ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ལོ་འཁོར་བྲིས་རྒྱུགས་ཆེན་མོ་མཇུག་གྲུབ་པ།
༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ལོ་འཁོར་བྲིས་རྒྱུགས་ཆེན་མོ་མཇུག་གྲུབ་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་བཤེས་བསྟན་འཛིན་སྦྱིན་པ།] [ཟླ་ཚེས། 11-02-03] [ཀློག་གྲངས། ]


གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ།

      “གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང”གི་གཞི་རྩའི་སྒྲིག་ལམ་ལྟར་ལོ་བསྟར་བཞིན་བོད་ཟླ་བརྒྱད་པའི་ནང་གི་རྩོད་རྒྱུགས་ཆེན་མོ་དང་། བོད་ཟླ་བཅུ་པའི་ནང་གི་ཚད་མ་རིགས་སྒྲ་ཆེན་མོ་དང་། བོད་ཟླ་བཅུ་གཅིག་ནང་གི་བྲིས་རྒྱུགས་ཆེན་མོ་བཅས་ཀྱི་སྒོ་ནས་བཤད་སྒྲུབ་སློབ་ གཉེར་བ་རྣམས་ཀྱི་རིགས་ལམ་ལ་སྐུལ་ལྕག་དང་སློབ་སྦྱོང་གོང་འཕེལ་གཏོང་བའི་ཐབས་ལམ་ཇི་དགེ་འདོན་བཞིན་ཡོད་པ་མ་ཟད། ཚོགས་དང་འཆད་རར་ཞུགས་ཚད་དང་། དེ་བཞིན་རིག་གནས་དང་རྩ་གཞུང་འགྲེལ་བ་བཅས་ངག་རྒྱུགས། དཔེ་བརྗོད། ཤོག་ཁྲ་བཅས་དུས་ཐོག་ཏུ་འབུལ་ཐུབ་མིན་བཅས་ཀྱི་སྒོ་ནས་ལོ་རེའི་བརྒྱ་ཆའི་ཚད་གཞིའི་སྟེང་འཛིན་རིམ་གོང་འོག་འཕར་ཆག་གནང་བཞིན་ཡོད་པ་ནི། ཆེས་མཐོའི་སློབ་གླིང་ཁང་གང་ཞིག་གིས་ཤེས་ཡོན་དང་། སློབ་གསོ་གོང་འཕེལ་གཏོང་སྟངས་ཀྱི་ཚད་གཞི་འཛིན་ས་ལྟ་བུ་ཞིག་ཀྱང་ཡིན་པ་རེད། དེ་ལྟར”གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང”གི་ཚད་མའི་རིགས་སྒྲ་ཆེན་མོ་དང་རྩོད་རྒྱུགས་ཆེན་མོ་གཉིས་རིམ་བཞིན་ལེགས་གྲུབ་ཟིན་པ་དང་། བྲིས་རྒྱུགས་ཆེན་མོ་འདིར་འཛིན་རིམ་བཅུ་གསུམ་གྱི་རིམ་པ་ལྟར་རྒྱུགས་ཤོག་རྣམས་དཔོན་སློབ་རིན་པོ་ཆེ་དང་སྒྲུབ་མཁན་རིན་པོ་ཆེ་རྣམ་གཉིས་གཙོས་དགེ་རྒན་རྣམ་པས་ཚད་མཐུན་གྱི་སྒོ་ནས་གཏན་འབེབ་གནང་སྟེ།


 གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་རྣམ་པ།

      འདི་ལོའི་ལོ་འཁོར་གྱི་བྲིས་རྒྱུགས་ཆེན་མོ་དེ་ཉིད་ཕྱི་ཟླ་གཉིས་པའི་ཚེས་གཅིག་ཉིན་གྱི་ཞོགས་པ་འཁོར་དུས་དགུ་པ་ནས་དབུ་འཛུགས་ཞུས་ཏེ་སྔ་དྲོ་འཛིན་གྲྭ་རྒན་པ་རྣམས་དང་།


སྔགས་རྫོགས་འཛིན་གྲྭ་སོགས་འཛིན་རིམ་རྒན་པ་རྣམས་ཀྱིས་བྲིས་རྒྱུགས་གནང་བཞིན་པ།

ས་ལམ་འཛིན་གྲྭ་སོགས་འཛིན་རིམ་འོག་མ་རྣམས་ཀྱིས་བྲིས་རྒྱུགས་གནང་བཞིན་པ།

      ཕྱི་དྲོར་འཛིན་གྲྭ་གཞོན་པ་རྣམས་བྲིས་རྒྱུགས་བཏང་ནས་ཕྱི་དྲོའི་ཆུ་ཚོད་ལྔ་པའི་ཐོག་མཇུག་བསྡུ་ལེགས་གྲུབ་བྱུང་བའི་གནས་ཚུལ་མདོར་བསྡུས་སོ།། །།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག