ཡོན་ཏན་སྨད། །འདོད་ཆགས་དབང་གིས་འཁོར་བའི་གནས་སུ་འཁྱམས། །ཞེས་ཚིགས་བཅད་ཀྱིས་མདུན་བསུས་ཏེ་གླེང་བ་ལ། དུས་རབས་ལ་ཁ་ཕྱོགས་པའི་ཚུལ་བཟུང་སྟེ་ངེད་གྲྭ་རྐྱང་རེ་གཉིས་ནས་གཙོ་བོར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཁྱབ་སྤེལ་དང་བརྒྱུད་བསྒྲགས་ཀྱི་དམིགས་ཡུལ་གཙོར་བཟུང་ནས་༼ཧི་མ་ལ་ཡའི་བོན༽ཅེས་པའི་དྲ་ཚིགས་འདི་ཉིད་བཟོས་ཏེ། འཛམ་གླིང་ཡུལ་གྲུ་ཀུན་ཏུ་བཞུགས་པའི་གཡུང་དྲུང་བོན་བསྟན་གྱི་རིག་གཞུང་དང་ལོ་རྒྱུས། འཕྲིན་གསར་སོགས་ལ་ཞིབ་འཇུག་དང་རྒྱུས་ལོན་བྱེད་འདོད་མཁན་དག་ལ་སྟབས་བདེ་ཡོང་བའི་ཆེད་དུ་སྤུན་ཟླ་ཚང་མའི་སྤྱན་ལམ་དུ་བསྟར་ཏེ། ངེད་དྲ་ཚིགས་གཙོ་སྒྲུབ་པས་ཀྱང་རང་ནུས་ཅི་ལྕོགས་ཀྱིས་ཉིན་རེ་བཞིན་དོ་དམ་བྱེད་པ་དང་དེ་བཞིན་བོན་དང་འབྲེལ་བའི་རྩོམ་ཡིག་སོགས་འཚོལ་བསྡུ་སོགས་བྱས་ཏེ་རྒྱ་ཆེ་བའི་དྲ་ཚིགས་ཀློག་པ་པོ་དག་ལ་ཞབས་འདེགས་ཀྱི་བྱ་བར་སྒྲུབ་དང་སྒྲུབ་བཞིན་ཡོད་མོད། དེ་ལ་བྱ་བ་འདིར་ཡིད་མ་རངས་པའི་ཚུལ་གྱིས་མི་ལ་ཤས་ནས་ང་ཚོ་བོན་པོ་སྤྱི་ལ་དབང་བའི་དྲ་ཚིགས་འདིའི་ནང་དུ་ཕྱོགས་ལྷུང་དང་ཕྲག་དོག་གིས་བསྟན་པ་ལ་དམའ་འབེབས་པའི་མཆན་གང་་མང་ཞིག་བཏབས་འདུག་པས། དེང་གི་ཆ་ལ་དྲ་ཚིགས་འདི་ཉིད་ཀྱིས་བསྟན་ལ་ཕན་པ་ལས་གནོད་པ་ཆེ་ཞེས་སྨྲ་མཁན་གང་མང་ཞིག་གིས་ངེད་དོ་དམ་པ་དག་ལ་དངོས་བརྒྱུད་གང་རུང་ནས་འབྲེལ་བ་བྱེད་མཁན་མང་བོ་ཞིག་བྱུང་ཡོད།
ང་ཚོས་ཀྱང་ཉིན་ལྟར་དོ་དམ་བྱས་ཏེ་མཆན་གང་མང་ཞིག་བསུབ་སྣོག་བྱས་པ་ཡིན་མོད། ད་དུང་དུས་ཚོད་དང་ལས་ཀ་ཙག་ཙིག་གི་རྐྱེན་པས་མཆན་གང་མང་ཞིག་ལ་དོ་དམ་ཡག་པོ་བྱུང་མ་སོང་བས་ངེད་དོ་དམ་མི་སྣ་གསུམ་ནས་ཆེད་དུ་སྐྱབས་གནས་དཀོན་མཆོག་བཞིའི་མདུན་སར་མཐོལ་བཤགས་ཕུལ་བ་ཡིན།
དོན་ལ་མཆན་གང་བྱུང་འདེབས་མཁན་ནི་མི་སྣ་རེ་གཉིས་རེད་འདུག་སྟེ་མི་གཅིག་གིས་མིང་དུ་མ་ཞིག་བེད་སྤྱོད་བཏང་སྟེ་མགོ་གཉིས་མའི་བྱ་སྤྱོད་སྤེལ་མཁན་རེ་འགའ་རེད་འདུག ངེད་དོ་དམ་པ་དག་ནས་མི་སྣ་སུ་ཡིན་མིན་དང་རྒྱལ་ཁབ་གང་དུ་གནས་མིན། ཡུལ་ལུང་གང་དང་གང་ཡིན། དང་ཐོག་མིང་དངོས་གཅིག་བཀོད་མཁན་ཞིག་ཡིན་ཚེ་ཁོང་གིས་མིང་རྫུན་མ་གང་འདྲ་བཀོད་ནས་མཆན་གང་བྱུང་བ་དག་ངེད་ཚོས་ལྷང་ངེར་ཤེས་ཀི་ཡོད་མོད། ང་ཚོས་ཁོང་ཚོའི་མིང་རྗེན་བཏོན་ན་སྟབས་བདེ་མི་འདུག་བསམ་ནས་དེ་རིང་བར་དུ་མི་འཇོག་ཀ་མེད་བྱུང་།
ཁ་སང་ངེད་དོ་དམ་པ་གསུམ་ཀས་གྲོས་བསྡུར་བྱས་ཏེ་མཆན་བུ་བཀོད་པ་ལ་ཞིབ་བཤེར་མ་བྱས་པར་དྲ་ངོས་སུ་འཆར་མི་ཐུབ་པར་བྱེད་རྒྱུའི་གྲོས་ཆོད་བྱས་ཏེ། དེ་རིང་༢༠༡༠ལོའི་ཟླ་༡༢པའི་ཚེས་༡༥་ཉིན་གྱི་ཉིན་གུང་ཆུ་ཚོད་བཅུ་གཅིག་སྟེང་ནས་མཆན་རྣམས་ངེད་དོ་དམ་པས་ཞིབ་བཤེར་མ་བྱས་པར་གཞན་དག་གིས་བལྟ་མི་ཐུབ་པའི་བྱ་བ་ལག་བསྟར་བྱས་པ་ཡིན།
རྗེས་ཕྱོགས་མཆན་འགོད་མཁན་དག་ནས་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ན་ཤིན་ཏུ་ལེགས། ང་ཚོས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
༼ཧི་མ་ལ་ཡའི་བོན༽དྲ་ཚིགས་ཀྱི་དོ་དམ་པས༢༠༡༠ལོའི་ཟླ༡༢ཚེས༡༥ཉིན་ལ་བསྒྲགས།